གཙོ་ངོས།>> དམངས་སྲོལ།>>དམངས་རྩོམ།

རྩོམ་སྒྲིག་པ། དབང་ཆེན།ཡོང་ཁུངས།རིག་འབྱུང་དྲ་བ། སྤེལ་དུས། ༢༠༡༤ལོའི་ཟླ་བ་༡༡ཚེས་༢༦ཉིན།

༄༅། །བུམ་ཆུང་གི་རྨ་ཁ།


      བུམ་ཆུང་ནི་དེའུ་ལས་ཅུང་ཟད་ཆེ་བའི་རི་ཕྲན་ཞིག་ཡིན། བོད་ཡུལ་གྱི་རི་གྲོང་ཆུང་ཆུང་ཞིག་གི་རྒྱབ་རིར་བཞུགས་ཡོད་ཅིང་། གྲོང་ཚོ་ནི་ཏག་ཏག་ངའི་ལྟེ་ཕྲག་འཕོ་སའི་ཕ་ཡུལ་ཡིན།

      ཐག་རིང་ནས་བལྟས་ན་བུམ་ཆུང་ནི་དངོས་ནས་བུམ་པ་ཆུང་ཆུང་ཞིག་དང་ཤིན་ཏུ་མཚུངས། རི་དེའི་འདབས་ནི་ཁོད་ཡངས་ཤིང་རི་སྐེད་འབུར་དུ་ཐོན་ཡོད་ལ་རི་མགུལ་ནང་དུ་སྐུམ་ཡོད་པའི་རྩེ་མོར་ལྗོན་ཤིང་གི་ཡལ་འདབ་དང་དར་ཚོན་སྣ་ཚོགས་ཀྱིས་བསྟད་ཡོད་པའི་ལ་བཙས་ཕོན་པོ་ཞིག་ཀྱང་ཡོད། དེ་ནི་བུམ་པའི་ཁ་རྒྱན་དུ་མེ་ཏོག་བཙུགས་པ་དང་མཚུངས། བུམ་ཆུང་རི་ཕྲན་ནི་སྤང་རི་ཞིག་ཡིན། དཔྱིད་ཀྱི་བུ་མོའི་གོམ་སྒྲ་ཉེ་བར་ལྷགས་ཐེངས་རེར། ཁོས་འབོལ་ཞིང་འཇམ་ལ་ལྗང་ཞིང་ནེམ་པའི་སྤང་གོས་མནབས་སྲིད་ཅིང་། དེ་དུས་ཡུལ་མི་ཚོས་ལུག་ཁྱུ་རི་ལ་བཀྲམ་པའི་ཚེ་གོས་རྒྱན་ལྗང་གུའི་ཐོག་ཏུ་དཀར་ནག་གི་རི་མོ་ཕབ་པ་ཇི་བཞིན་ལྟ་ན་སྡུག ངའི་བསམ་པའི་བརྩེ་ཞེན་གྱི་ཡོལ་ངོར་བུམ་ཆུང་ནི་གངས་རི་ལྟར་འཁྱག་ཤུར་ཤུར་ཞིག་དང་གཡའ་རི་ལྟར་གཅེར་གྲང་གྲང་། ནགས་རི་ལྟར་ཟིང་ལོང་ལོང་ཞིག་མ་ཡིན་པར། ཞི་ཞིང་དུལ་ལ་བག་ཕེབས་ཤིང་བརྩེ་ཞེན་གྱིས་ཁེངས་པའི་མཛེས་མ་ཞིག་དང་མཚུངས། མཛེས་མ་དེ་མི་རབས་ནས་མི་རབས་བར་ང་ཚོའི་གྲོང་ཚོ་ཆུང་ཆུང་དེ་པང་དུ་རུམ་ནས་གཅེས་སྐྱོང་བྱས་པས། གྲོང་མི་རྣམས་ཀྱིས་ཀྱང་བཀྲ་ཤིས་རྟགས་བརྒྱད་ཀྱི་གྲངས་སུ་བགྲང་བའི་བུམ་པར་རྩིས་མཐོང་བྱེད་པ་བཞིན་རི་ཕྲན་འདིར་བསྟོད་ཅིང་བཀུར་བ་རེད།

      ཡིན་ན་ཡང་། འདི་ལྟ་བུའི་སྤང་རི་ཡིད་དུ་འོང་པ་ཞིག་ལའང་ལོ་རྒྱུས་སྐྱོམ་འགུལ་གྱི་རྦ་རླབས་ཁྲོད་དུ་མི་རྣམས་ཀྱིས་གདུག་རྩུབ་སྦར་བགྲད་བྱས་ཏེ་རྨ་ཁ་ཟབ་མོ་བཟོས་མྱོང་། རྒྱང་ནས་བལྟས་ན། བུམ་ཆུང་གི་ལྟོ་བ་དང་འདབས་གཤམ་དུ་གྲུ་བཞི་བྲེ་དང་འདྲ་བའི་རྗེས་ཤུལ་གང་མང་འདུག་ཕབ་པ་དེ་དག་སྣུམ་བཅུད་ཤོར་བའི་ངོ་མདངས་སམ་སྐྱ་གོར་བབས་པའི་བཞིན་རས་ལྟར་བལྟས་མ་ཐག་མིག་ལ་གསལ་བ་ཞིག་རེད། གྲོང་ཚོའི་ནང་གི་བགྲེས་སོང་ཚོས་ལབ་པ་ལྟར་ན།  མཐོན་པོ་རི་ཡི་སྤང་བཀོག་ནས་ལོ་ཏོག་བཏབ། གང་སར་ལོ་ཏོག་བཏབ་པའི་མཇུག་ཏུ་ལོ་དང་པོརཁེ་བཟང་ཉུང་ཙམ་རེག་ནས་སྤྲོ་བ་སྐྱེས་ཀྱང་ལོ་གཉིས་པ་ནས་བཟུང་འབྲུ་རྡོག་ཐར་ཐོར་སྲིན་མོའི་མིག་ཆུ་ཙམ་ལས་བསྡུ་རྒྱུ་མ་བྱུང་པས། ཡུལ་མི་རྣམས་ཡིད་ཆད་དེ་ས་ཞིང་དེ་དག་ས་རྒོད་དུ་མི་བསྐྱུར་ཀ་མེད་བྱུང་། ད་ལྟ་བལྟས་ན་རང་བྱུང་ཁམས་ཀྱི་ཆོས་ཉིད་དང་མི་བསྟུན་པར་རང་སྣང་གང་ཤར་བྱེད་པའི་མི་དེ་རྣམས་ཀྱིས་སྐབས་དེར་ཇི་ལྟར་བསམ་པ་ཡིན་ནམ་ལྗང་མདོག་སྤང་གི་གྱོ ན་གོས་གཅེར་བུར་བཤུས་པའི་བུམ་ཆུང་དེ་སྙིང་རེ་རྗེ། རི་ཕྲན་དེར་མཚོན་ན་ཤུལ་རྗེས་དེ་དག་ནི་སོས་ཐབས་དཀའ་བའི་རྨ་ཁ་ཟབ་མོ་ཞིག་ཡིན་ནམ།

           འདས་ཟིན་པ་ནི་ཆུ་རྒྱུན་ལས་སྣང་བའི་ལྦུ་བ་དང་གཉིས་སུ་མ་མཆིས་་པར་སྔ་མོ་ནས་ཡལ་ཚར། འོན་ཀྱང་ཡིད་སྐྱོ་བ་ནི་བུམ་ཆུང་ལ་ཉེ་ཆར་ཡུལ་མི་ཚོས་ཡང་བསྐྱར་རྨ་ཁ་ཟབ་ཅིང་རྒྱ་ཆེ་བ་ཞིག་བཟོས་འདུག དགུན་གནང་སྐབས་སུ་ང་རང་ཕ་ཡུལ་དུ་ལོག་དུས། ཏག་ཏག་འབབ་ཞོད་ཆེ་བའི་ཁ་བ་ཐེངས་ཤིག་གིས་ཡོད་ཚད་མནན་འདུག མགོ་བོ་དགྱེས་ཏེ་བུམ་ཆུང་ལ་ལྟ་དུས། ཨ་ཁ། བུམ་ཆུང་ཐོག་ཁ་བ་ཆགས་པའི་གཞི་རིམ་རུ་དྲ་མིག་མང་བའི་རི་མོ་ཞིག་བཀོད་འདུག་ཅིང་། དེ་ནི་བུམ་ཆུང་གིས་དར་གོས་དཀར་པོ་དྲག་མིག་མ་ཞིག་གྱོ ན་པ་དང་མཚུངས། ཅི་ཡིན་ཆ་མ་འཚལ་བར་གྲོང་མི་ཞིག་ལ་དྲིས་པར་སྐྱོ་གདུང་དང་བཅས་བུམ་ཆུང་ཐོག་ཏུ་ནགས་བསྐྲུན་དགོས་པའི་བཀའ་བབས་པས། ད་ལྟ་ཁྱོད་ཀྱིས་མཐོང་བ་ནི་བརྐོས་ཡོད་པའི་སྡོང་འོབས་རེད་ཟེར། ངའི་ཡིད་དུ་དར་ཅིག་ལ་ཕངས་སེམས་ཀྱིས་ཁེངས་ཤིང་ཟུག་རྔུ་དྲག་པོ་ཞིག་སྐྱེས་སོང་། “སྤང་རི་ནི་ནམ་ཡང་སྤང་རི་རེད། སྤང་རི་ནགས་རིར་བསྒྱུར་དགོས་དོན་ཅི་རེད་་་་་ངས་འདི་ལྟར་བཤད་དུས། གྲོང་མི་དེས་དངན་པ་རིང་མོ་ཞིག་འཐེན་ནས་དེ་གོང་རིམ་གྱི་བཀའ་ཡིན་པས་ཞེས་མགོ་བོ་གཡུག་བཞིན་བུད་སོང་།

       ལོས་ཡིན་། གོང་རིམ་གྱི་བཀའ་ཡིན་པས་ང་ཚོར་བྱ་ཐབས་ཅི་ཞིག་ཡོད། གསར་སྐྲུན་ནམ་གསར་སྤེལ་ཞེས་པའི་བྱ་འགུལ་ལ་སྨོན་འདུན་ཡག་པོ་ཞིག་ཡོད་སྲིད་ཀྱང་། རི་ཕྲན་བུམ་ཆུང་གི་ས་བབ་ཁོར་ཡུག་ལ་བརྟགས་ན་སྤང་རི་ནགས་རི་ལ་བསྒྱུར་ཐུབ་མིན་ནི་དོགས་པའི་གནས་ཤིག་སྟེ། གལ་སྲིད་དེ་ལྟར་མ་གྱུར་ན། བུམ་ཆུང་གི་རྨ་ཇེ་མང་ཁ་ཇེ་ཟབ་ཏུ་སོང་བ་ཙམ་ཞིག་ཏུ་མ་ཟད་པར། ང་ཚོས་ཕྱི་རབས་པ་རྣམས་ལ་ངོ་གནོང་དགོས་པའི་གླེན་རྟགས་ཤིག་བཟོས་འགྲོ་བའི་སོམ་ཉི་ཡོད། གང་ལྟར་ཀྱང་བུམ་ཆུང་གི་རྨ་ཁ་དེ་ངའི་སེམས་ལ་ཐེབས་པ་ཇི་བཞིན་རིང་དུ་ཡལ་མ་ཐུབ། །






39.7K

རྩོམ་ཡིག་སྔོན་མ།
༄༅། །གབ་ཚིག
རྩོམ་ཡིག་རྗེས་མ།
༄༅། །ཕུང་པོ་དུར་འཇུག

ཐག་རག་ཡིག་བསྒྱུར་མ་ལག

དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1