གཙོ་ངོས།>> དམངས་སྲོལ།>>དམངས་རྩོམ།

དམངས་ཁྲོད། རྩོམ་སྒྲིག་པ།དབང་ཆེན།ཡོང་ཁུངས། གབ་ཚིག་གསར་བསྒྲིགས་ལས། སྤེལ་དུས། ༢༠༡༤ལོའི་ཟླ་བ་༡༠ཚེས་༡༡ཉིན།

༄༅། །གབ་ཚིག་རང་བྱུང་སྣང་ཚུལ་གྱི་སྐོར།༼12༽

106 དབྱིབས་དང་ཆེ་ཆུང་འདི་ཞེས་སྨྲ་བའི་ལྕེ།།      སྐྱོད་པར་མི་ནུས་ཡ་མཚན་དངོས་པོ་ཞིག།

       འཛུམ་བུ་གླིང་གི་ཁྱོན་ལ་ཁེབས་པ་དང་།།   ཉིན་རྒྱུན་མི་དང་ལྷན་ཅིག་འགྲོགས་ནས་འགྲོ།།

(མཁའ་དབུགས།)

107 ཡ་མཚན་གནས་ནས་ལེགས་པར་བྱུང་བའི་ཆོས།།  རྣོ་དབལ་རལ་གྲིས་གཅོད་པར་མི་ནུས་ཤིང་།།

         ལྕགས་ཀྱུས་བཏབ་ཀྱང་འཛིན་པར་དཀའ་བ་འདི།།    མགོ་ནག་མི་ཡི་ལུས་ཀྱི་སྐྱོར་མ་ཡིན།། (མཁའ་དབུགས།)

108 འཇིགས་རུང་དཔུང་གིས་སྤྱུགས་པར་མི་ནུས་ཤིང་།། ཁྲ་ཆུང་འདྲེན་བྱེད་ཟུང་གིས་མཐོང་མི་ཐུབ།།

         ཡལ་འདབ་ལྔ་བས་རེག་པར་མི་ནུས་ཀྱང་།།       སྲེད་པའི་ཁམས་ཀྱི་ཁོར་ཡུག་ཀུན་ན་གནས།། (མཁའ་དབུགས།)

109 ཙན་དན་ལྗོན་པའི་ནགས་ཀྱི་ཁང་བུ་ལ།། འཇུག་པར་མི་སྤྲོ་ལག་ལྡན་བྱེ་བའི་ཁྱུ།།

       དུས་བཞིར་དབྱེར་མེད་གྲམ་པའི་བསྟི་གནས་སུ།། བག་ཡངས་གཉིད་དུ་ཡུར་བ་འདི་ཅི་ཞིག།

(རྡོ།)

110 དབྱར་གསུམ་མེ་ཏོག་བཞད་ཚེ་བདེ་བར་ཉལ།། དགུན་གསུམ་ཁ་བའི་ཁྲོད་དུ་གཉིད་ལ་ཡུར།།

      སྟོན་གསུམ་ལོ་ལེགས་སོག་མའི་ཕོན་པོའི་གསེབ།། སྮན་འགྱུར་མགྲིན་གླུ་བར་མེད་སྒྲོག་ཅིང་བགྲོད།། (རྡོ།)

111 རང་བཞིན་ཚ་བ་ལ་གནས་ཁྲོ་གཏུམ་མ།། བུད་ཤིང་གཞོན་ནུ་མཐོང་ཚེ་ངོ་དམར་མ།།

       དྲི་བཞོན་རླུང་དང་འགྲོགས་ཚེ་སྒྲ་འབྱིན་མ།། ཐམས་ཅད་ལྕེ་རྩེས་བསྲེགས་པའི་ཁྲེལ་མེད་མ།།

 (མེ།)

112 རྒྱང་བལྟས་མཛེས་སྡུག་ཝ་མོའི་གྲ་དང་མཚུངས།། རེག་ཚེ་རྩུབ་པོ་ཚེར་མའི་རྩེ་ལ་འཁུ།།

        ཞིམ་མངར་བཟང་བཏུང་གཡོས་སྦྱོར་བྱེད་པའི་དུས།། མེད་དུ་མི་རུང་ཆོས་འདི་ཅི་ཞིག་ལགས།།

 (མེ།)

113 འགྲོ་པའི་དུས་ན་ཡན་ལག་རྣམ་འགྱུར་གྱིས།། ཉམས་ལྡན་སྟོང་གི་ཟློས་གར་སྒྱུར་དང་ལྷན།།

        སྒྲ་འཛིན་སིམ་པའི་གླུ་དབྱངས་ལེན་མཁན་པའི།། རིང་ཐུང་ཚངས་ཆེན་བློས་ཀྱང་དཔག་པར་དཀའ།། (གཙང་བོ།)

114 ལུས་གྱ་གྱུས་བགྲོད་པའི་ཡིད་འོང་མ།། རླུང་མ་གཡུགས་ཤེལ་གྱི་མེ་ལོང་མདོག།

         ཆར་བབས་ན་གདོང་ལ་སྨྲེ་བ་བཀྲ།། རྡུལ་འཚུབས་ན་ལུས་ཀྱང་སྙིགས་མར་འགྱུར།།

 (གཙང་བོ།)

115 དབྱར་དྲོད་སྐྱིད་ལྡན་དུས་འོད་དཀར་འཕྲོ།། དགུན་ལྷགས་པ་ལྡང་དུས་གོས་དཀར་གྱོན།།

       གླུ་སྙན་མོ་ལེན་མཁས་གར་མཁན་མ།། ཉ་གསེར་མིག་སྟོང་གིས་རེ་ས་ཡིན།།

(གཙང་བོ།)

39.7K

ཐག་རག་ཡིག་བསྒྱུར་མ་ལག

དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1