གཙོ་ངོས།>> ཞིབ་འཇུག>>སྟག་ངར་གཡག་ངར།

རྩོམ་སྒྲིག་པ།ཡོང་ཁུངས། སྤེལ་དུས། ༢༠༡༤ལོའི་ཟླ་བ་༡༠ཚེས་༡༡ཉིན།

༄༅། །དགེ་བཤེས་ཉི་མ་ཕུན་ཚོགས་ཀྱི་ཆ་ལན།

          ཚང་མས་མཁྱེན་གསལ་ལྟར་ཉེ་ཆར་དགེ་བཤེས་ཉི་མ་ཕུན་ཚོགས་ཀྱིས་འཇང་དགུན་ཆོས་ཚོགས་ཆེན་མོའི་སྐབས་སུ་གནང་བའི་ཆོས་བཤད་ནང་དུ། བོན་པོ་ནང་པ་མ་རེད། དེ་ཚང་མས་ཤེས་ཀྱི་རེད། ཅེས་ནན་བཤད་བྱས་པའི་འོད་སྡེར་དེ་ས་ཕྱོགས་གང་སར་ཁྱབ་འདུག དེར་བརྟེན་བོན་གྱི་དད་ལྡན་ཚོས་གཙོས་པའི་རྒྱ་ཆེའི་མང་ཚོགས་སེམས་ཕམ་པའི་སྣང་ཚུལ་བྱུང་བ་མ་ཟད། དེ་འབྲེལ་གྱི་འཁང་ར་བྱེད་མཁན་ཤིན་ཏུ་མང་པོ་འདུག  དེར་བརྟེན་གུས་པའི་སེམས་སུ་དགེ་བཤེས་ཆེན་མོ་དེ་ཡིས་གསུངས་སྟངས་ལ་ལྟ་དུས།      ནང་དོན་རིག་པའི་རྩ་བའི་རྒྱུན་ཤེས་ཤིག་ལའང་རྨོངས་མེད་དམ་སྙམ་པའི་ཚོར་བ་ཐེ་ཚོམ་ཅན་ཞིག་བྱུང་བའི་མཚམས་དེར།   ཁོང་གི་ཁ་པར་ཨང་གྲངས་ཤིག་ཀྱང་རྙེད་བྱུང་བས་གུས་པས་ཁོང་ལ་དེ་རིང་ཁ་པར་ཞིག་བཏང་བ་སྟེ། ཨོ་རྒྱན་པད་མ་དང་།   དེ་བཞིན་རྗེ་ཙོང་ཁ་པ་ཆེན་པོ་སོགས་སྔོན་བྱོན་གྱི་སྐྱེས་ཆེན་རྣམ་པས་ཀྱང་དབྱེ་བ་འབྱེད་མེད་པ་ཞིག་ཁྱེད་ཀྱིས་འབྱེད་ཤེས་འདུག་པ་དེ་ངོ་མཚར་ཆེ་ལ།ཡང་གཅིག་བཤད་ན།  ད་ལྟར་བཞུགས་པའི་མཁས་དབང་ནམ་མཁའི་ནོར་བུ་སོགས་ཀྱིས་གསུངས་པ་བཞིན་རྣ་བ་

           བཀོག་ནས་རྐུབ་ལ་ལྷན་པ་བརྒྱབ་པའི་མཛད་འཕྲིན་ཞིག་ཁྱེད་ཀྱིས་བསྐྱངས་བ་དེ་ཆེས་ཐབས་རྡུགས་ཤིག་ཡིན་པ་མ་ཟད།  ཆོས་དད་རང་མོས་ཀྱི་བཅའ་ཁྲིམས་ཀྱི་རྩ་དོན་དང་འགལ་ལ། མི་རིགས་ཀྱི་མཐུན་སྒྲིལ་ལ་གནོད་པའི་བྱ་ངན་ཞིག་ཏུ་སྣང་ན་ཡང་།  ཁྱེད་ཀྱི་གསུང་དེའི་རྒྱབ་དཔུང་དུ་ཁུངས་བརྟན་ཞིང་ལུང་དང་རིགས་པས་ཕྱུག་པའི་ལྟ་ཚུལ་དང་གནས་ལུགས་ཁྱད་པར་ཅན་མངའ་བའི་སྒྲུབ་བྱེད་གསེར་འོད་འཕྲོ་བ་རེ་ཡོད་ན་སྔ་ཙམ་མཇལ་ཁ་གནང་རོགས་ཞེས་ཞུ་རྒྱུ་ནི་བདག་དང་བདག་འདྲ་བ་ཚོའི་རེ་བ་ཉག་ཅིག་ཡིན།  ཞེས་སོགས་སེམས་གཏིང་ལས་བརྡོལ་བའི་སྐད་ཆ་མང་པོ་ཞིག་ཞུས་པ་ན། ཁོང་གིས་དེ་ལྟར་མིན་ལུགས་དང་ཉིན་དེར་ངག་ནས་བཤད་ནོར་ཤོར་བ་ཙམ་ལས།    དོན་དུ་ཁོང་ལ་བན་བོན་གྱི་ཆགས་སྡང་ཅི་ཡང་མེད་པ་ནི་བླ་མ་དཀོན་མཆོག་གསུམ་ཚད་དུ་བཙུགས་ཆོག  དེའི་སྐོར་ལ་གསལ་བཤད་དམ་འགྱོད་བཤགས་ཀྱི་དོན་ལྡན་པའི་འོད་སྡེར་ཞིག་གང་མགྱོགས་ཁྲོམ་རའི་ཐོག་ཏུ་འགྲེམ་རྒྱུ་མ་ཟད། བོན་གྱི་དད་ལྡན་ཚོས་གཙོས་པའི་ད་ཐེངས་ཕོག་ཐུག་སོང་བའི་བོད་རིགས་སྤུན་ཟླ་ཡོངས་ལ་དགོངས་པ་མ་ཚོམས་ཞེས་ཞུ་བ་ དང་། དེ་བཞིན་རྗེས་སུ་བོན་གྱི་དགོན་སྡེ་ཆེན་མོ་གང་རུང་ཞིག་ནང་དགོངས་སེལ་ཞུ་བར་བཅར་ཡང་ཆོག    ཅེས་ཡང་ཡང་ཤོད་ཀྱི་འདུག་ཚུལ་ཁྱེད་ཀྱིས་གཞན་དག་ལ་གསུངས་རོགས་ཞེས་ནན་གྱིས་བདག་ལ་སྐུལ་བར་བརྟེན་གུས་པས་དེ་མ་ཐག་ཏུ་དོན་དེ་འདིར་བཀོད་པ་ཡིན་ནོ།།  མཚམས་འདིར་ཕྲན་གྱིས་རྒྱ་ཆེ་བའི་དྲ་གྲོགས་རྣམ་པར་ཞུ་རྒྱུར་མི་སུ་འདྲ་ཞིག་ཡིན་རུང་།ནོར་འཁྲུལ་ཤོར་མ་མྱོང་བ་མེད། འོན་ཀྱང་ནོར་འཁྲུལ་ལ་ནོར་འཁྲུལ་དུ་ངོས་ཟིན་ན་དེ་གས་འགྲིག་པར་སྙམ་ལ།       ད་ལན་དགེ་བཤེས་ཉི་མ་ཕུན་ཚོགས་ཁོང་ནས་ཀྱང་ནོར་འཁྲུལ་ཤོར་བར་འགྱོད་བཤགས་གནང་བཞིན་འདུག་པ་མ་ཟད།     བོན་ལ་བསམ་གཟས་ནས་དམའ་འབེབས་བྱས་པ་ཞིག་མིན་ཞིང་།    སྐད་ཆ་བཤད་ནོར་བྱུང་བ་ཙམ་ལས། སེམས་ཀྱི་གཏིང་ལ་ལྟ་ཚུལ་ངན་པ་དེ་འདྲ་ཞིག་མེད་ཅེས་ཡ་རབས་ཀྱི་གཏམ་ཐོག་ནས་ཤོད་ཀྱི་འདུག་ལ།  སྟོན་པས་ཀྱང་། གང་ཞིག་བདག་ལ་དད་གྱུར་ཏམ།། སྨོད་དང་ཚིག་རྩུབ་སྨྲས་ཀྱང་རུང་།། བཟང་ངན་ལས་ཀྱི་འབྲེལ་བ་རྣམས།།    བདག་གིས་ཐར་པར་དྲངས་པར་ཤོག།   ཅེས་གསུངས་ཡོད་པས་དེ་ལུགས་བཟོད་ཡངས་གནང་བའི་རེ་བ་དང་།འགལ་ཟླ་ཇེ་ཆུང་དུ་འགྲོ་བའི་སྨོན་འདུན་ཡང་ཞུའོ།།  

39.7K

ཐག་རག་ཡིག་བསྒྱུར་མ་ལག

དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1