གཙོ་ངོས།>> རྩོམ་རིག>>བསྒྱུར་རྩོམ།

ཨོ་མཆོག་སྐྱིད་ཀྱིས་བསྒྱུར། རྩོམ་སྒྲིག་པ།ཚེ་དཔལ། ཡོང་ཁུངས།མཚོ་སྔོན་བོད་ཡིག་གསར་འགྱུར། སྤེལ་དུས། ༢༠༢༡ལོའི་ཟླ་བ་༠༡ཚེས་༡༢ཉིན།

༄༅།། སྐབས་འདི་ལའང་འགྲན་ཡས་མདུན་སྐྱོད་ཀྱི་གོམ་པ་སྔོན་ལ་སྤོ་བཞིན་ཡོད།


ཀྲའོ་ཧུའེ་ཧྥེང་གིས་བརྩམས། ཨོ་མཆོག་སྐྱིད་ཀྱིས་བསྒྱུར།
        དུས་དང་རྣམ་པ་ཀུན་ཏུ་འགྲན་རྩོད་ཀྱིས་ཁེངས་པའི་སྤྱི་ཚོགས་འདིར་ང་ཚོ་ནམ་ཡང་འགྲན་ཡར་འཕྲད་སྲིད། ཧ་ཧྥོ་སློབ་ཆེན་གྱིས་སློབ་མ་རྣམས་ལ་འདི་ལྟར་གདམས་པ་སྟེ། འགྲན་ཡའི་མདུན་དུ་ཕྱིར་བཤོལ་མེད་པར་འགྲན་ཡར་དམིགས་གཏད་ཀྱིས་མདུན་སྐྱོད་བྱེད་དགོས། ཡིན་ཡང་།འགྲན་རྩོད་ཀྱི་བརྒྱུད་རིམ་ཁྲོད་ཁྱོད་ཀྱིས་ཀྱང་དུས་ནམ་ཡང་དོགས་ཟོན་བགྱིས་ཏེ་གོམ་པ་ལྷོད་མི་རུང་། རྒྱུ་མཚན་འགྲན་ཡ་ནི་དུས་ཚོད་རེ་རེར་ཡང་སྔོན་སྐྱོད་བྱེད་པས། གཟབ་གཟབ་ཏོག་ཙམ་མ་བྱས་ཚེ་འགྲན་ཡས་རྗེས་སུ་བསྐྱུར་ངེས་རེད།
        དེའི་ཕྱིར། ང་ཚོས་རྟག་ཏུ་འགྲན་རྩོད་ཀྱི་ནུས་ཤུགས་རྒྱུན་འཛིན་བྱས་ཏེ་མུ་མཐུད་དུ་རང་ལ་འགྲན་སློང་དང་ཐོད་རྒལ་བྱེད་དགོས། ཨ་རིའི་མིང་གྲགས་ཅན་གྱི་རོལ་མོ་བཀོད་འདོམས་པ་དང་གཞས་གདངས་རྩོམ་མཁན་ཝོ་ཨེར་ཐེ•ཏ་མུའུ་ལའོ་ཧྲི་ལགས་ལོ་ཉི་ཤུའི་སྐབས་སུ་རོལ་མོ་རུ་ཁག་གི་བཀོད་འདོམས་པར་བསྐོས་ཏེ་མི་མང་པོ་ཞིག་གིས་ཁོ་ལ་དད་གུས་བྱས།རོལ་མོའི་བཀོད་འདོམས་ནི་རོལ་མོའི་རུ་ཁག་ཅིག་གི་སྲོག་ལྟ་བུ་ཡིན་པས་ཁོ་རང་ལ་ང་རྒྱལ་ཆེན་པོ་སྐྱེས།
        དང་ཐོག་ཝོ་ཨེར་ཐེས་ནམ་རྒྱུན་རང་ཉིད་ནི་ཟླ་མེད་ཤེས་ལྡན་དང་སུས་ཀྱང་ཚབ་བྱེད་མི་ཐུབ་པའི་སློབ་དཔོན་ཆེན་མོ་ཡིན་བསམས་ནས་སྤྲོ་སེམས་ཀྱིས་ཁེངས།
        ཉིན་ཞིག་ཁོ་སྦྱོང་བརྡར་ཁང་དུ་ཡོང་ནས་རང་གི་བཀོད་འདོམས་དབྱུག་པ་དེ་བརྗེད་པ་ཤེས་ནས། མི་ཞིག་མངགས་ནས་ཡུལ་ལ་ལེན་དུ་འགྲོ་རུ་འཇུག་བསམ་པའི་སྐབས་སུ། ཁོའི་དྲུང་ཡིག་གིས“སྐྱོན་མེད།ཡུལ་ལ་ལེན་དུ་འགྲོ་མི་དགོས་པར་རོལ་མོའི་རུ་ཁག་ནང་གི་མི་གཞན་ཞིག་ལ་གཡར་ཆོག”ཅེས་བཤད། ཝོ་ཨེར་ཐེའི་བསམ་པར། ང་མ་གཏོགས་སུ་ཞིག་གིས་ནམ་རྒྱུན་བཀོད་འདོམས་དབྱུག་པ་ཁྱེར་ཏེ་འགྲོ་བཞིན་ཡོད་དམ་སྙམ་མོད།འོན་ཀྱང་ཁོས་དྲུང་ཡིག་གི་བསམ་འཆར་ལྟར་གང་འདོད་དུ“ཁྱེད་ཚོ་སུས་ང་ལ་བཀོད་འདོམས་དབྱུག་པ་གཡར་རམ།”ཞེས་དྲིས་པར།བསམ་ཡིད་ལས་འདས་པ་ཞིག་ལ་ཁོས་བཤད་མ་ཐག་འདེགས་ཆེན་དཀྲོལ་མཁན། དབུ་བཞུགས་འདེགས་ཆུང་མཁན་དང་རྣོ་སྦྲེང་མཁན་པོ་བཅས་ཀྱིས་རེ་རེའི་ལྭ་བའི་ཁུག་མ་ནས་བཀོད་འདོམས་དབྱུག་པ་རེ་བླངས་ནས། བཀོད་འདོམས་དབྱུག་པ་གསུམ་ཁོའི་མདུན་དུ་ཐག་སྒྲ་དང་བཅས་བཞག
        ཝོ་ཨེར་ཐེ་དེ་མ་ཐག་རྨོངས་པ་ལས་སད་དུ་བཅུག་ཅིང་། མ་གཞི་རང་ཉིད་ནི་མེད་དུ་མི་རུང་བའི་མི་སྣ་ཞིག་གམ་ཡང་ན་གཞན་གྱིས་ཚབ་བྱེད་མི་ཐུབ་པའི་སློབ་དཔོན་ཆེན་མོ་དེ་མིན་པ་རྟོགས་ཤིང་། མི་མང་པོ་ཞིག་གིས་ལྐོག་ཏུ་ཧུར་བརྩོན་བྱས་ནས་ནམ་ཡང་ཁོའི་གོ་གནས་ཀྱི་ཚབ་བྱེད་པར་གྲ་སྒྲིག་བྱེད་ཀྱིན་འདུག་པ་ཤེས།
        དུས་དེ་ནས་བཟུང་ཝོ་ཨེར་ཐེས་དགའ་ལྷང་ལྷང་གི་ཉམས་མི་སྟོན་ཞིང་ནམ་རྒྱུན་རང་ལ་སྒྱིད་ལུག་དང་རང་རློམ་གྱི་བསམ་པ་ཡོད་སྐབས། སྔོན་ཆད་བཀོད་འདོམས་དབྱུག་པ་གསུམ་ཁོའི་མདུན་ལ་བཞག་པ་དེ་དྲན་ཡོང་།
        འཚོ་བ་དངོས་ཀྱི་ཁྲོད་ན་གཞོན་གྲོགས་པོ་མང་པོར་གོམས་གཤིས་ངན་པ་ཞིག་ཡོད་པ་ནི་གྲུབ་འབྲས་ཏོག་ཙམ་རེ་ཐོབ་ན་བློ་ཚིམ་ནས་སྡོད་པ་དང་འཕེལ་མེད་སོར་གནས་བྱེད་པ་ལས། དུས་ཀུན་ཏུ་རང་ཉིད་ཀྱི་རྒྱབ་ཕྱོགས་སུ་འགྲན་ཡས་མཚམས་མ་བཞག་པར་རྗེས་སྙེག་པ་དང་ཁྱེད་ལས་འདའ་བར་གྲ་སྒྲིག་བྱེད་པ་གསལ་པོ་ཤེས་ཀྱིན་མེད་པ་དེ་རེད། ཧ་ཧྥོ་སློབ་ཆེན་གྱི་སློབ་མ་ཚང་མས་གནས་ལུགས་ཤིག་རྟོགས་པ་ནི། འཐབ་རའི་ནང་དམར་འཛིང་བྱ་རྒྱུ་བདམས་ན། ནམ་རྒྱུན་ཉེན་ཁའི་ཚོར་བ་དེ་རྒྱུན་འཁྱོངས་བྱེད་དགོས་པའི་གནས་ལུགས་ཤེས་དགོས་པ་རེད། ཁོ་ཚོས་རང་ཉིད་ཀྱི་འགྲན་ཡས་མཚམས་མ་བཞག་པར་མདུན་སྐྱོད་བྱེད་པ་ཤེས་རྟོགས་བྱུང་བས།རང་ཉིད་ཀྱིས་ཀྱང་དོགས་ཟོན་རྒྱུན་འཛིན་བྱས་ཏེ་མུ་མཐུད་དུ་སྔོན་སྐྱོད་བྱེད་པ་རེད།
        ཉེན་ཁའི་འདུ་ཤེས་རྒྱུན་འཁྱོངས་བྱེད་དགོས་ན། འགྲན་ཡར་དོ་སྣང་བྱས་ཏེ། ཧུར་ཐག་འབད་འཐབ་ཀྱིས་འགྲན་ཡ་ལས་བསྒྲུབས་པ་བཟང་དགོས་པར་མ་ཟད་འགྲན་ཡ་ལས་མགྱོགས་དགོས། ཐ་ན་རང་ཉིད་འགྲན་ཡ་ལས་ཆེས་ཆེར་བརྒལ་ན་ཡང་ལྷོད་གཡེང་བྱ་མི་རུང་།རྒྱུ་མཚན་ཁྱེད་རང་ལྷོད་གཡེང་གཏོང་བའི་སྐབས་སུ་འགྲན་ཡ་སྔོན་སྐྱོད་བྱེད་བཞིན་ཡོད་ཅིང་།གལ་སྲིད་ཁྱེད་རང་སྔོན་སྐྱོད་མ་བྱས་པར་བགྲོད་མཚམས་བཞག་ཚེ་གཞན་ཞིག་རང་ལས་བརྒལ་ངེས་རེད།གལ་སྲིད་ཁྱེད་ཀྱིས་མདུན་སྐྱོད་ཀྱི་གོམ་སྟོབས་ཇེ་དལ་དུ་བཏང་ན་ཡང་སྔར་བཞིན་རྗེས་སུ་ལུས་སྲིད།ཧ་ཧྥོ་སློབ་ཆེན་གྱི་སློབ་མ་ཚོར་མུ་མཐུད་དུ་སྔོན་སྐྱོད་བྱེད་པར་ངོས་འཛིན་ཟབ་མོ་ཐོབ་ཡོད། དེ་འདྲའི་བྲེལ་འཚུབ་ཀྱི་འགྲན་རྩོད་ཁྲོད་སུས་ཀྱང་རང་ལ་ལྷོད་གཡེང་བྱ་མི་སྲིད།ཧ་ཧྥོ་སློབ་ཆེན་གྱི་འགྲོ་ཕྱོགས་ལྟར་ན།རྗེས་ལུས་ནི་འཆི་བ་ཡི་མཚོན་རྟགས་ཡིན་ལ།སློབ་ར་ཡི་ཐེམ་སྐས་འཛེགས་པའི་ཉིན་དེ་ནས་བཟུང་བྲེལ་འཚུབ་ཀྱི་སེམས་ཁམས་དེ་མཐར་ཕྱིན་ནས་ཁ་འབྲལ་བའི་ཉིན་མོའི་བར་འཛིན་པ་རེད།དེའི་རྐྱེན་གྱིས་ཁོ་ཚོར་བསྒྲུབ་རྒྱུ་གཅིག་ཡོད་པ་ནི་དམིགས་འབེན་ལ་ཁ་གཏད་ནས་མདུན་དུ་བསྐྱོད་པ་ལས་འགྲན་ཡ་ལ་ཐོད་རྒལ་གྱི་གོ་སྐབས་གཅིག་ཀྱང་མི་སྟེར་བ་རེད།
        ན་གཞོན་སུ་ལ་མཚོན་ན་ཡང་ནམ་ཡང་འགྲན་ཡའི་སྔོན་དུ་བགྲོད་འདོད་ན།འགྲན་ཡ་ལས་སྒྲུབ་པ་མགྱོགས་པ་དང་ད་དུང་དེ་ལས་སྒྲུབ་པ་བཟང་བ་ཞིག་ཡོང་དགོས།
        ཨ་རིའི་དབྱི་ལི་ནོ་སི་ཁུལ་གྱི་ཧ་ཧྥོ་གྲོང་རྡལ་གྱི་བྱིས་པ་སྐོར་ཞིག་གིས་ནམ་རྒྱུན་སློབ་གསེང་གི་དུས་ཚོད་སྤྱད་ནས་མེ་འཁོར་ས་ཚུགས་ནས་འབྲས་ཡོས་བཙོངས་ནས་དངུལ་འཚོལ་བ་རེད།
        བྱིས་པ་དེ་དག་ཁྲོད་ལོ་བཅུ་ཅན་གྱི་བུ་ཕྲུག་ཅིག་ཡོད། ཁོས་ཚོང་རའི་ནང་གི་འབྲས་ཡོས་ཀྱི་བྲོ་བ་ཅུང་ཞན་པ་ཤེས་ནས།ཐབས་ཤིག་བཀོལ་ནས་འབྲས་ཡོས་ནང་འོ་སྣུམ་དང་ཚྭ་ཁུ་གཏོར་ནས་ཡང་བསྐྱར་ལས་སྣོན་བྱས་རྗེས་འབྲས་ཡོས་ཀྱི་བྲོ་བ་སྔར་ལས་ཇེ་ཞིམ་དུ་སོང་བས།ཁོའི་འབྲས་ཡོས་ལ་མགྲོན་པོ་མང་པོའི་དགའ་བསུ་ཆེན་པོ་ཐོབ།
        རྒྱུ་མཚན་ཁོས་ཇི་ལྟར་བསྒྲུབས་ན་གཞན་ལས་བཟང་བ་དང་ཕུལ་བྱུང་གསར་གཏོད་བྱས་ན་རྒྱལ་ཁ་ལོན་པ་ཤེས་པས་རེད།
        གྲང་ངར་ཆེ་བའི་དགུན་ཁ་དེར་ཁབ་ཆེན་པོ་བབས་ནས་མིས་བཀང་ཡོད་པའི་མེ་འཁོར་འགའ་ཁེགས་འདུག བུ་ཕྲུག་དེས་ཡང་ཚོང་གི་གོ་སྐབས་རྙེད་བྱུང་། ཁོའི་བསམ་པར་འདིར་ཁེགས་ཡོད་པའི་འགྲུལ་པ་རྣམས་ལ་རང་གིས་ཁྱེར་བའི་ཟས་རིགས་ཀྱིས་མི་འདང་བ་ཁོ་ཐག་ཡིན་སྙམ་མུར། ཁོ་ཕྱིར་ཡུལ་ལ་ལོག་ནས་བར་སྙིང་སོབ་གོར་མྱུར་ལས་བྱས་ནས་མེ་འཁོར་སྟེང་ཁྱེར་ནས་བཙོངས་པ་ན། ཁོས་བཟོས་པའི་བར་སྙིང་སོབ་གོར་དེ་འདྲའི་བཟང་རྒྱུ་མེད་ན་ཡང་བཀྲེས་ལྟོགས་ཀྱིས་གདུང་བའི་འགྲུལ་པ་དག་གིས་ཕྲོགས་ནས་ཉོས་ཚར་སོང་།
        རྒྱུ་མཚན་ནི་ཁོས་ཇི་ལྟར་བྱས་ཚེ་གཞན་ལས་བསྒྲུབས་པ་སྔ་བ་རྟོགས་པ་རེད། དེ་བས་ཁོས་གོ་སྐབས་དམ་འཛིན་བྱས་ནས་རྒྱལ་ཁ་བླངས།
        དབྱར་དུས་རིག་བཟང་གི་བུ་ཕྲུག་གིས་ཡང་ཕྲག་པར་ཁུར་ཆོག་པའི་དབྱིབས་ཟླ་ཕྱེད་ཅན་གྱི་སྒམ་ཆུང་ཞིག་ཇུས་འགོད་བྱས་པ་དང་། སྒམ་ཆུང་གི་ཟུར་ཞིག་ནས་སྒོང་ཟས་སྒྲིལ་མ་བཞག་ན་འཚམ་པའི་ཁུང་བུ་འགའ་བརྐོས་ཤིང་། དེ་ནས་སྒོང་ཟས་སྒྲིལ་མ་ནང་འཁྱགས་ཞོ་བླུགས། མཇུག་མཐར་ཁོས་ལས་པའི་སྒོང་ཟས་སྒྲིལ་མར་འཁྱགས་ཞོ་བླུགས་པའི་ཁ་ཟས་གསར་པ་དེར་འགྲུལ་པའི་དགའ་བསུ་ཐོབ་པས། རེ་ཞིག་ཁོའི་ཚོང་ཧ་ཅང་བྲིན།
        རྒྱུ་མཚན་ནི་ཁོས་ཇི་ལྟར་བསྒྲུབས་ན་གཞན་ལས་བཟང་བ་ཤེས་པས་གསར་གཏོད་ལ་རྒྱལ་ཁ་ཐོབ་པ་རེད།
        མེ་འཁོར་ས་ཚུགས་ཀྱི་ཚོང་ཡུད་ཙམ་ཇེ་བཟང་ལ་སོང་མཐར་ལས་དེར་ཞུགས་མཁན་གྱི་བྱིས་པ་ཇེ་མང་ནས་ཇེ་མང་དུ་སོང་། བུ་ཕྲུག་དེས་རྗེས་ཕྱོགས་ཚོང་བྲིན་རྒྱུ་དཀའ་བ་ཤེས་པས་སྒོར་འགའ་བཙལ་ནས་བློ་ཐག་རྦད་ཆོད་ཀྱིས་འགྲན་རྩོད་དེ་ལས་ཕྱིར་བུད།
        མཇུག་འབྲས་ངོ་མ་ནི་བུ་ཕྲུག་དེས་སྔོན་དཔག་བྱས་པ་ལྟར་བྱིས་པ་ཚོའི་ཚོང་ཇེ་སྡུག་ནས་ཇེ་སྡུག་ཏུ་སོང་ཞིང་། མ་འགྱངས་པར་མེ་འཁོར་ས་ཚུགས་ཀྱི་ཚོང་ཆུང་ཆུང་དེ་དག་གཙང་བཤེར་དག་ཐེར་བྱས་པས། བུ་ཕྲུག་དེ་སྔོན་ནས་ཕྱིར་བུད་པའི་རྐྱེན་གྱིས་གྱོང་གུད་ཅི་ཡང་མ་ཐེབས།
        རྒྱུ་མཚན་ནི་ཁོ་གཞན་ལས་རིག་པ་གསལ་བས་ཇི་ལྟར་བསྒྲུབ་དགོས་པ་ཤེས་པས་རེད། ཚང་མས་དོན་དག་གཅིག་ལ་དོ་སྣང་བྱེད་དུས་ཁོས་དུས་ཐོག་ཏུ་ཇི་ལྟར་བསྒྲུབ་དགོས་པ་ཤེས་པས་རྒྱལ་ཁ་ཐོབ་པ་རེད།
        གཞན་ལས་ཇི་ལྟར་བསྒྲུབས་ན་བཟང་བ་དང་སྔ་བ། གསར་པ་ཤེས་པ་དང་།ཀུན་ལས་རིག་པ་གསལ་བའི་མི་ཞིག་དང་། ཡང་ན་ཇི་ལྟར་གསར་གཏོད་དང་། གསར་སྐྲུན། གོ་སྐབས་དམ་འཛིན་བྱེད་ཤེས་པ་དང་།ཡང་དུས་ལྟར་ཕྱི་འབུད་བྱེད་ཤེས་པའི་མི་ཞིག་ཡིན་ན། མི་ཚེ་ལ་རྒྱལ་ཁ་ཐོབ་ངེས་ཡིན།

        ཕྱིས་སུ་བུ་ཕྲུག་དེ་དངོས་གནས་སྤྱིར་བཏང་མ་ཡིན་པའི་མི་ཞིག་ཏུ་གྱུར།ཁོ་ནི་མོ་ཐོ་རོ་ལ་ཀུང་སིའི་གསར་གཏོད་མཁན་པོ་ལོ་ཀའོ་ལི་ཝུན་རེད།    

        འགྲན་རྩོད་ཁྲོད་རྒྱལ་ཁ་ཐོབ་འདོད་ཚེ།ཧུར་བརྩོན་དང་བློས་གཏོང་མང་དུ་བྱེད་ཅིང་།རང་ཉིད་ལ་ནུས་ཤུགས་ཡོད་རྒུས་སྐུལ་མ་བྱས་ཏེ། ཐེངས་རེར་གང་ཐུབ་ཀྱིས་སྔོན་མའི་མངོན་ཚུལ་ལས་བརྒལ་ཞིང་། དུས་རྟག་ཏུ་རང་ཉིད་ལ་དྲན་སྐུལ་བྱས་ནས།རྒྱུན་དུ་འགྲན་ཡའི་སྔོན་ལ་འགྲོ་བ་རྒྱུན་འཛིན་བྱས་ཚེ་ད་གཟོད་གཞན་གྱིས་བསྐྱུར་མི་ཐུབ།

        ང་ཚོ་བསམ་པའི་དུས་རིམ་ཁོ་ནར་དམིགས་ནས་སྡོད་མི་རུང་།དེ་ལས་དོན་དངོས་ཀྱི་བྱ་སྤྱོད་ཐོག་མུ་མཐུད་དུ་རང་ཉིད་ཀྱི་དངོས་ཤུགས་ལ་ཤུགས་སྣོན་བྱེད་དགོས་པ་ནི་སྨོས་མ་དགོས་པ་ཞིག་རེད།
        གང་ལྟར་ན་གཞོན་གྲོགས་པོ་དག་གིས་ཡིད་ལ་ངེས་རྒྱུ་ཞིག་ནི།མཛེས་སྡུག་གི་མ་འོངས་པ་ཞིག་བསྐྲུན་འདོད་ཚེ་ད་ལྟ་ལ་དམ་འཛིན་བགྱིས་ནས།མདུན་སྐྱོད་ཀྱི་གོམ་པ་མི་ལྷོད་པར་ནམ་ཡིན་ཡང་ཉེན་ཁའི་འདུ་ཤེས་བཟུང་ནས་མུ་མཐུད་དུ་རང་ཉིད་འཐུས་ཚང་དུ་བཏང་ཚེ། ཁྱེད་ལ་རྒྱུན་ཆད་མེད་པར་རྒྱལ་ཁ་ཐོབ་ངེས་ཡིན། །

                         བསྒྱུར་པ་པོ་ནི་མཚོ་སྔོན་མི་རིགས་སློབ་ཆེན་གྱི་སློབ་མ་ཡིན།


39.7K

ཐག་རག་ཡིག་བསྒྱུར་མ་ལག

དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1