གཙོ་ངོས།>> གསར་འགྱུར།>>རྒྱལ་སྤྱི་གསར་འགྱུར།

རྩོམ་སྒྲིག་པ།ཚེ་དཔལ། ཡོང་ཁུངས།མཚོ་སྔོན་བོད་སྐད་རླུང་འཕྲིན། སྤེལ་དུས། ༢༠༢༡ལོའི་ཟླ་བ་༠༡ཚེས་༡༡ཉིན།

ཧིན་རྡུ་ཉི་ཞི་ཡཱའི་སན་ཧྥོ་ཆི་མཁའ་འགྲུལ་ཀུང་ཟིའི་འགྲུལ་སྐྱེལ་གནམ་གྲུ་ཞིག་སར་ལྷུང་བའི་དོན་རྐྱེན་བྱུང་།



ཟླ་དང་པོའི་ཚེས་དགུ་ཉིན། ཧིན་རྡུ་ཉི་ཞི་ཡཱའི་རྒྱལ་ས་ཡཱ་ཅཱ་ཏཱའི་སུའུ་ཅཱ་ནོའུ་ཧཱ་ཏཱ་རྒྱལ་སྤྱིའི་གནམ་གྲུ་ཐང་ནས། སྨན་བཅོས་མི་སྣ་དག་སན་ཧྥོ་ཆི་མཁའ་འགྲུལ་ཀུང་ཟིའི་འགྲུལ་སྐྱེལ་གནམ་གྲུ་སར་ལྷུང་བའི་དོན་རྐྱེན་གྱི་འཕྲལ་སྒྲུབ་ལྟེ་གནས་སུ་ཡོང་། 



ཟླ་དང་པོའི་ཚེས་དགུ་ཉིན། ཧིན་རྡུ་ཉི་ཞི་ཡཱའི་རྒྱལ་ས་ཡཱ་ཅཱ་ཏཱའི་སུའུ་ཅཱ་ནོའུ་ཧཱ་ཏཱ་རྒྱལ་སྤྱིའི་གནམ་གྲུ་ཐང་ནས། ལས་བྱེད་མི་སྣ་ཞིག་སན་ཧྥོ་ཆི་མཁའ་འགྲུལ་ཀུང་ཟིའི་གནམ་གྲུ་སར་ལྷུང་བའི་དོན་རྐྱེན་གྱི་འཕྲལ་སྒྲུབ་ལྟེ་གནས་ཞེས་པའི་ཡི་གེ་འཆར་བའི་བརྙན་རིས་ཀྱི་མདུན་དུ་འགྲོ་བཞིན་པ། 

        ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཧིན་རྡུ་ཉི་ཞི་ཡཱའི་འགྲིམ་འགྲུལ་པུའུ་ཡི་དཔོན་རིགས་ཀྱིས་ཚེས་དགུ་ཉིན་བདེན་དཔང་བྱས་དོན། ཧིན་རྡུ་ཉི་ཞི་ཡཱའི་སན་ཧྥོ་ཆི་མཁའ་འགྲུལ་ཀུང་ཟིའི་འགྲུལ་སྐྱེལ་གནམ་གྲུ་ཞིག་ཉིན་དེར་རྒྱལ་ས་ཡཱ་ཅཱ་ཏཱ་ནས་འཕུར་རྗེས་འབྲེལ་ཐག་བཅད་པ་དང་། དེའི་རྗེས་སུ་ཡཱ་ཅཱ་ཏཱའི་ཉེ་འདབས་ཀྱི་མཚོ་ཁོངས་སུ་ལྷུང་བ་ཤེས་ཡོད་ཟེར། 
        ཧིན་རྡུ་ཉི་ཞི་ཡཱའི་འགྲིམ་འགྲུལ་པུའུ་ཡི་ཐི་ལི་སུའུ་ལཱ་མཚོ་འགྲམ་སྐོར་གཡེང་གྲུ་གཟིངས་ཀྱི་གྲུ་དཔོན་ཨེ་ཁི་ཡིས་བཅར་འདྲི་དང་ལེན་བྱེད་སྐབས་བཤད་རྒྱུར། མིག་སྔར་སྐོར་གཡེང་གྲུ་གཟིངས་གནམ་གྲུ་སར་ལྷུང་སའི་མཚོ་ཁོངས་སུ་འབྱོར་ཡོད་པ་དང་། གྲུ་གཟིངས་སྟེང་གི་ལས་བྱེད་མི་སྣས་སར་ལྷུང་བའི་གནམ་གྲུའི་ཆག་རོ་དང་འདས་པོ་རེ་འགའི་བེམ་པོ་རྙེད་ཡོད་ཟེར། 
        བསྒྲགས་པ་ལྟར་ན། ས་དེའི་ཚེས་དགུ་ཉིན་གྱི་ཕྱི་དྲོའི་དུས་ཚོད་གཉིས་དང་སྐར་མ་སོ་དྲུག་སྟེང་། འགྲུལ་བ་ལྔ་བཅུ་ལྷག་དྲུད་པའི་པའོ་ཡུན737-500རྟགས་ཅན་གྱི་འགྲུལ་སྐྱེལ་གནམ་གྲུ་དེ་ཡཱ་ཅཱ་ཏཱའི་རྒྱལ་སྤྱིའི་གནམ་གྲུ་ཐང་ནས་འཕུར་ནས་ཅཱ་ལི་མན་ཏན་ནུབ་མ་ཞིང་ཆེན་གྱི་ཁོན་ཏེན་དུ་འཕུར་བ་དང་། ཕྱི་དྲོའི་དུས་ཚོད་གཉིས་དང་སྐར་མ་བཞི་བཅུའི་སྟེང་ས་ངོས་བར་གྱི་འབྲེལ་མཚམས་ཆད་ལ། དེའི་རྗེས་སུ་ཡཱ་ཅཱ་ཏཱའི་ཆན་ཏའོ་གླིང་ཚོམས་ཀྱི་མཚོ་ཁོངས་སུ་ལྷུང་བ་ཤེས་ཟེར།
        ཧིན་རྡུ་ཉི་ཞི་ཡཱའི་རྒྱལ་ཁབ་སྔོག་བཤེར་རྒུད་སྐྱོབ་ལྟེ་གནས་ཀྱི་མགྲིན་ཚབ་པ་ལཱ་ཏིས་ཧྥུའུ་ཡིས་བཅར་འདྲི་དང་ལེན་བྱེད་སྐབས་བཤད་རྒྱུར། སྔོག་བཤེར་རྒུད་སྐྱོབ་ལྟེ་གནས་ལ་འགྲུལ་སྐྱེལ་གནམ་གྲུ་སར་ལྷུང་སའི་གནས་ཡུལ་གང་ཡིན་གྱི་གནས་ཚུལ་འབྱོར་ཡོད་པ་དང་། མིག་སྔར་རྒུད་སྐྱོབ་མི་སྣ་དག་དོན་རྐྱེན་བྱུང་སའི་མཚོ་ཁོངས་སུ་སོང་ཡོད་ཟེར། 
        གཞན་ཡང་ཧིན་རྡུ་ཉི་ཞི་ཡཱ་རུ་སྡོད་པའི་ཀྲུང་གོའི་གཞུང་ཚབ་ཁང་གིས་བསྒྲགས་པ་ལྟར་ན། ཧིན་རྡུ་ཉི་ཞི་ཡཱའི་ཕྱོགས་ཀྱིས་དཔྱད་ཞིབ་རགས་ཙམ་བྱས་པ་ལྟར་ན་གནམ་གྲུའི་སྟེང་དུ་ཧིན་རྡུ་ཉི་ཞི་ཡཱ་མ་ཡིན་པའི་རྒྱལ་ཁབ་གཞན་པའི་འགྲུལ་བ་མེད་པ་རེད། 
        སན་ཧྥོ་ཆི་མཁའ་འགྲུལ་ཀུང་ཟིའི་སྤྱི་ཁྱབ་པུའུ་ཧིན་རྡུ་ཉི་ཞི་ཡཱའི་ཡཱ་ཅཱ་ཏཱ་རུ་ཡོད་པ་དང་། གཙོ་བོ་རྒྱལ་ནང་གི་གནམ་གྲུ་དང་རྒྱལ་སྤྱིའི་གནམ་གྲུ་འགའ་གཏོང་བཞིན་ཡོད། རྒྱུས་ལོན་བྱུང་བ་ལྟར་ན། སར་ལྷུང་བའི་འགྲུལ་སྐྱེལ་གནམ་གྲུ་དེ་གཅིག་སྟོང་དགུ་བརྒྱ་གོ་བཞི་ལོའི་ཟླ་ལྔ་བར་ཚོད་ལྟའི་འཕུར་སྐྱོད་བྱས་པ་དང་། སན་ཧྥོ་ཆི་མཁའ་འགྲུལ་ཀུང་ཟིར་ཞུགས་ནས་ལོ་ངོ་བརྒྱད་འགོར་ཡོད་པ་རེད། 

39.7K

ཐག་རག་ཡིག་བསྒྱུར་མ་ལག

དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1