གཙོ་ངོས།>> དེང་རབས་མི་སྣ།>>སྒྱུ་རྩལ་པ།

རྩོམ་སྒྲིག་པ།ཚེ་དཔལ། ཡོང་ཁུངས།ཀྲུང་དབྱང་རླུང་འཕྲིན་བརྙན་འཕྲིན་སྤྱི་ཁྱབ་ལས་ཁུངས། སྤེལ་དུས། ༢༠༢༠ལོའི་ཟླ་བ་༡༢ཚེས་༢༡ཉིན།

༄༅།།པད་མ་ལྷ་མོ།

ཡུལ་ཡར་ཀླུང་ནས་འཚར་བའི་ཁུ་བྱུག པད་མ་ལྷ་མོའི་སྒྱུ་རྩལ་ལམ་བུ།


     བོད་རང་སྐྱོང་ལྗོངས་སྐབས་བཅུ་གཅིག་པའི་མི་དམངས་འཐུསཚོགས་ཀྱི་འཐུས་མི། བོད་ལྗོངས་རོལ་དབྱངས་མཁས་པའི་མཐུན་ཚོགས་ཀྱི་ཚོགས་མི། ལྷོ་ཁ་གྲོང་ཁྱེར་སྒྱུ་རྩལ་ཚོགས་པའི་སྒྲ་གདངས་མཐོ་བའི་ཆེད་ལས་གཞས་མ་པད་མ་ལྷ་མོ་ནི་སྤྱི་ལོ་1981ལོར་ལྷོ་ཁ་གྲོང་ཁྱེར་འཕྱོངས་རྒྱས་ཞོལ་དུ་སྐྱེས་པ་དང་། དེ་ནས་སྤྱི་ལོ་1998ལོར་ལྷོ་ཁ་གྲོང་ཁྱེར་སྒྱུ་རྩལ་ཚོགས་པས་ནང་སོག་སྒྱུ་རྩལ་སློབ་གླིང་དུ་སློབ་སྦྱོང་བྱེད་པར་མངགས། ལོ་ངོ་བཞིའི་རིང་དགེ་བའི་བཤེས་གཉེན་ཆེན་མོ་ཁྲེན་ཕེ་མིན་གྱི་དྲུང་ནས་མགྲིན་དབྱངས་ཆེད་ལས་ལ་སློབ་སྦྱོང་བྱེད་པའི་སྐལ་བ་ཐོབ། ཕ་ཡུལ་དང་རིང་དུ་གྱེས་ནས་ནང་སོག་ཏུ་སློབ་སྦྱོང་གནང་རིང་ཁོང་གིས་གོ་སྐབས་བཟང་པོ་དེ་ཆུད་ཟོས་སུ་མ་བཏང་བར་རྐང་དྲུག་ཟེའུ་འབྲུར་མྱོས་པ་བཞིན་བརྩོན་པ་ལྷོད་མེད་གནང་བས་རོལ་དབྱངས་ཀྱི་ཆེད་ལས་ཤེས་བྱའི་ཐད་སྦྱངས་འབྲས་མི་དམན་པ་ཐོབ།

     ནང་སོག་ནས་སློབ་གྲྭ་མཐར་ཕྱིན་རྗེས་ལྷོ་ཁ་སྒྱུ་རྩལ་ཚོགས་པར་ཕྱིར་ལོག་ཕེབས་ནས་ལྷོ་ཁའི་སྒྱུ་རྩལ་བྱ་གཞག་ཐད་རང་ནུས་གང་དཔོག་གིས་ལེགས་སྐྱེས་ཕུལ་གནང་མཛད། དེ་ནས་སྤྱི་ལོ་2005ལོར་ཧྲང་ཧའེ་རོལ་དབྱངས་སློབ་གླིང་གི་མགྲིན་དབྱངས་ཟབ་སྦྱོང་འཛིན་གྲྭར་ཞུགས་པའི་གོ་སྐབས་འཐོབ་པ་དང་ལོ་དེར་སྒྲ་གདངས་མཐོ་བའི་གླུ་དབྱངས་མཁས་པ་ཀྲའོ་ཡུང་དགེ་བའི་བཤེས་གཉེན་དུ་བསྟེན། དེའི་ཕྱི་ལོ་སྟེ་2006ལོར་ཧྲང་ཧའེ་རོལ་དབྱངས་སློབ་གླིང་མགྲིན་དབྱངས་ཚན་ཁག་གི་མི་རིགས་འཛིན་གྲྭར་རྒྱུགས་འཕྲོད། དེ་ནས་སྤྱི་ལོ་2009ལོའི་བར་གྱི་དུས་ཡུན་ལོ་གསུམ་གྱི་རིང་གླུ་དབྱངས་མཁས་པ་ལིའུ་ཧྥང་དབྱིང་གི་དྲུང་ནས་གླུ་དབྱངས་གཏོང་སྟངས་སྤྱི་དང་བྱེ་བྲག་ནུབ་ཕྱོགས་ཀྱི་གཏོང་སྟངས་དང་། ཤར་ཕྱོགས་ཀྱི་གཏོང་སྟངས། སྒྲ་གདངས་མཐོ་བའི་གཏོང་སྟངས་སོགས་ལ་བུམ་པ་གང་བྱོའི་ཚུལ་དང་བརྩོན་པ་བརྒྱ་དང་འབད་པ་སྟོང་གིས་སྦྱངས་བརྩོན་གནང་མཐར། བརྩོན་པ་དག་དང་བྲལ་གྱུར་ན། དོན་ཆུང་ཡིན་ཡང་འགྲུབ་པར་དཀའ། བརྩོན་འགྲུས་ལྡན་ན་ཡོན་ཏན་ཀུན། རང་གི་ལག་ན་གནས་དང་མཚུངས་ཞེས་པ་ལྟར་མགྲིན་དབྱངས་ཆེད་ལས་ཐད་གཡུར་དུ་ཟ་བའི་གྲུབ་འབྲས་ཐོབ་པ་དང་། སྔ་རྗེས་སུ་ཧྲང་ཧའེ་དང་ལྷོ་ཁ་སོགས་ས་ཁུལ་དུ་མི་སྒེར་གྱི་ཁེར་ལེན་རོལ་དབྱངས་འདུ་ཚོགས་འཚོགས་ཐུབ་པ་བྱུང་བས་མ་ཚད་འཇར་མན་དང་ཁ་ན་ཏ། ནེ་ཀྲི་རི་ཡ་སོགས་ཕྱི་ཡུལ་རྒྱལ་ཁབ་དང་། ཧྲང་ཧའེ་དངོས་མང་འགྲེམ་ཚོགས་དང་ཧྲེན་ཀྲེན་རིག་གནས་ཐོན་ལས་དངོས་མང་འགྲེམ་ཚོགས། བོད་ཀྱི་ལོ་གསར་དགོང་ཚོགས་ལ་སོགས་པའི་རིག་རྩལ་འཁྲབ་སྟོན་ཆེ་གྲས་མང་པོར་ཞུགས་པས་རང་ཉིད་ཀྱི་གླུ་དབྱངས་གཏོང་སྟངས་ཐད་ལའང་སྔར་བས་ཐོད་བརྒལ་ཆེན་པོ་བྱུང་ཡོད།



     ད་བར་མི་ལོ་20ལྷག་གི་སྒྱུ་རྩལ་ལམ་བུའི་ཐོག་ཁོང་གིས་སྔ་རྗེས་སུ་སྤྱི་ལོ་2016ལོ་དང་སྤྱི་ལོ་2020ལོར་མི་སྒེར་གྱི་གླུ་གཞས་ཆེད་སྒྲིག་གཉིས་བཏོན་གནང་ནས་རྒྱ་ཆེའི་མི་དམངས་མང་ཚོགས་ཀྱི་སྙན་ལམ་དུ་དབྱངས་ཅན་ལྷ་མོའི་ངག་ནས་འཁྲུངས་འདྲའི་གླུ་གཞས་བརྩམས་ཆོས་40ཙམ་ཞིག་ལེན་གནང་ཡོད།

39.7K

ཐག་རག་ཡིག་བསྒྱུར་མ་ལག

དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1