གཙོ་ངོས།>> ཞིབ་འཇུག>>ཆོས་ལུགས།

ཚེ་རིང་བྱམས། རྩོམ་སྒྲིག་པ།ཚེ་དཔལ།ཡོང་ཁུངས། ཀྲུང་གོའི་བོད་རིག་པ། སྤེལ་དུས། ༢༠༢༡ལོའི་ཟླ་བ་༠༡ཚེས་༡༩ཉིན།

༄༅།།གྲུབ་མཐའ་རིས་མེད་ཅེས་པའི་ཐ་སྙད་ལ་དཔྱད་པ།


ཚེ་རིང་བྱམས།
[ནང་དོན་གནད་བསྡུས།] དཔྱད་རྩོམ་འདིར་དུས་རབས་རིམ་བྱུང་གི་ཡིག་ཆ་མི་འདྲ་བར་ཁུངས་བཅོལ་ཏེ། གྲུབ་མཐའ་རིས་མེད་ཅེས་པའི་ཐ་སྙད་ཀྱི་ཐོག་མའི་འབྱུང་ཁུངས་རྩད་ཞིབ་དང་། གྲུབ་མཐའ་རིས་མེད་ཀྱི་ལྟ་བ་འགངས་ཆེན་གསུམ་སྟེ། ཕྱག་རྫོགས་དབུ་གསུམ་དགོངས་པ་གཅིག་ཏུ་འབབ་པ་དང་། སྒྲུབ་བརྒྱུད་ཤིང་རྟ་ཆེན་པོ་བརྒྱད་ཡོང་ཁུངས་གཅིག་པ། བན་བོན་མཉམ་འདྲེས་བཅས་ཀྱི་ལྟ་བ་གསུམ་སྤྱི་སྡོམ་དང་དེ་དག་གི་འཕེལ་འགྱུར་ལ་དཔྱད་ཞིབ་བྱས་པ་དང་།ལྟ་བ་འགངས་ཆེན་གསུམ་གྱི་རྨང་གཞིའི་སྟེང་དུ་བྱུང་བའི་གྲུབ་མཐའ་རིས་མེད་ཀྱི་བསམ་བློ་ཡིས་བོད་ཀྱི་ཆོས་ལུགས་དང་། རིག་གནས། སྤྱི་ཚོགས་བཅས་ལ་ཐོན་པའི་དོན་སྙིང་ལ་དབྱེ་ཞིབ་བྱས་ཡོད།
[བརྡ་ཆད་གཙོ་བོ།] གྲུབ་མཐའ་རིས་མེད། ཐ་སྙད། འབྱུང་ཁུངས། ལྟ་བ། རིན་ཐང་།
[ཀྲུང་གོའི་དཔེ་དེབ་དབྱེ་རྟགས།] B946.6
[ཡིག་ཚང་མཚོན་བྱང་།] A
[རྩོམ་གྱི་གོ་རིམ་ཨང་སྒྲིག] 1002-9060-2020-01-0104-12
        གྲུབ་མཐའ་རིས་མེད་ཀྱི་བསམ་བློ་ནི་བོད་བརྒྱུད་ནང་བསྟན་ལ་མངའ་བའི་དད་མོས་དང་རིག་གཞུང་གི་བསམ་བློ་གལ་ཆེན་ཞིག་རེད། དེ་ཡང་བསྟན་པ་སྔ་དར་གྱི་སྐབས་ལ་བསམ་བློ་འདི་ཐོག་མར་བྱུང་བ་དང་། བསྟན་པ་ཕྱི་དར་ནས་བཟུང་དུས་རབས་རིམ་བྱོན་གྱི་མཁས་གྲུབ་དམ་པ་མང་པོས་བསམ་བློ་འདི་འཛིན་སྐྱོང་སྤེལ་གསུམ་བྱས་ཏེ། བོད་ཀྱི་ཆོས་ལུགས་དང་། རིག་གནས། སྤྱི་ཚོགས་བཅས་ཕྱོགས་སོ་སོར་ཤུགས་རྐྱེན་ངེས་ཅན་ཞིག་ཐེབས་འདུག ཉེ་བའི་ལོ་འགའི་རིང་ལ་གྲུབ་མཐའ་རིས་མེད་བརྗོད་གཞིར་བྱས་པའི་དཔྱད་འབྲས་མང་པོ་སྤེལ་ཡོད་པ་དག་ལ་གཞིགས་ན། མཁས་གྲུབ་དམ་པ་གཅིག་གི་གྲུབ་མཐའ་རིས་མེད་ཀྱི་བསམ་བློ་བྲིས་པ་དང་། བརྩམས་ཆོས་གཅིག་ལས་འཕྲོས་པའི་གྲུབ་མཐའ་རིས་མེད་ཀྱི་བསམ་བློ་ལ་དཔྱད་པ་བཏང་བ། རིས་མེད་ལས་འགུལ་སྐོར་ལ་རྩད་ཞིབ་བྱས་པ་སོགས་ཡོད་མོད། གྲུབ་མཐའ་རིས་མེད་ཅེས་པའི་ཐ་སྙད་འདི་ཡིག་ཆ་གང་ཞིག་གི་ནང་དུ་ཐོག་མར་བྱུང་བ་དང་། དུས་རབས་རིམ་བྱོན་གྱི་མཁས་དབང་དག་གིས་བཏོན་པའི་གྲུབ་མཐའ་རིས་མེད་ཀྱི་ལྟ་བ་འགངས་ཆེན་ཁག་དང་དེའི་འཕེལ་འགྱུར་ལ་དཔྱད་པ་བཏང་བ་མེད་པས། གྲུབ་མཐའ་རིས་མེད་སྐོར་ལ་ཞིབ་འཇུག་འཐུས་སྒོ་ཚང་བ་བྱེད་པ་ལ། གོང་གསལ་གྱི་ནང་དོན་ཁག་ལ་དཔྱད་པ་གཏོང་གལ་ཆེ་སྙམ།
དང་པོ། གྲུབ་མཐའ་རིས་མེད་ཅེས་པའི་ཐ་སྙད་ཀྱི་འབྱུང་ཁུངས།
        གྲུབ་མཐའ་རིས་མེད་ཅེས་པའི་ཐ་སྙད་འདི་ནི་གྲུབ་མཐའ་དང་རིས་མེད་གཉིས་ཀྱིས་གྲུབ་པ་ཞིག་དང་། དེ་ལས་གྲུབ་མཐའ་ནི་བོད་རང་གི་ཐ་སྙད་ཅིག་མ་ཡིན་པར།རྒྱ་གར་སྐད་ནས་འགྱུར་ཡོང་བ་ཞིག་སྟེ། རྒྱ་གར་སྐད་དུ་“སིངྔྷནྟ་”ཞེས་འབོད་ཅིང་། 《ལངྒར་གཤེགས་པའི་མདོ་》ལས། “ང་ཡི་ཚུལ་ནི་རྣམ་གཉིས་ཏེ། །གྲུབ་པའི་མཐའ་དང་བསྟན་པའོ། །བྱིས་པ་རྣམས་ལ་བརྗོད་པ་བཤད། །རྣལ་འབྱོར་ཅན་གྱི་གྲུབ་མཐའོ། །” ①ཞེས་གསུངས་པ་ལྟར། གྲུབ་མཐའ་ཞེས་པའི་ཐ་སྙད་འདི་རྒྱ་གར་དུ་སྟོན་པ་ཞལ་བཞུགས་དུས་ནས་བྱུང་ཡོད་པ་དང་། བོད་ལ་དུས་རབས་བརྒྱད་པའི་ནང་དུ་འགོས་ཆོས་གྲུབ་ཀྱིས་《ལངྒར་གཤེགས་པའི་མདོ་》བསྒྱུར་བ་ནས་བཟུང་སྟེ་བྱུང་བར་འདོད། རིས་མེད་ནི་བོད་རང་ས་ནས་བྱུང་བའི་ཐ་སྙད་ཅིག་དང་ཕྱོགས་རིས་མེད་པ་ལ་གོ་དགོས། གྲུབ་མཐའ་རིས་མེད་ཅེས་པའི་ཐ་སྙད་འདི་བོད་ལ་དུས་ནམ་ཞིག་ཏུ་བྱུང་ངམ་ཞེ་ན། མཁས་དབང་མཁར་རྨེའུ་བསམ་གཏན་གྱིས་“དུས་རབས་8པ་ནས་14བར་གྱི་ཆོས་འབྱུང་དག་ལ་བལྟས་ན། བོད་ཡིག་གི་གྲུབ་མཐའ་རིས་མེད་ཅེས་གྲུབ་མཐའ་ཕན་ཚུན་བར་དུ་ཕྱོགས་རིས་མི་བྱེད་པའི་ཐ་སྙད་(དམ་གོ་དོན་)འདི་རྙེད་དཀའ་ཡང་། དུས་སྐབས་འདིའི་རིང་དུ་གྲུབ་མཐའ་རིས་མེད་ཀྱི་ལྟ་བ་དང་འདྲ་བའམ་ཡང་ན་ལྟ་བ་འདི་ཉམས་ལེན་བྱེད་པའི་རྣལ་འབྱོར་པ་ཡོད་པ་ཡིག་ཆ་མང་པོས་ར་སྤྲོད་བྱེད་ཐུབ་” ②ཅེས་གསུངས་པ་ལྟར། དུས་རབས་14པའི་སྔོན་ལ་ཐ་སྙད་འདི་བྱུང་མེད་ཚུལ་གསུངས་འདུག དུས་རབས་14པའི་རྗེས་སུ་ཆོས་འབྱུང་དང་རྣམ་ཐར་སོགས་ཡིག་ཆ་མང་པོ་ཡོད་པ་ལས། ཁོ་བོར་ལག་སོན་བྱུང་བ་དག་ལ་གཞིགས་ན་པཎ་ཆེན་བློ་བཟང་ཆོས་ཀྱི་རྒྱལ་མཚན་གྱི་《རང་རྣམ་》དུ་“གྲུབ་མཐའ་རིས་མེད་”ཅེས་པའི་ཐ་སྙད་འདི་ཐོག་མར་བྱུང་ཡོད་པར་འདོད་དེ། “རིང་པོ་མ་ལོན་པར་ཆོས་གྲྭ་ཆེན་པོ་འདི་ཉིད་ཀྱིས་མཚོན་པའི་གཙང་རོང་གི་དགོན་གྲུབ་མཐའ་རིས་མེད་པ་དྲུག་ཅུ་ཙམ་ལ་མང་ཇ་བསྔོ་རྟེན་རྣམ་གཞག་སྤྱི་འགྱེད་དུ་སྤོས་ཤེལ་ཆེ་ཆུང་འདྲེས་པ་བཞི་བརྒྱ་དང་དོན་གཅིག བྱུ་རུ་ཆེ་ཆུང་འདྲེས་པ་རྡོག་ཉིས་བརྒྱ་དང་ཞེ་བརྒྱད་རྣམས་སོ་སོར་ཞལ་གྲངས་དང་མཐུན་པར་ཕུལ།” ③ ཅེས་དང་། “དེ་ནས་རྒྱལ་མཆོད་ཆེན་མོའི་ཉིན་གཙང་ཕྱོགས་ཀྱི་གྲུབ་མཐའ་རིས་མེད་པའི་དགོན་ཁག་ལྔ་བཅུ་ང་གྲངས་ལ།མང་ཇ་བསྔོ་རྟེན་རྣམ་གཞག་སྤྱི་འགྱེད་གོས་ཡུག་ཉི་ཤུ་རྩ་བཞི། རྟ་བདུན། ཁ་བཏགས་ཆེ་བ་མང་པོ་སོ་སོར་བབ་ཐོབ་དང་མཐུན་པར་བཏང་” ④ཞེས་གསུངས་པ་ལྟར་“གྲུབ་མཐའ་རིས་མེད་”ཅེས་པའི་ཐ་སྙད་འདི་ཐེངས་མང་བྱུང་ཡོད། པཎ་ཆེན་བློ་བཟང་ཆོས་རྒྱན་འཚོ་གཞེས་གནང་དུས་ནི་གཙང་པ་རྒྱལ་པོས་སྲིད་དབང་འཛིན་པའི་སྐབས་ཡིན་པ་དང་། གཙང་པ་རྒྱལ་པོའི་སྲིད་དབང་འདི་བོད་ཀྱི་ལོ་རྒྱུས་ཐོག་ཏུ་དུས་ཡུན་ཐུང་ངུ་ལས་གནས་མེད་ནའང་། དུས་ཡུན་ཐུང་ངུ་དེའི་ནང་དུ་བོད་ཡུལ་དུ་སྡེ་གཟར་ཐེངས་མང་བྱུང་བས། སེར་སྐྱ་མང་ཚོགས་ཀྱི་འཚོ་བ་དེ་སྐྱ་ཟད་སྔོ་རྡུགས་ཀྱི་གནས་ལ་གཏད་འདུག་པ་ལ། པཎ་ཆེན་བློ་བཟང་ཆོས་རྒྱན་མཆོག་གིས་སེར་སྐྱ་མང་ཚོགས་ཀྱི་འཚོ་བ་ལ་ཕན་ཐོགས་པར་དམིགས་ནས་རང་ལ་རྒྱུ་དངོས་གང་ཡོད་ཕྱོགས་སོ་སོར་གནང་སྦྱིན་མཛད་པ་དང་། ལྷག་པར་དུ་སེར་མོ་བའི་དགོན་སྡེ་རྣམས་ལ་ཕྱོགས་ལྷུང་གིས་མ་བསླད་པར་གནང་སྦྱིན་མཛད། ཚུལ་དེ་རྣམ་ཐར་དུ་འགོད་དུས་ཀྱང་“གྲུབ་མཐའ་རིས་མེད་”ཅེས་པའི་ཐ་སྙད་དངོས་སུ་སྤྱད་འདུག དེའི་ཕྱིར་པཎ་ཆེན་བློ་བཟང་ཆོས་རྒྱན་མཆོག་གིས་དུས་རབས་བཅུ་བདུན་པའི་ནང་དུ་མཛད་པའི་རང་རྣམ་《ཆོས་སྨྲ་བའི་དགེ་སློང་བློ་བཟང་ཆོས་ཀྱི་རྒྱལ་མཚན་གྱི་སྤྱོད་ཚུལ་གསལ་བར་སྟོན་པ་ནོར་བུའི་ཕྲེང་བ་》ཞེས་པའི་ནང་དུ་“གྲུབ་མཐའ་རིས་མེད་”ཅེས་པའི་ཐ་སྙད་འདི་ཐོག་མར་བྱུང་བར་འདོད་དོ། །
གཉིས་པ། གྲུབ་མཐའ་རིས་མེད་ཀྱི་ལྟ་བ་འགངས་ཆེན་གསུམ།
        “གྲུབ་མཐའ་རིས་མེད་”ཅེས་པའི་ཐ་སྙད་འདི་དུས་རབས་བཅུ་བདུན་པའི་ནང་དུ་ཐོག་མར་བྱུང་མོད། གྲུབ་མཐའ་རིས་མེད་ཀྱི་ལྟ་བ་ནི་དེ་དང་དུས་མཉམ་དུ་བྱུང་བ་ཞིག་མ་ཡིན་པར། བསྟན་པ་སྔ་དར་སྐབས་སུ་བཻ་རོ་ཙ་ན་མཆོག་གིས་ཐོག་མར་གསུངས་འདུག་པ་སྟེ། “ཆོས་རྣམས་ཐམས་ཅད་བྱང་ཆུབ་སེམས་ཡིན་ཏེ ། །ནམ་མཁའི་དཔེ་ལྟར་ཕྱོགས་རིས་ཀུན་དང་བྲལ། །སེམས་ཉིད་མཁའ་ལྟར་དག་པའི་གཏིང་རྟོགས་པས། །སངས་རྒྱས་ངོ་བོར་མ་གྱུར་གཅིག་ཀྱང་མེད། །མཁའ་ལྟར་མཉམ་པའི་ཆོས་ཉིད་ཡངས་པ་ལ། །ཕྱོགས་རིས་བཟང་ངན་འཛིན་པ་སྙིང་རེ་རྗེ། །” ⑤ཞེས་སོ། །བེེ་རོ་ཙ་ན་མཆོག་ནི་ཐོག་མར་བསམ་ཡས་སུ་ནང་པའི་ཆོས་སྒོར་ཞུགས་ཤིང་། སད་མི་བདུན་གྱི་གྲས་སུ་ཚུད་ཡོད་མོད། ཕྱིས་སུ་དོན་གང་མང་ཞིག་ལ་རྐྱེན་བྱས་ཏེ་རྒྱལ་མོ་ཚ་བ་རོང་དུ་སྤྱུགས་པ་དང་། གནས་དེར་བོན་ཆོས་ཧ་ཅང་དར་བས་དེ་ལ་ཐོས་པ་གཉེར་ཞིང་བན་བོན་གཉིས་ཞིབ་བསྡུར་མཛད་མཐར། བན་བོན་གང་ཡིན་ཡང་བྱང་ཆུབ་ཀྱི་སེམས་སྦྱང་བའི་ཆེད་དང་། སངས་རྒྱས་ཀྱི་ངོ་བོར་མ་གྱུར་པ་གཅིག་ཀྱང་མེད་པས་ཕྱོགས་རིས་བྱེད་མི་རུང་བ་བསྟན་ཡོད་པ་རེད། འོན་ཀྱང་ཁོང་གི་ལྟ་བ་འདི་བསྟན་པ་སྔ་དར་སྐབས་སུ་ཆེས་ཆེར་དར་ཐུབ་མེད། བསྟན་པ་ཕྱི་དར་སྐབས་སུ་གྲུབ་མཐའ་མང་པོ་བྱུང་བ་དང་བསྟུན་ནས་མཁས་གྲུབ་དམ་པ་མང་པོས་གྲུབ་མཐའ་རིས་མེད་ཀྱི་ལྟ་བ་འདྲ་མིན་མང་པོ་བཏོན་ཡོད་པ་ལ། གཙོ་ཆེ་བ་ཕྱག་རྫོགས་དབུ་གསུམ་གྱི་དགོངས་པ་གཅིག་ཏུ་འབབ་པ་དང་། སྒྲུབ་བརྒྱུད་ཤིང་རྟ་ཆེན་པོ་བརྒྱད་ཡོང་ཁུངས་གཅིག་ཡིན་པ།བན་བོན་མཉམ་འདྲེས་ཡིན་པ་བཅས་ཕྱོགས་གསུམ་དུ་སྣང་བ་བརྗོད་པར་བྱ་བ་ལ།
        གཅིག ཕྱག་རྫོགས་དབུ་གསུམ་དགོངས་པ་གཅིག་ཏུ་འབབ་པ། བོད་བརྒྱུད་ནང་བསྟན་གྱི་གྲུབ་མཐའ་སོ་སོར་ཐུན་མོང་མ་ཡིན་པའི་གདམས་པ་རེ་རེ་ཡོད་པ་ལས། རྙིང་མ་བའི་གདམས་པ་གཙོ་བོ་རྫོགས་ཆེན་དང་། བཀའ་བརྒྱུད་པའི་གདམས་པ་གཙོ་བོ་ཕྱག་རྒྱ་ཆེན་པོ་རེད། གྲུབ་མཐའ་འདི་གཉིས་ཀྱི་གདམས་པ་སོ་སོ་མིང་འདོགས་སྟངས་མི་འདྲ་ན་ཡང་། བོད་ཀྱི་མཁས་དབང་མང་པོས་གཉིས་ཀ་དབུ་མའི་ལྟ་བ་དང་ཁྱད་པར་མེད་པར་འདོད། པཎ་ཆེན་སྐུ་ཕྲེང་བཞི་པ་བློ་བཟང་ཆོས་ཀྱི་རྒྱལ་མཚན་མཆོག་གིས། “ལྷན་ཅིག་སྐྱེས་སྦྱོར་གའུ་མ། །ལྔ་ལྡན་རོ་སྙོམས་ཡི་གེ་བཞི། །ཞི་བྱེད་གཅོད་ཡུལ་རྫོགས་ཆེན་དང་། ། དབུ་མའི་ལྟ་ཁྲིད་ལ་སོགས་པ། །སོ་སོར་མིང་འདོགས་མང་ན་ཡང་། །ངེས་དོན་ལུང་རིགས་ལ་མཁས་ཤིང་། །ཉམས་མྱོང་ཅན་གྱི་རྣལ་འབྱོར་པས། །དཔྱད་ན་དགོངས་པ་གཅིག་ཏུ་འབབ། །” ⑥ཅེས་གསུངས་པ་ལྟར། ཚིག་རྐང་དང་པོ་དང་གཉིས་པའི་ནང་དུ་གཙོ་བོ་ཕྱག་རྒྱ་ཆེན་པོ་བརྗོད་ཡོད་དེ། “བཀའ་བརྒྱུད་གོང་མ་རྣམས་ཀྱིས་དངོས་གཞི་ཕྱག་ཆེན་གྱི་ཉམས་ལེན་གཞིར་བཞག་ལ། ལས་དང་པོ་བས་དེ་རྒྱུད་ལ་སྐྱེ་བ་ལ་མེད་མི་རུང་གི་ཡན་ལག་མང་པོ་ཞིག་དགོངས་པར་གཟིགས་ནས་འཁྲིད་ལུགས་ཀྱི་རྣམ་གྲངས་མང་པོ་ཞིག་མཛད་འདུག་སྟེ། རྗེ་སྒམ་པོ་བ་ནི། ལྷན་ཅིག་སྐྱེས་སྦྱོར་དང་། འབྲི་གུང་འཇིག་རྟེན་མགོན་པོས་ནི་ལྔ་ལྡན་དང་། གཙང་པ་རྒྱ་རས་པ་སོགས་ཀྱིས་ཁྲིད་ཆེན་བརྒྱད། རོ་སྙོམས་སྐོར་དྲུག་རི་ཆོས་རྣམས་འདོམས་པའི་སྒོ་ནས་སློབ་མ་འཁྲིད་པར་མཛད་དོ་” ⑦ཞེས་གསུངས་པ་ལྟར། ལས་དང་པོ་བ་རྣམས་འཇུག་བདེ་བའི་སླད་དུ་ཕྱག་རྒྱ་ཆེན་པོའི་འཁྲིད་སྟངས་མི་འདྲ་བ་བྱུང་ཡོད་པ་དང་། ལྷན་ཅིག་སྐྱེས་སྦྱོར་དང་། གའུ་མ། ལྔ་ལྡན། རོ་སྙོམས། ཡི་གེ་བཞི་བཅས་གང་ཡིན་ཡང་ཚང་མ་ཕྱག་རྒྱ་ཆེན་པོར་གོ་དགོས་པར་འདུག དེ་ལས་གཞན་ད་དུང་གཅོད་དང་། ཞི་བྱེད། རྫོགས་ཆེན། དབུ་མ་སོགས་ཀྱང་བསྟན་འདུག་པ་དང་། མདོ་སྔགས་ཀྱི་གཞུང་ཀུན་ལ་ཐོས་བསམ་སྒོམ་གསུམ་མཐིལ་ཕྱིན་མཛད་པའི་རྣལ་འབྱོར་པ་ཉམས་མྱོང་ཅན་ཞིག་གིས་བལྟས་ན་ཚང་མ་གཅིག་ཏུ་འབབ་པས་ཁྱད་པར་ཅི་ཡང་མེད་པར་བསྟན་འདུག
        ཀུན་མཁྱེན་འབྲུག་པ་ཀུན་ལེགས་ཀྱིས་“ཕྱག་ཆེན་རྫོགས་ཆེན་དབུ་མ་གསུམ། །མཁས་པས་བལྟས་ན་གཅིག་ཏུ་འདུག །བླུན་པོ་མཆོད་སྤོངས་མཛད་འདོད་རྣམས། །སོ་སོར་ཕྱེ་ལ་ང་ཡིས་བསྒོམས། །” ⑧ཞེས་གསུངས་པ་ལྟར། རྫོགས་པ་ཆེན་པོ་དང་། ཕྱག་རྒྱ་ཆེན་པོ། དབུ་མ་བཅས་ནི་མཁས་ཤིང་གྲུབ་པ་ཞིག་གིས་བལྟས་ན་ཚང་མ་དགོངས་པ་གཅིག་ཏུ་འབབ་མོད། བླུན་པོ་རྣམས་ཀྱིས་དེ་རྣམས་མི་འདྲ་བར་འདོད་དེ་སོ་སོར་ཕྱེ་བ་ནི་དོན་ལ་བླུན་རྟགས་ཤིག་ཡིན་པར་འདོད་ཡོད་པ་རེད། 
        ཆོས་རྗེ་ཀརྨ་རང་བྱུང་རྡོ་རྗེའི་ཞལ་ནས། “ཡིད་བྱེད་བྲལ་བ་འདི་ནི་ཕྱག་རྒྱ་ཆེ། །མཐའ་དང་བྲལ་བ་དབུ་མ་ཆེན་པོ་ཡིན། །འདི་ནི་ཀུན་འདུས་རྫོགས་ཆེན་ཞེས་ཀྱང་བྱ། །གཅིག་ཤེས་ཀུན་དོན་རྟོགས་པའི་གདེངས་ཐོབ་ཤོག །” ⑨ཅེས་གསུངས་པ་ལྟར། རང་བཞིན་ལྷན་ཅིག་སྐྱེས་པ་ཇི་ལྟ་བར་རྟོགས་པ་དེ་ཡིད་ལ་བྱེད་པ་ཐམས་ཅད་དང་བྲལ་བས་ན་ཕྱག་རྒྱ་ཆེན་པོ་དང་། མཐའ་ཐམས་ཅད་དང་བྲལ་བས་དབུ་མ་ཆེན་པོ། ཆོས་ཐམས་ཅད་རྟོགས་པ་འདིར་འདུས་པས་རྫོགས་པ་ཆེན་པོ་ཞེས་པ་ལྟར། ཕྱག་རྫོགས་དབུ་གསུམ་སོ་སོ་ནི་སེམས་ཀྱི་གནས་ལུགས་རྟོགས་པའམ་སྟོན་པ་ལ་མིང་འདོགས་སྟངས་མི་འདྲ་བ་བྱུང་ཡོད་ན་ཡང་། དེ་ལས་གཅིག་ཤེས་ན་གཞན་ཀུན་རྟོགས་ཐུབ་པའི་གཅིག་ཤེས་ཀུན་གྲོལ་གྱི་ཁྱད་ཆོས་མངའ་བས་ངེས་པ་དོན་གྱིས་དེ་གསུམ་ཀ་ཁྱད་པར་མེད་པ་བསྟན་ཡོད།གོང་གསལ་ལྟར་པཎ་ཆེན་བློ་བཟང་ཆོས་རྒྱན་དང་། ཀུན་མཁྱེན་འབྲུག་པ་ཀུན་ལེགས། ཀརྨ་རང་བྱུང་རྡོ་རྗེ་སོགས་བོད་ཀྱི་མཁས་དབང་མང་པོས་རྙིང་མའི་རྫོགས་པ་ཆེན་པོ་དང་། བཀའ་བརྒྱུད་པའི་ཕྱག་རྒྱ་ཆེན་པོ། དབུ་མའི་ལྟ་བ་བཅས་ནི་སོ་སོར་མིང་འདོགས་སྟངས་མི་འདྲ་བ་མ་གཏོགས། ངེས་པ་དོན་གྱིས་དགོངས་པ་གཅིག་ཏུ་འབབ་པའི་ལྟ་བ་བཏོན་ཡོད།
        གཉིས། སྒྲུབ་བརྒྱུད་ཤིང་རྟ་ཆེན་པོ་བརྒྱད་ཀྱི་ཡོང་ཁུངས་གཅིག་ཡིན་པ། བོད་བརྒྱུད་ནང་བསྟན་ལ་གྲུབ་མཐའ་མང་པོ་ཡོད་པ་ལས་ཆེས་མཐའ་མར་བྱུང་བ་ནི་དགེ་ལུགས་པ་ཡིན་པ་དང་། དགེ་ལུགས་པའི་རྗེས་སུ་བོད་ལ་གྲུབ་མཐའ་གསར་པ་བྱུང་མེད། བོད་ལ་བྱུང་བའི་གྲུབ་མཐར་བགྲང་ཚུལ་མི་འདྲ་བ་མང་པོ་ཡོད་པ་ལས། སྒྲུབ་བརྒྱུད་ཤིང་རྟ་ཆེན་པོ་བརྒྱད་ཅེས་པ་ནི་དེའི་གྲས་ཀྱི་བགྲང་ཚུལ་གཙོ་བོ་ཞིག་རེད།
        འཇམ་དབྱངས་མཁྱེན་བརྩེའི་དབང་པོའི་ཞལ་ནས།“དཔལ་ལྡན་རྡོ་རྗེ་འཆང་ནས་ལེགས་འོངས་པའི། །གངས་རིའི་ཁྲོད་འདིར་སྒྲུབ་བརྒྱུད་ཤིང་རྟ་བརྒྱད། །དེ་དག་གྲུབ་ཆེན་གོང་མའི་གཤེགས་ཤུལ་ཡིན། །ཐར་འདོད་རྣམས་ཀྱང་ལམ་དེའི་རྗེས་སུ་ཞུགས། །” ⑩ཞེས་གསུངས་པ་ལྟར། སྒྲུབ་བརྒྱུད་ཤིང་རྟ་བརྒྱད་ནི་སྔ་འགྱུར་རྙིང་མ་དང་། བཀའ་གདམས་པ། ལམ་འབྲས་པ། མར་པའི་བཀའ་བརྒྱུད།ཤངས་པ་བཀའ་བརྒྱུད། ཞི་བྱེད་ཡན་ལག་དང་བཅས་པ། སྦྱོར་དྲུག རྡོ་རྗེ་གསུམ་གྱི་བསྙེན་སྒྲུབ་བཅས་བརྒྱད་ཡིན་པ་དང་། འདི་དག་ཚང་མ་དཔལ་ལྡན་རྡོ་རྗེ་འཆང་ནས་བརྒྱུད་ཡོང་བས་ཡོང་ཁུངས་གཅིག་ཡིན་པ་བསྟན་འདུག
        ཀོང་སྤྲུལ་ཡོན་ཏན་རྒྱ་མཚོའི་ཞལ་ནས། “བོད་ཡུལ་སྒྲུབ་བརྒྱུད་ཤིང་རྟ་ཆེན་པོ་བརྒྱད། །རྙིང་མ་བཀའ་གདམས་ལམ་འབྲས་བཀའ་བརྒྱུད་པ། །ཤངས་པ་ཞི་བྱེད་སྦྱོར་དྲུག་བསྙེན་སྒྲུབ་བོ། །” ⑪ཞེས་གསུངས་པ་ལྟར། ཀོང་སྤྲུལ་མཆོག་གིས་ཀྱང་འཇམ་དབྱངས་མཁྱེན་བརྩེ་དབང་པོའི་བོད་ཡུལ་ལ་སྒྲུབ་བརྒྱུད་ཤིང་རྟ་ཆེན་པོ་བརྒྱད་ཡོད་པའི་ལྟ་བ་འདི་རྒྱུད་འཛིན་བྱས་ཡོད།
        སངས་རྒྱས་ཆོས་ལུགས་བོད་ཡུལ་དུ་རྒྱུད་འཛིན་དང་དར་སྤེལ་འགྲོ་བའི་གོ་རིམ་ཁྲོད་དུ་གྲུབ་མཐའ་མི་འདྲ་བ་མང་པོ་བྱུང་ཡོད་པ་ལ། བོད་ཡུལ་དུ་ངེས་པ་དོན་གྱིས་གྲུབ་མཐའ་ག་ཚོད་ཡོད་པའི་བགྲང་ཚུལ་ཐད་ལ་ཡང་འགྱུར་བ་བྱུང་ཡོད་དེ། “བོད་པ་རྣམས་ཀྱིས་བོད་བརྒྱུད་ནང་བསྟན་དེ་རྙིང་མ་དང་། བཀའ་བརྒྱུད། ས་སྐྱ། དགེ་ལུགས་བཅས་གྲུབ་མཐའ་བཞི་རུ་དགར་རྒྱུར་གོམས་ཡོད། འདི་ལྟར་དགར་བ་ཡང་གཙོ་བོ་དུས་རབས་བཅུ་པའི་རྗེས་སུ་རིམ་པ་བཞིན་བྱུང་བའི་ཆབ་སྲིད་འཐབ་རྩོད་ལ་རག་ལས་ཡོད་པ་དང་། དུས་རབས་བཅུ་དགུ་པའི་ནང་དུ་གོང་གསལ་གྱི་གྲུབ་མཐའ་བཞི་པོ་ཚབ་མཚོན་ལྟ་བུར་གྱུར་ཡོད་པ་རེད་” ⑫ཅེས་གསུངས་པ་ལྟར། དུས་རབས་བཅུ་དགུ་པའི་སྔོན་ལ་ས་དགེ་བཀའ་རྙིང་ཞེས་གྲུབ་མཐའ་ཆེན་པོ་བཞིའི་བགྲང་ཚུལ་འདི་རྒྱུགས་ཆེ་ཞིང་གོམས་ལོབ་ཏུ་གྱུར་འདུག་མོད། “ཀོང་སྤྲུལ་ཡོན་ཏན་རྒྱ་མཚོ་མཆོག་གིས་གྲུབ་མཐའ་ཆེན་པོ་བཞི་ཞེས་པ་ལ་ཁ་གཏད་དེ་སྒྲུབ་བརྒྱུད་ཤིང་རྟ་ཆེན་པོ་བརྒྱད་ཅེས་པའི་བགྲང་ཚུལ་བཏོན་པ་རེད།” ⑬ཅེས་གསུངས་པ་ལྟར། དུས་རབས་བཅུ་དགུ་པའི་ནང་དུ་བྱོན་པའི་འཇམ་དབྱངས་མཁྱེན་བརྩེའི་དབང་པོ་དང་ཀོང་སྤྲུལ་ཡོན་ཏན་རྒྱ་མཚོ་གཉིས་ཀྱིས་སྒྲུབ་བརྒྱུད་ཤིང་རྟ་བརྒྱད་ཅེས་པའི་ལྟ་བ་བཏོན་ཅིང་། དེ་དག་ཚང་མ་དཔལ་ལྡན་རྡོ་རྗེ་འཆང་ནས་བརྒྱུད་ཡོང་བར་བསྟན་པ་དེས་གྲུབ་མཐའ་ཆེན་པོ་བཞི་རུ་མ་འདུས་པ་གཞན་དག་ལ་རིས་སུ་མ་ཆད་པར་གནང་ཞིང་། དེ་ཚོ་དང་མཉམ་པའི་གོ་གནས་ཤིག་བསྩལ་བ་རེད།
        གསུམ། བན་བོན་མཉམ་འདྲེས། བཙན་པོ་སྲོང་བཙན་སྒམ་པོའི་སྐབས་སུ་ནང་ཆོས་བོད་ལ་གདན་དྲངས་པ་ནས་བཟུང་རིམ་གྱིས་དར་འགོ་བརྩམས་པ་དང་། དར་ཁྱབ་འགྲོ་རིང་ལ་བོད་རང་ས་ནས་བྱུང་བའི་བོན་གྱིས་གེགས་བྱས་པས། དེ་གཉིས་བར་འགལ་བ་མང་པོ་བྱུང་བ་རེད། འགལ་བ་འདི་དག་ཕྱོགས་གཞན་ཞིག་ནས་བལྟས་ན་ཕན་ཚུན་མཉམ་འདྲེས་བྱུང་བའི་གོ་རིམ་ཞིག་ཀྱང་རེད།
        ཐུའུ་བཀྭན་བློ་བཟང་ཆོས་ཀྱི་ཉི་མས། “ཆོས་དང་བོན་ཞེས་འགལ་བའི་ཚད་བྱེད་ཀྱང་། །ཆོས་ལ་བོན་འདྲེས་བོན་ལ་ཆོས་འདྲེས་པས། །ཆོས་མིག་རྡུལ་བྲལ་མི་ལྡན་བདག་ལྟ་བུ། །ཆོས་བོན་རྣམ་དབྱེ་འབྱེད་ལ་སྒྱིད་ལུག་གྱུར། །” ⑭ཅེས་བན་བོན་གཉིས་ནི་ལོ་རྒྱུས་ཀྱི་འཕེལ་རིམ་ཁྲོད་དུ་བན་བསྟན་བོན་ལ་འདྲེས་པ་དང་། བོན་བསྟན་བན་ལ་འདྲེས་པའི་གོ་རིམ་ཞིག་བརྒྱུད་མཐར། ཕན་ཚུན་མཉམ་དུ་འདྲེས་ཏེ་དབྱེ་བ་འབྱེད་དཀའ་བའི་ཁྱད་ཆོས་ཤིག་གྲུབ་པ་བསྟན་ཏོ། །
        གཞན་ཡང་ཤར་རྫ་བཀྲ་ཤིས་རྒྱལ་མཚན་གྱིས། “བོན་དང་ཆོས་ལ་རིས་སུ་མ་ཆོད་པ། །གང་ཡང་ཡང་དག་དོན་དུ་གཅིག་པས་ན། །གང་ནས་ཞུགས་ཀྱང་སངས་རྒྱས་བསྟན་པ་ལ། ། ཐོས་ཆུང་བློ་ཡིས་མ་ཕྱེ་སྙིང་གཏམ་ཡིན། །” ⑮ཞེས་བན་བོན་གང་ཡིན་ཡང་གཉིས་ཀ་སངས་རྒྱས་ཀྱི་གོ་འཕང་གཉེར་བའི་ལམ་ཡང་དག་པ་དང་མདོ་དོན་གཅིག་ཏུ་འབབ་པས་ན། སོ་སོར་ཕྱེ་ནས་ཕྱོགས་རིས་བྱེད་མི་རུང་བསྟན་ཡོད།
ལོ་རྒྱུས་ཀྱི་འཕེལ་རིམ་ཁྲོད་དུ་བན་གྱིས་བོན་ལ་བསྟུན་པའི་གོ་རིམ་ཞིག་དང་། བོན་གྱིས་བན་ལ་བསྟུན་པའི་གོ་རིམ་ཞིག་ཡོད་དེ། ནང་ཆོས་བོད་ལ་ཐོག་མར་དར་བའི་སྐབས་སུ་བོད་རང་ས་ནས་བྱུང་བའི་བོན་གྱིས་གེགས་བྱས་པ་ལ། ནང་པའི་བསྟན་པ་དར་ཁྱབ་འགྲོ་བ་དང་དེ་བོད་མི་ཀུན་གྱིས་དང་ལེན་བྱེད་བདེ་བའི་སླད་དུ། རི་ལྷ་གསོལ་ཚུལ་སོགས་བོན་གྱི་ཆོ་ག་ཕྱག་ལེན་མང་པོ་ཚུར་ལེན་བྱས་པ་དང་། བསྟན་པ་ཕྱི་དར་སྐབས་ལ་སླེབས་དུས་བོན་བསྟན་ཧ་ཅང་ཉམས་ཞན་དུ་གྱུར་ཡོད་པས། རང་གི་བསྟན་པ་མ་ཉམས་གོང་འཕེལ་དུ་འགྲོ་སླད་བན་ཕྱོགས་ཀྱི་གཞུང་ལུགས་མང་པོ་ཚུར་ལེན་བྱས་པས། བན་བོན་གཉིས་ནི་ལོ་རྒྱུས་ཀྱི་འཕེལ་རིམ་ཁྲོད་དུ་ཕན་ཚུན་མཉམ་དུ་འདྲེས་ཏེ་སོ་སོར་འབྱེད་དཀའ་བའི་ཁྱད་ཆོས་ཤིག་གྲུབ་ཡོད།
        བཞི། སྡོམ་ཆུང་། བསྟན་པ་སྔ་དར་སྐབས་སུ་བཻ་རོ་ཙ་ན་མཆོག་ནས། བན་བོན་གང་ཡིན་ཡང་བྱང་ཆུབ་ཀྱི་སེམས་སྦྱང་བའི་ཆེད་དང་སངས་རྒྱས་ཀྱི་ངོ་བོར་མ་གྱུར་པ་གཅིག་ཀྱང་མེད་པས་ཕྱོགས་རིས་བྱེད་མི་རུང་བའི་ལྟ་བ་བཏོན་པ་དང་།ལྟ་བ་དེ་ཉིད་གྲུབ་མཐའ་རིས་མེད་ཀྱི་བསམ་བློའི་ཆུ་མགོ་ལྟ་བུར་གྱུར་འདུག་མོད། འོན་ཀྱང་བསྟན་པ་སྔ་དར་སྐབས་སུ་ལྟ་བ་འདི་རྒྱུད་འཛིན་དང་དར་སྤེལ་བྱས་མི་འདུག བསྟན་པ་ཕྱི་དར་སྐབས་སུ་བོད་ལ་གྲུབ་མཐའ་མི་འདྲ་བ་མང་པོ་བྱུང་བ་དང་བསྟུན་ནས། གྲུབ་མཐའ་རིས་མེད་ཀྱི་ལྟ་བ་ཡང་འདྲ་མིན་མང་པོ་བྱུང་ཡོད་པ་དང་། དེ་ལས་ཕྱག་རྫོགས་དབུ་གསུམ་ཁྱད་པར་མེད་པའི་ལྟ་བ་འདི་ནི་དུས་རབས་བཅུ་བདུན་པའི་ནང་དུ་པཎ་ཆེན་བློ་བཟང་ཆོས་རྒྱན་མཆོག་གིས་བཏོན་པ་དང་། སྒྲུབ་བརྒྱུད་ཤིང་རྟ་ཆེན་པོ་བརྒྱད་ཀྱི་ཡོང་ཁུངས་གཅིག་ཡིན་པ་དང་བན་བོན་གཉིས་ཕན་ཚུན་འདྲེས་ཡོད་པའི་ལྟ་བ་གཉིས་ནི་གཙོ་བོ་དུས་རབས་བཅུ་དགུ་པའི་ནང་དུ་བཏོན་པ་རེད། འདི་ལས་གྲུབ་མཐའ་རིས་མེད་ཀྱི་ལྟ་བ་དེ་ཁྱབ་ཆུང་བ་ནས་ཆེ་རུ་སོང་བ་རྟོགས་ཐུབ་པ་དང་། གོ་རིམ་འདིའི་ཁྲོད་དུ་བོད་ཀྱི་གྲུབ་མཐའ་རིས་མེད་ཀྱི་བསམ་བློ་ཡང་རིམ་གྱིས་གྲུབ་པ་རེད།
གསུམ་པ། གྲུབ་མཐའ་རིས་མེད་ཀྱི་གོ་དོན་དང་དོགས་སློང་།
        མཁས་གྲུབ་སྔ་མ་རྣམས་ཀྱིས་གྲུབ་མཐའ་རིས་མེད་ཀྱི་ལྟ་བ་མི་འདྲ་བ་མང་པོ་བཏོན་པ་ལ་དུང་དཀར་བློ་བཟང་འཕྲིན་ལས་མཆོག་གིས་སྤྱི་བསྡོམས་གནང་བའི་ཚུལ་གྱིས་གོ་དོན་བཞག་ཡོད་དེ། “བོད་དུ་ནི་རྙིང་མ་ས་སྐྱ་བཀའ་བརྒྱུད་དགེ་ལུགས་སོགས་ནང་པ་སངས་རྒྱས་པའི་ཆོས་ལུགས་ཀྱི་གྲུབ་མཐའ་རིས་མི་འདྲ་བ་མང་དུ་ཡོད་པ་དེ་དག་ཚང་མས་རང་ཉིད་ཀྱི་ཕྱོགས་བཟུང་ནས་གཞན་ལ་དམའ་འབེབས་དང་མཐོང་ཆུང་བཀག་འགོག་སོགས་མི་བྱེད་པའི་ཐོག གྲུབ་མཐའ་རང་རང་གི་ལྟ་སྤྱོད་གཙང་མར་སྐྱོང་བ་དེ་ལ་གྲུབ་མཐའ་རིས་མེད་ཟེར་” ⑯ཞེས་གསུངས་པ་ལྟར། རང་རང་གི་གྲུབ་མཐའ་གང་དེའི་ལྟ་སྒོམ་སྤྱོད་གསུམ་གཙང་མ་བྱས་ཐོག གྲུབ་མཐའ་གཞན་ཀུན་ལ་དམའ་འབེབས་དང་། གཤེ་སྐུར། མཐོང་ཆུང་བཅས་མི་བྱེད་པ་ལ་གྲུབ་མཐའ་རིས་མེད་ཟེར་བ་རེད། གོ་དོན་འདི་ལ་རྗེས་རབས་པ་རྣམས་ཀྱིས་འགྲེལ་བཤད་བྱེད་དུས་ལྟ་ཚུལ་འདྲ་མིན་མང་པོ་བྱུང་ཡོད་པ་ལ། ཁོ་བོས་རྩོད་པ་སྤོང་དགོས་པའི་གནད་གཉིས་ཀྱང་ཡོད་པར་འདོད་དེ། གཅིག་ནི་བོད་བརྒྱུད་ནང་བསྟན་གྱི་གྲུབ་མཐའ་ཕན་ཚུན་གྱི་ལྟ་བ་འབབ་ས་གཅིག་ཡིན་པས། གྲུབ་མཐའ་ཚང་མར་འཇུག་པའམ་ཡང་ན་གྲུབ་མཐའ་ཞེས་པ་མེད་ཆོག་པར་འདོད་པའི་ལྟ་བ་དེ་འཐད་ལྡན་དུ་མ་མཐོང་སྟེ། གྲུབ་མཐའ་ནི་ཆོས་ལུགས་སམ་རིག་གནས་གང་ཞིག་འཕེལ་རྒྱས་འགྲོ་བའི་གོ་རིམ་ཁྲོད་དུ་འབྱུང་ངེས་པ་ཞིག་སྟེ།རྒྱ་ནག་ལ་མཚོན་ན་ཁྲུན་ཆིའུ་ཀྲན་གོའི་དུས་སུ་རུའུ་ལུགས། ཏའོ་ལུགས་དང་། ཧྥ་ལུགས་སོགས་གྲུབ་མཐའ་མང་པོ་བྱུང་ཡོད་པ་དང་། ཡེ་ཤུའི་ཆོས་ལུགས་ལ་མཚོན་ན་ཡང་གྲུབ་མཐའ་མི་འདྲ་བ་གསུམ་བྱུང་ཡོད། དབྱི་སི་ལན་ཆོས་ལུགས་ལ་ཡང་དེ་ལྟར་དུ་ཆེ་ཕྱོགས་ནས་གྲུབ་མཐའ་མི་འདྲ་བ་གཉིས་བྱུང་ཡོད་པ་རེད། དེའི་ཕྱིར་གྲུབ་མཐའ་ནི་ཆོས་ལུགས་སམ་རིག་གནས་གང་ཞིག་གྲ་རྒྱས་ཕུན་ཚོགས་སུ་འགྲོ་བའི་རྒྱུ་དང་རྟགས་མཚན་གཙོ་བོ་ཞིག་ཏུ་གྲུབ་ཡོད་པས་མེད་དུ་མི་རུང་བ་ཞིག་ཡིན་པར་འདོད། གཉིས་ནི་གྲུབ་མཐའ་ཕན་ཚུན་བར་དུ་དོགས་སློང་དང་རྩོད་པ་བྱེད་པ་ནི་གྲུབ་མཐའ་རིས་ཆད་དུ་ངོས་བཟུང་ན་མི་འགྲིག་པར་སྙམ་སྟེ། སངས་རྒྱས་ཤཱཀྱ་ཐུབ་པའི་ཞལ་སྔ་ནས། “དགེ་སློང་དག་གམ་མཁས་རྣམས་ཀྱིས། །བསྲེགས་བཅད་བརྡར་བའི་གསེར་བཞིན་དུ། །ཡོངས་སུ་བརྟགས་ནས་ང་ཡི་བཀའ། །བླང་བར་བྱ་ཡི་གུས་ཕྱིར་མིན། །” ⑰ཞེས་གསུངས་པ་ལྟར། དོགས་སློང་བྱེད་པ་ནི་ནང་པའི་བསྟན་པ་ལ་མངའ་བའི་ཐུན་མོང་མ་ཡིན་པའི་ཁྱད་ཆོས་ཤིག་ཡིན་པས། གྲུབ་མཐའ་ཕན་ཚུན་བར་དམའ་འབེབས་དང་། མཐོང་ཆུང་སོགས་མི་བྱེད་པའི་སྔོན་འགྲོའི་འོག་ཏུ་དོགས་སློང་དང་རྩོད་པ་བྱེད་ཆོག་ཆོག་ཅིག་ཡིན་པར་འདོད་པ་དང་། གྲུབ་མཐའ་རིས་ཆད་དུ་སོང་བ་མ་ཡིན་པར། བོད་བརྒྱུད་ནང་བསྟན་གྱི་གྲུབ་མཐའ་རིས་མེད་ལ་མངའ་བའི་ཁྱད་ཆོས་གཙོ་བོ་ཞིག་ཡིན་པར་འདོད་དོ། །
བཞི་པ། གྲུབ་མཐའ་རིས་མེད་ཀྱི་རིན་ཐང་།
        བོད་ཀྱི་ལོ་རྒྱུས་ཀྱི་འཕེལ་རིམ་མི་འདྲ་བར་གཞིགས་ན་གྲུབ་མཐའ་རིས་ཆད་དུ་སོང་བའི་དུས་སྐབས་ཡོད་ལ། གྲུབ་མཐའ་རིས་མེད་བྱས་ཏེ་མེ་ཏོག་མཉམ་བཞད་དང་། མཁས་བརྒྱ་འགྲན་གླེང་གི་རྣམ་པ་ཡང་བྱུང་མྱོང་ཡོད་པ་རེད། དེ་ལས་གྲུབ་མཐའ་རིས་མེད་བྱས་པའི་དུས་སྐབས་སུ་ནི་ཆོས་ལུགས་འཛིན་སྐྱོང་དང་། རིག་གནས་གྲ་རྒྱས། སྤྱི་ཚོགས་ཞི་མཐུན་སོགས་ཀྱི་དགེ་མཚན་མང་པོ་གྲུབ་ཡོད་པ་རེད།
གཅིག ཆོས་ལུགས། བསྟན་པ་ཕྱི་དར་གྱི་མེ་རོ་མདོ་ཁམས་སྨད་ནས་གསོས་རྗེས་བོད་ཀྱི་མངའ་བདག་དང་མཁས་གྲུབ་མང་པོས་རྒྱ་གར་གྱི་པཎྜི་ཏ་སྤྱན་འདྲེན་པའམ་རང་ཉིད་དངོས་སུ་རྒྱ་གར་དུ་ཕྱིན་ནས་གདམས་པ་རྩ་ཆེན་མང་པོ་བླངས་མཐར་བོད་ཡུལ་ནས་བུ་སློབ་མང་དུ་བསྐྱངས་ཏེ་གྲུབ་མཐའ་མང་པོ་བྱུང་བ་དང་། དེ་ལས་བཀའ་གདམས་པས་སྐྱེས་བུ་གསུམ་གྱི་ལམ་གྱི་རིམ་པའི་གདམས་པ་དང་། ས་སྐྱ་པས་གསུང་ངག་ལམ་འབྲས་རིན་པོ་ཆེ། བཀའ་བརྒྱུད་པས་ཕྱག་རྒྱ་ཆེན་པོ། ཇོ་ནང་པས་གཞན་སྟོང་། ཞི་བྱེད་པས་གཅོད་ལུགས། རྙིང་མ་པས་རྫོགས་པ་ཆེན་པོ། དགེ་ལུགས་པས་སྐྱེས་བུ་གསུམ་གྱི་ལམ་གྱི་རིམ་པ་དང་སློབ་དཔོན་ཀླུ་སྒྲུབ་ནས་བརྒྱུད་པའི་དབུ་མའི་ལྟ་བ་བཅས་རྒྱུད་འཛིན་བྱས་པ་རེད། གྲུབ་མཐའ་མང་པོ་བྱུང་བ་དང་གདམས་པ་རྩ་ཆེན་མང་པོ་རྒྱུད་འཛིན་བྱས་པ་དེས་བོད་བརྒྱུད་ནང་བསྟན་སྔར་ལས་རྒྱ་ཇེ་ཆེ་དང་གཏིང་ཇེ་ཟབ་ཏུ་བཏང་མོད། འོན་ཀྱང་གྲུབ་མཐའ་དེ་དག་གིས་བོད་ཡུལ་དུ་གདམས་པ་སོ་སོ་འཛིན་སྐྱོང་སྤེལ་གསུམ་བྱེད་པའི་གོ་རིམ་ཁྲོད་དུ་འཇིགས་ཉེན་ཐེངས་མང་བྱུང་བ་ལ། མཁས་གྲུབ་དམ་པ་མང་པོས་གྲུབ་མཐའ་གང་ལ་ཡང་རིས་སུ་མ་ཆད་པར་བལྟས་ཏེ་འཇིགས་ཉེན་ཐམས་ཅད་བཟློགས་ནས་གདམས་པ་རྩ་ཆེན་གང་ཡོད་རྒྱུད་འཛིན་ཡག་པོ་བྱུང་ཡོད་དེ། ས་སྐྱ་པའི་སྐབས་སུ་ཡོན་གོང་མས་“བོད་ཐམས་ཅད་ལ་ས་སྐྱ་པའི་ཆོས་ལུགས་ལས་གཞན་བྱེད་དབང་མེད་པའི་ལུང་འབུད་གསུངས་པ་ལ། ཆོས་རྒྱལ་འཕགས་པས་རང་རང་གི་ཆོས་ལུགས་གང་ཡོད་སྐྱོང་དུ་འཇུག་པ་ཅིས་ཀྱང་དགོས་” ⑱པའི་ཞུ་ལན་ཕུལ་བ་རྒྱལ་པོས་དང་དུ་བླངས་པས། བོད་ཡུལ་གྱི་གྲུབ་མཐའ་གཞན་དག་འཇིགས་ཉེན་ལས་ཐར་བར་བྱས་པ་ལྟ་བུ་རེད། ཕྱིས་སུ་ཡང་གྲུབ་མཐའ་ཁག་དབང་སྒྱུར་མཁན་གྱི་ལག་ཆ་རུ་གྱུར་ནས་སྲིད་དབང་འཕྲོག་རྩོད་ཀྱི་ཀློང་དུ་ཚུད་དེ། གདམས་པ་དང་སྒྲུབ་ཐབས་མང་པོར་འཇིགས་ཉེན་ཚབས་ཆེན་བྱུང་བར། དུས་རབས་བཅུ་དགུ་པའི་ནང་དུ་བྱོན་པའི་འཇམ་དབྱངས་མཁྱེན་བརྩེ་དབང་པོ་དང་ཀོང་སྤྲུལ་ཡོན་ཏན་རྒྱ་མཚོ་གཉིས་ཀྱིས་གྲུབ་མཐའ་གང་ལ་ཡང་རིས་སུ་མ་ཆད་པར་གཞུང་གདམས་མན་ངག་གང་ཡོད་ལ་ཐོས་བསམ་མཛད་པ་དང་། རྒྱུན་འཆད་ལ་ཉེ་བའི་རིགས་རྣམས་འབད་པ་ཆེན་པོས་བཙལ་ཏེ་བསྡུ་སྒྲིག་བྱས་ཡོད་དེ། འཇམ་དབྱངས་མཁྱེན་བརྩེའི་དབང་པོ་མཆོག་གིས་བཀའ་བསྡུ་མཛད་པའི་《སྒྲུབ་ཐབས་ཀུན་བཏུས་》ནང་དུ་“ས་སྐྱ་པའི་གསེར་ཆོས་དང་། སྔ་འགྱུར་བཀའ་གཏེར། བཀའ་གདམས་གསར་རྙིང་། བཀའ་བརྒྱུད་ཆེ་བཞི་ཆུང་བརྒྱད། ཤངས་པ་” ⑲སོགས་ཀྱི་སྒྲུབ་ཐབས་རྒྱུན་འཆད་ལ་ཉེ་བ་དག་བསྟན་པ་ཡུན་རིང་དུ་གནས་པའི་ཆེད་དུ་ཕྱོགས་གཅིག་ཏུ་བསྡུས་ཡོད་པ་དང་། ཀོང་སྤྲུལ་ཡོན་ཏན་རྒྱ་མཚོའི་“《མཛོད་ཆེན་ལྔ་》ཡི་ནང་དུ་གྲུབ་མཐའ་བར་གྱི་འགལ་བ་དང་སྤྱི་ཚོགས་འཕོ་འགྱུར་གྱི་དབང་གིས་རྒྱུན་ཆད་ལ་ཉེ་བའི་གདམས་པ་མང་པོ་བསྒྲིགས་ཡོད།” ⑳ དེ་ལས་《ཤེས་བྱ་མཛོད་》ཀྱི་ནང་དུ་ཐུན་མོང་རིག་གནས་དགུ་དང་ཐུན་མིན་ནང་རིག་པའི་མདོ་རྒྱུད་ཐམས་ཅད་ཀྱི་གནད་རྣམས་ཚང་ལ་མ་ནོར་བར་སྟོན་པ་གཞི་ལམ་འབྲས་བུའི་བར་གྱི་ཤེས་བྱ་མཐའ་དག་བསྡུས་ཡོད་པ་དང་། 《བཀའ་བརྒྱུད་སྔགས་མཛོད་》ནང་དུ་མར་པ་ལོ་ཙཱ་ནས་བརྒྱུད་པའི་བདེ་དགྱེས་གསང་གསུམ་གྱིས་གཙོས་བླ་མེད་ཀྱི་རྒྱུད་སྡེའི་སྨིན་གྲོལ་སྒྲུབ་དཀྱིལ་གྱི་རྒྱུད་འགྲེལ་རྣམས་དང་། སྔ་འགྱུར་བཀའ་མའི་གྲས་ཡང་དག་དང་ཕུར་པ་འཁོན་ལུགས་སོགས་ཕྱོགས་གཅིག་ཏུ་བསྡུས་ཡོད། 《རིན་ཆེན་གཏེར་མཛོད་》ནང་དུ་གཏེར་སྟོན་སངས་རྒྱས་བླ་མ་ནས་གླིང་པ་བཅུ་གཉིས་གཙོ་བོར་གྱུར་པའི་གཏེར་ཆེན་གཏེར་ཕྲན་རྣམས་དང་། དུས་ཕྱིས་ཀྱི་གཏེར་ཆེན་པདྨ་འོད་གསལ་མདོ་སྔགས་གླིང་པ་དང་། མཆོག་གྱུར་བདེ་ཆེན་གླིང་པའི་བར་བཅས་གཏེར་སྟོན་ཉིས་བརྒྱར་ཉེ་བའི་ཟབ་གཏེར་རྒྱ་མཚོའི་ཡང་ཞུན་གཅིག་ཏུ་དྲིལ་ཡོད། 《གདམས་ངག་མཛོད་》དུ་སྒྲུབ་བརྒྱུད་ཤིང་རྟ་ཆེན་པོ་བརྒྱད་ཀྱི་རྩ་བའི་སྙིང་པོའི་གཞུང་གདམས་མན་ངག་ཡོངས་སུ་བསྡུས་ཡོད། 《གསང་བའི་མཛོད་》དུ་ཀོང་སྤྲུལ་ཡོན་ཏན་རྒྱ་མཚོ་རང་ཉིད་ཀྱི་ཤོག་སེར་དང་དགོངས་གཏེར་ལས་བྱུང་བའི་ཟབ་ཆོས་རྩ་གསུམ་དགོངས་འདུས་དང་། གསང་ཐིག་ཡབ་བཀའ་ཡུམ་བཀའ་སོགས་ཕྱོགས་བསྡུས་གནང་ཡོད།
        བསྟན་པ་ཕྱི་དར་གྱི་སྐབས་སུ་མཁས་གྲུབ་དམ་པ་མང་པོས་དཀའ་བ་བརྒྱ་ཕྲག་སྤྱད་མཐར། སངས་རྒྱས་ཤཱཀྱ་ཐུབ་པ་ནས་ལེགས་པར་བརྒྱུད་ཡོང་བའི་གདམས་པ་རྩ་ཆེན་མང་པོ་བོད་ཡུལ་དུ་འཛིན་སྐྱོང་སྤེལ་གསུམ་བྱས་ཏེ་གྲུབ་མཐའ་མི་འདྲ་བ་མང་པོ་བྱུང་བ་དང་། བསྟན་པ་སྔ་དར་དང་བསྡུར་ན་བོད་བརྒྱུད་ནང་བསྟན་དེ་རྒྱ་ཇེ་ཆེ་དང་གཏིང་ཇེ་ཟབ་ཏུ་བཏང་ཡོད་ལ། ནང་བསྟན་དར་བའི་ཡུལ་གྲུ་གཞན་དང་བསྡུར་ན་ཡང་རང་གི་ཐུན་མོང་མ་ཡིན་པའི་ཁྱད་ཆོས་གྲུབ་ཡོད་པ་རེད། འོན་ཀྱང་གྲུབ་མཐའ་རིས་ཆད་དུ་སོང་སྟེ་རང་གི་གདམས་པ་ལས་གཞན་ཀུན་རྩ་མེད་གཏོང་བའི་དབང་དུ་སོང་ཚེ། བོད་བརྒྱུད་ནང་བསྟན་གྱི་ལྟ་བ་དེ་སྣ་གཅིག་ཅན་དུ་འགྱུར་ངེས་པ་དང་། ནང་དོན་གྱི་ཐད་ནས་རྒྱ་ཆེ་ཞིང་གཏིང་ཟབ་པ་ཡོང་དཀའ་བ་ནི་སྨོས་མ་དགོས་པ་ཞིག་རེད།
        གཉིས། རིག་གནས། མི་རིགས་གཞན་གྱི་རིག་གནས་དང་བསྡུར་ན། ཆོས་དང་རིག་གནས་གཉིས་ཀ་འོ་ཆུ་བཞིན་དུ་འདྲེས་ཡོད་པ་ནི་བོད་ཀྱི་རིག་གནས་ཀྱི་ཁྱད་ཆོས་གཙོ་བོ་ཞིག་ཡིན་པས། བསྟན་པ་ཇི་ལྟར་དར་ན་རིག་གནས་ཀྱང་དེར་བསྟུན་གྱིས་གྲ་རྒྱས་ཕུན་ཚོགས་སུ་འགྲོ་བ་སྨོས་མ་དགོས་པ་ཞིག་སྟེ། བོད་ཀྱི་ལོ་རྒྱུས་དང་། རྩོམ་རིག་སོགས་ཕྱོགས་མང་པོ་ནས་དེ་ལུགས་གསལ་པོར་རྟོགས་ཐུབ།
        བོད་ཀྱི་ལོ་རྒྱུས་ཡིག་ཆའི་ཐད་ནས་མཁས་པ་འགའ་རེས་《དེབ་དཀར་》སྔོན་ལ་བོད་དུ་ལོ་རྒྱུས་ཡིག་ཆ་མེད་ཅེས་གསུངས་པ་བཞིན། སྲིད་དོན་ལོ་རྒྱུས་གཙོ་བོར་བརྗོད་པའི་བརྩམས་ཆོས་《དེབ་དཀར་》ལས་གཞན་བསྟན་པ་སྔ་ཕྱི་དར་གང་དུ་ཡང་བྱུང་མེད་པས། བོད་ཀྱི་ལོ་རྒྱུས་བརྗོད་སྐབས་བཙན་པོའི་དུས་སྐབས་ཀྱི་རྡོ་རིང་ཡི་གེ་དང་། ཡིག་ཚགས།གནའ་རྫས་སོགས་ལས་གཞན། བསྟན་པ་ཕྱི་དར་སྐབས་སུ་བྱུང་བའི་ཆོས་འབྱུང་དག་གཞི་བཅོལ་ས་གཙོ་བོར་གྱུར་ཡོད། ཕྱི་དར་སྐབས་སུ་ཆོས་འབྱུང་མང་པོ་བྱུང་ཡོད་པ་ལས་མང་ཆེ་བ་བོད་བརྒྱུད་ནང་བསྟན་གྱི་གྲུབ་མཐའ་ཁག་དང་འབྲེལ་བ་ངེས་ཅན་ཡོད་དེ། དཔེར་ན། དཔའ་བོ་གཙུག་ལག་ཕྲེང་བས་མཛད་པའི་《ཆོས་འབྱུང་མཁས་པའི་དགའ་སྟོན་》ལ་མཚོན་ན་བཀའ་བརྒྱུད་པའི་ནང་དོན་གཙོ་བོར་བཟུང་ནས་བྲིས་ཡོད་པ་དང་། དེས་“བསྟན་བཅོས་ཧྲིལ་བོའི་སུམ་ཆ་གཅིག་ཙམ་ཟིན་” (21)ཡོད་པ་རེད། རྒྱལ་དབང་ལྔ་པས་མཛད་པའི་《དེབ་ཐེར་དཔྱིད་ཀྱི་རྒྱལ་མོའི་གླུ་དབྱངས་》ལ་མཚོན་ན་ཡང་དགའ་ལྡན་ཕོ་བྲང་གི་བྱུང་བ་དང་དགེ་ལུགས་པའི་ལོ་རྒྱུས་གཙོ་བོར་བཟུང་ཡོད། ཨ་མྱེས་ཞབས་ངག་དབང་ཀུན་དགའ་བསོད་ནམས་གྲགས་པ་རྒྱལ་མཚན་དཔལ་བཟང་པོས་མཛད་པའི་《ས་སྐྱའི་གདུང་རབས་ངོ་མཚར་བང་མཛོད་》ནང་དུ་དཔལ་ལྡན་ས་སྐྱ་པའི་གདུང་རབས་རིན་པོ་ཆེ་རྣམས་ཇི་ལྟར་བྱུང་ཚུལ་བྲིས་ཡོད། ལས་ཆེན་ཀུན་དགའ་རྒྱལ་མཚན་གྱིས་མཛད་པའི་《བཀའ་གདམས་ཆོས་འབྱུང་གསལ་བའི་སྒྲོན་མེ་》ནང་དུ་བཀའ་གདམས་པའི་ཆོས་ཀྱི་བྱུང་བ་གསལ་པོར་བསྟན་ཡོད། སྤ་བསྟན་རྒྱལ་བཟང་པོས་མཛད་པའི་《བསྟན་པའི་རྣམ་བཤད་དར་རྒྱས་གསལ་བའི་སྒྲོན་མེ་》ནང་དུ་བོན་དར་བ་དང་ནུབ་པ། རྒྱས་པ་བཅས་ཀྱི་ཚུལ་བྲིས་ཡོད། གུ་རུ་བཀྲ་ཤིས་ཀྱིས་མཛད་པའི་《གུ་བཀྲ་ཆོས་འབྱུང་》ནང་རྙིང་མའི་བྱུང་འཕེལ་བྲིས་ཡོད། དེ་ལས་གཞན་ད་དུང་གྲུབ་མཐའི་ལྟ་བའམ་བྱུང་བ་བརྗོད་པ་གཙོ་བོ་བྱས་པའི་ཆོས་འབྱུང་མང་པོ་ཡོད་པ་དག་གིས་བོད་ཀྱི་ལོ་རྒྱུས་བརྗོད་པ་ལ་ཡིག་ཆ་མོད་པོ་མཁོ་འདོན་བྱས་ཡོད་ལ་ལོ་རྒྱུས་ཀྱི་སྟོང་ཆ་ངེས་ཅན་ཞིག་ཀྱང་བསྐངས་ཡོད་པ་རེད། 
        བོད་ཀྱི་རྩོམ་རིག་བྱུང་འཕེལ་གྱི་ལོ་རྒྱུས་ལ་གཞིགས་ན། རྩོམ་རིག་ནི་ཆོས་ལུགས་ཀྱི་ནང་དོན་དྲིལ་བསྒྲགས་བྱེད་པའི་ལག་ཆ་གལ་ཆེན་ཞིག་ཏུ་གྱུར་ཡོད་པ་དང་། བསྟན་པ་ཕྱི་དར་གྱི་སྐབས་སུ་ནང་པའི་བསྟན་པ་ཆེས་ཆེར་དར་བ་དང་ལྷག་པར་དུ་བོད་ཀྱི་གྲུབ་མཐའ་ཁག་འགལ་མེད་ཞི་མཐུན་དུ་གནས་པའི་སྤྱི་ཚོགས་ཁོར་ཡུག་ནང་དུ་བོད་ཀྱི་རྩོམ་རིག་ལའང་འཕེལ་རྒྱས་ཀྱི་ཚ་རླབས་ཤིག་འཕྱུར་ཡོད་དེ། གྲུབ་མཐའ་སོ་སོའི་རང་རང་གི་བླ་མ་དགེ་བའི་བཤེས་གཉེན་གང་གི་མཛད་པ་གང་ཡོད་མི་བརྗེད་པའི་སླད་དུ་རྣམ་ཐར་མང་པོ་བརྩམས་ཡོད་པ་དང་། དེ་ལས་《མི་ལ་རས་པའི་རྣམ་ཐར་》དང་། 《རྗེ་ཙོང་ཁ་པའི་རྣམ་ཐར་》ལ་སོགས་པའི་རྣམ་ཐར་མང་པོར་མཚོན་ན་བོད་ཀྱི་རྩོམ་རིག་གི་སྡེ་རུ་གོ་བབ་ངེས་ཅན་ཞིག་བཟུང་ཡོད། དེར་མ་ཟད་འཇིག་རྟེན་པ་ལ་ལེགས་ཉེས་སྤང་བླང་གི་རྣམ་གཞག་གསལ་པོར་སྟོན་པའི་སླད་དུ་མཛད་པའི་ལེགས་བཤད་བསྟན་བཅོས་མང་པོ་བཞུགས་པ་ལས། པཎ་ཆེན་བསོད་ནམས་གྲགས་པའི་《དགེ་ལྡན་ལེགས་བཤད་》ལྟ་བུ་ལ་མཚོན་ན། “ས་སྐྱ་པ་ལ་《ས་སྐྱ་ལེགས་བཤད་》ཅེས་པ་ཞིག་ཡོད་ཆོག་ན། དགེ་ལུགས་པ་ལ་《དགེ་ལྡན་ལེགས་བཤད་》ཅེས་པ་ཞིག་ཅི་སྟེ་ཡོད་མི་རུང་ཞེས་《ས་སྐྱ་ལེགས་བཤད་》ཀྱི་དོ་ཟླ་ལ་བརྩམས་པར་གྲགས་” (22)ལ། འདི་ནི་བོད་ཀྱི་གྲུབ་མཐའ་ཕན་ཚུན་འགལ་མེད་ཞི་མཐུན་དུ་གནས་པའི་སྐབས་ཀྱི་རིག་གནས་དར་སྤེལ་གྱི་རྣམ་པ་ཞིག་རེད། དེ་ལས་གཞན་གྲུབ་མཐའ་སོ་སོའི་མཁས་གྲུབ་དམ་པ་མང་པོས་རང་རང་གི་གྲུབ་མཐའི་ལྟ་བ་གང་ལ་སྒོམ་སྒྲུབ་ཉམས་ལེན་བྱས་ཏེ་རྟོགས་པའི་ཉམས་སྣང་གང་ཤར་བྱུང་ནས་མཛད་པའི་མགུར་མ་དང་། བསྟོད་རྩོམ།ད་དུང་འཕྲིན་ཡིག་དང་། རྩོད་ཡིག གསོལ་འདེབས། གསན་ཡིག ཞལ་གདམས་སོགས་བཅད་ལྷུག་སྤེལ་གསུམ་གྱི་ལམ་ནས་བརྩམས་ཆོས་གྲགས་ཅན་གང་མང་མཛད་དེ་བོད་ཀྱི་རྩོམ་རིག་ཕུན་སུམ་ཚོགས་པར་ཡོང་བའི་རྒྱུ་བསྐྲུན་ཡོད་པ་རེད།
        དེ་ལྟར་བསྟན་པ་ཕྱི་དར་སྐབས་སུ་བོད་ལ་གྲུབ་མཐའ་མི་འདྲ་བ་མང་པོ་བྱུང་སྟེ་བོད་བརྒྱུད་ནང་བསྟན་དེ་རྒྱ་ཇེ་ཆེ་དང་གཏིང་ཇེ་ཟབ་ཏུ་སོང་བའི་ཞོར་ལ། གྲུབ་མཐའ་མི་འདྲ་བ་ཕན་ཚུན་བར་དུ་མཁས་བརྒྱ་འགྲན་གླེང་དང་། མེ་ཏོག་མཉམ་བཞད་ཀྱི་རྣམ་པ་བྱུང་སྟེ། བོད་ཀྱི་རིག་གནས་སྔར་བས་གྲ་རྒྱས་ཕུན་ཚོགས་སུ་བཏང་བ་རེད།
        གསུམ། སྤྱི་ཚོགས། བོད་ཀྱི་ལོ་རྒྱུས་འཕེལ་རིམ་ལ་གཞིགས་ན། ཞི་མཐུན་གྱི་དུས་སྐབས་ཡོད་ལ། འཁྲུག་ལོང་བྱུང་བའི་དུས་སྐབས་ཀྱང་མཆིས། དེ་ལས་འཁྲུག་ལོང་བྱུང་བ་ལ་ལོ་རྒྱུས་ཀྱི་རྒྱུ་རྐྱེན་མང་པོ་ཡོད་པ་ལས། དུས་སྐབས་ལ་ལར་གྲུབ་མཐའ་རིས་ཆད་དུ་སོང་སྟེ་སྤྱི་ཚོགས་ཞི་མཐུན་ལ་གནོད་པ་བཟོས་ཡོད་དེ། བོད་ཀྱི་ལོ་རྒྱུས་སྟེང་གི་གཙང་པ་རྒྱལ་པོའི་སྐབས་སུ་གྲུབ་མཐའ་སོ་སོའི་སྦྱིན་བདག་ཁག་ཅིག་གིས་རང་ཉིད་ཀྱི་མངའ་ཁོངས་རྒྱ་སྐྱེད་གཏོང་ཆེད་ཕན་ཚུན་བར་འགལ་བ་དྲག་པོ་བྱུང་སྟེ་མདོ་དབུས་ཁམས་གསུམ་དུ་སྡེ་གཟར་བྱུང་ཡོད་པ་རེད། 
        དེ་ཡང་དུས་རབས་བཅུ་དྲུག་པའི་དུས་མགོར་ཕག་མོ་གྲུ་པའི་དབང་སྒྱུར་གྲལ་རིམ་ནང་ཁུལ་མ་འཆམས་པས་དེའི་སྲིད་དབང་གཙང་པ་སྡེ་སྲིད་ཀྱིས་བཟུང་། ཁོང་ཉིད་ནི་ནང་པའི་གྲུབ་མཐའ་དག་ལས་བཀའ་བརྒྱུད་པ་དང་ཇོ་ནང་པ་གཉིས་ཀྱི་སྦྱིན་བདག་ཡིན་པ་དང་། མངའ་ཁོངས་རྒྱ་སྐྱེད་གཏོང་སྐབས་བཀའ་བརྒྱུད་པའི་སྦྱིན་བདག་ཁག་དང་མཉམ་འབྲེལ་གྱིས་དབུས་ལ་རྒོལ་ཏེ་དབུས་གཙང་ཡུལ་དུ་སྡེ་གཟར་བསྟུད་མར་བྱུང་ཡོད་དེ། “སྡེ་པ་ཞིང་ཤག་པ་ཚེ་བརྟན་རྡོ་རྗེ་དང་འབྲི་གུང་པ་གཉིས་མཉམ་འབྲེལ་བྱས་ཏེ་དགེ་ལུགས་པའི་སྟོབས་ཤུགས་མེད་པ་བཟོ་ཆེད། སྔོན་ལ་དགེ་ལུགས་པར་དཔལ་འབྱོར་ཐོག་ནས་རྒྱབ་སྐྱོར་བྱེད་མཁན་སྡེ་པ་སྐྱིད་ཤོད་པ་གཏོར་དགོས་བསམས་ནས་རབ་བྱུང་བཅུ་པའི་ཤིང་སྤྲུལ་སྤྱི་ལོ་1605ལོར་གཙང་དམག་དང་ཞོ་དཀར་ནག་གཉིས་ཀྱི་དམངས་བསྐུལ་ནས་སྐབས་དེའི་དགེ་ལུགས་པའི་སྦྱིན་བདག་སྡེ་པ་སྐྱིད་ཤོད་པ་གཏོར་ཏེ་དཔོན་དམག་མང་པོ་བསད་” (23)ཅེས་གསུངས་པ་ལྟར། སྤྱི་ལོ་1605ལ་ཞིང་ཤག་པ་ཚེ་བརྟན་རྡོ་རྗེས་རང་གི་མངའ་ཁོངས་རྒྱ་སྐྱེད་གཏོང་ཆེད། རང་ཕྱོགས་ཀྱི་བཀའ་བརྒྱུད་པའི་སྟོབས་ཤུགས་ལ་མཉམ་འབྲེལ་བྱས་ནས་དགེ་ལུགས་པའི་སྦྱིན་བདག་སྐྱིད་ཤོད་པ་ཆམ་ལ་ཕབ་པ་དང་། ཕྱིས་སུ་ཡང་དགེ་ལུགས་པའི་སྟོབས་ཤུགས་ཕྱོགས་ལ་གཙེས་པའི་མཛད་པ་མང་པོ་བསྐྱངས་པ་ལ།“དགའ་ལྡན་ཕོ་བྲང་བའི་ཕྱག་མཛོད་བསོད་ནམས་རབ་བརྟན་སོགས་སེ་འབྲས་ཀྱི་སྐུ་ཚབ་པས་སོག་པོའི་དམག་དཔུང་བསུས་ཏེ་དབུས་སོག་མཉམ་འབྲེལ་གྱིས་གཙང་པར་རྒོལ་རྩིས་བྱས་ཀྱང་། ཕྱི་ལོ་རབ་བྱུང་བཅུ་གཅིག་ས་རྟ་སྤྱི་ལོ་1617ལ་གཙང་དམག་ཁྱོན་ཆེ་བ་དབུས་སུ་ལྷགས་ཏེ། འབྲས་སྤུངས་རྒྱབ་རིར་གྲྭ་པ་དང་དབུས་དམག་བརྒྱ་ཕྲག་དུ་མ་བསད་དེ་གཡུལ་ཕམ་པས་ཁལ་ཁའི་སོག་དམག་རང་ཡུལ་དུ་ལོག་ཅིང་། ཕྱག་མཛོད་བསོད་ནམས་རབ་བརྟན་དང་སྡེ་པ་སྐྱིད་ཤོད་པ་བཅས་སེ་འབྲས་གཉིས་ཀྱི་དགེ་འདུན་པ་རྣམས་དང་ལྷན་བྱང་སྟག་ལུང་ཕྱོགས་སུ་བྲོས་བྱོལ་ཕེབས་དགོས་པ་སོགས་བྱུང་” (24)ཞེས་གསུངས་པ་ལྟར། དགའ་ལྡན་ཕོ་བྲང་གི་ཕྱག་མཛོད་བསོད་ནམས་རབ་བརྟན་གྱིས་སོག་པོ་ཁལ་ཁ་ཆོ་ཁུར་དཔོན་དམག་བསུས་ཏེ་དབུས་སོག་མཉམ་སྡེབ་ཀྱིས་གཙང་པ་རྒྱལ་པོར་ངོ་རྒོལ་བྱས་པ་དང་། ཕྱིས་སུ་ཡང་ངོ་རྒོལ་ཐེངས་གཉིས་བྱས་མཐར་གཙང་པ་རྒྱལ་པོ་ཆམ་ལ་ཕབ་པ་རེད།
        གཙང་པ་རྒྱལ་པོའི་སྐབས་དེར་དབུས་གཙང་དུ་གཙང་པ་སྡེ་སྲིད་དང་དགེ་ལུགས་པའི་སྦྱིན་བདག་བར་དུ་སྡེ་གཟར་བསྟུད་མར་བྱུང་བ་དང་བསྟུན་ནས། ཕྱོགས་གཉིས་ཀས་རང་རང་གི་སྟོབས་ཤུགས་ཆེ་རུ་བསྐྱེད་ཆེད་ཨ་མདོ་དང་ཁམས་ནས་དགེ་ལུགས་པའི་སྦྱིན་བདག་གོ་ཤྲི་ཁང་དང་བོན་ལ་དད་མོས་ཆེ་བའི་ཁམས་བེ་རི་རྒྱལ་པོ་དང་ཆོག་ཐུ་གཉིས་དཔུང་རོགས་སུ་བཅོལ་བས། དབུས་གཙང་ཡུལ་གྱི་འཁྲུག་རྩོད་ཀྱི་རླབས་རྒྱུན་དེ་མདོ་སྟོད་སྨད་གཉིས་ལ་མཆེད། སྤྱི་ལོ་1634ལ་“ཧལ་ཧ་ཚོ་པ་བདུན་གྱི་དཔོན་པོ་ཆོག་ཐུ་ཟེར་བས་ནང་འཁྲུག་བསླངས་ཏེ་མང་ཚོགས་ཀྱིས་ཁོ་པ་ཧལ་ཧ་ཡུལ་ནས་ཕྱིར་འབུད་བྱས་པ་དེ་མཚོ་སྔོན་དུ་འོངས། མཚོ་སྔོན་གྱི་སྡེ་ཡོངས་རྫོགས་བླངས་ཏེ་མཚོ་སྔོན་རྒྱུད་དུ་ཡོད་པའི་དགེ་ལུགས་པའི་བླ་ཆེན་དང་གྲྭ་པ་མང་པོ་སྲོག་ཐོག་ཏུ་བཏང་ཞིང་། འགའ་ཞིག་བཙོན་དུ་བཅུག དེ་དང་དུས་མཚུངས་བར་ཁམས་ཁུལ་གྱི་བེ་རི་རྒྱལ་པོ་དོན་ཡོད་ཀྱིས་ཀྱང་ཁམས་སུ་ཡོད་པའི་ས་སྐྱ་དང་། དགེ་ལུགས། རྙིང་མ་གསུམ་གྱི་དགོན་པ་མང་ཆེ་བ་གཏོར་ཞིང་བླ་མ་རྣམས་བཟུང་སྟེ་བཙོན་ཁང་དུ་བཅུག་” (25)ཅེས་གསུངས་པ་ལྟར། སྤྱི་ལོ་1634ལ་ཨ་མདོ་དང་ཁམས་ཕྱོགས་ཀྱི་སེར་སྐྱ་མང་ཚོགས་ལ་ཆག་འཇིག་ཆེན་པོ་བྱུང་བ་དང་། སྤྱི་ལོ་1637ལ།“བོད་མེ་གླང་ལོའི་ཟླ་བ་དང་པོའི་ནང་ཨོ་རོད་དཔོན་པོ་གོ་ཤྲི་ཁང་གིས་ཐོག་མར་མཚོ་སྔོན་དུ་ཆོག་ཐུའི་སྟེང་གཡུལ་བཤམས་པའི་དམག་རོགས་པཱ་ཐུར་ཧུང་ཐའི་ཇིས་མཛད་པས་ཨོ་རོད་ཀྱི་དམག་ཁྲི་ལྷག་ཙམ་ཞིག་གིས་ཆོག་ཐུ་དཔོན་པོ་ཁྲི་དམག་གསུམ་ཉེ་བ་དུས་གཅིག་ཏུ་བཅོམ་” (26)ཞེས་དང་།“བོད་ས་ཡོས་ལོར་གོ་ཤྲི་ཁང་གིས་དཔུང་ཆེན་མཚོ་སྔོན་ནས་བཏེགས་ཏེ་བར་ཁམས་སུ་ཡོད་པའི་གཙང་པ་སྡེ་པའི་མཐུན་ཕྱོགས་བེ་རི་ཚོ་པའི་ཐོག་ཏུ་དཔུང་འཇུག་གནང་སྟེ་ལོ་གཅིག་ཙམ་རིང་གཡུལ་འགྱེད་པ་བརྒྱུད་སྡེ་དགེ་དང་། དཀར་མཛེས། རྨར་ཁམས། ལྡན་ཁོག་པད་ཡུལ། སེ་ཤུལ་སོགས་དྲག་ཤུགས་ཀྱིས་བླངས་ཏེ་བེ་རི་འགོ་པ་དོན་ཡོད་རྡོ་རྗེ་རྗེས་འབྲང་དང་བཅས་པ་ཚར་བཅད་” (27)ཅེས་གསུངས་པ་ལྟར། གཙང་པ་རྒྱལ་པོས་ཆོག་ཐུ་དང་བེ་རི་རྒྱལ་པོ་གཉིས་ལ་དཔུང་རོགས་ཞུས་པ་དང་། ཕྱག་མཛོད་བསོད་ནམས་རབ་བརྟན་གྱིས་གོ་ཤྲི་ཁང་ལ་དཔུང་རོགས་ཞུས་ཏེ་མཚོ་སྔོན་ཕྱོགས་ཀྱི་ཆོག་ཐུ་དང་བེ་རི་རྒྱལ་པོ་གཉིས་བཅོམ་སྟེ་གཙང་པ་རྒྱལ་པོའི་དཔུང་རོགས་མེད་པར་བཟོས་པ་རེད།
ཕག་གྲུའི་སྲིད་དབང་ཉམས་དམས་སུ་སོང་བ་དང་བསྟུན་ནས་གཙང་པ་རྒྱལ་པོའི་སྟོབས་ཤུགས་རྒྱས་འགོ་ཚུགས། ཁོང་ནི་གྲུབ་མཐའི་ཕྱོགས་ཞེན་ཆེ་བས་མངའ་ཁོངས་རྒྱ་སྐྱེད་གཏོང་སྐབས་རང་ཕྱོགས་ཀྱི་སྟོབས་ཤུགས་གཅིག་ཏུ་བསྒྲིལ་ནས་གྲུབ་མཐའ་གཞན་གྱི་སྦྱིན་བདག་བར་དུ་དམག་འཁྲུག་བྱུང་སྟེ། དབུས་གཙང་ཡུལ་དུ་སྡེ་གཟར་བསྟུད་མར་བྱུང་བ་དང་། ཕྱོགས་གཉིས་ཀས་སོ་སོའི་སྟོབས་ཤུགས་ཆེ་རུ་བསྐྱེད་ཆེད་མདོ་དང་ཁམས་ཕྱོགས་ཀྱི་སྦྱིན་བདག་ཁག་དང་མཉམ་འབྲེལ་བྱས་པས། དམག་འཁྲུག་གི་རླབས་རྒྱུན་དེ་མདོ་དང་ཁམས་གཉིས་ལ་ཡང་མཆེད་དེ། སྐབས་དེ་དུས་ཀྱི་བོད་ཡུལ་ཧྲིལ་པོའི་ཞི་མཐུན་ལ་གནོད་པ་ཚབས་ཆེན་བཟོས་པ་རེད། དུས་སྐབས་དེ་དང་བསྡུར་ན་ས་སྐྱའི་སྲིད་དབང་དང་ཕག་གྲུའི་སྲིད་དབང་། དགའ་ལྡན་ཕོ་བྲང་གི་སྲིད་དབང་སོ་སོར་ངུར་སྨྲིག་འཛིན་པའི་སྐྱེས་ཆེན་མང་པོས་གྲུབ་མཐའ་ཀུན་རིས་སུ་མ་ཆད་པར་ལེགས་པར་བསྐྱངས་པས་སྤྱི་ཚོགས་ཞི་མཐུན་གྱི་རྣམ་པ་རིང་པོར་གནས་ཡོད་པ་རེད། 
        མཇུག་བསྡོམས།
        གྲུབ་མཐའ་རིས་མེད་ཅེས་པའི་ཐ་སྙད་འདི་ནི་ཁོ་བོར་ལག་སོན་བྱུང་བའི་ཡིག་ཆ་ལྟར་ན། པཎ་ཆེན་སྐུ་ཕྲེང་བཞི་པ་བློ་བཟང་ཆོས་རྒྱན་གྱིས་དུས་རབས་བཅུ་བདུན་པའི་ནང་དུ་མཛད་པའི་རང་རྣམ་དུ་ཐོག་མར་བྱུང་འདུག གྲུབ་མཐའ་རིས་མེད་ཀྱི་ལྟ་བ་ནི་དེ་དང་དུས་མཉམ་དུ་བྱུང་བ་ཞིག་མ་ཡིན་པར། བསྟན་པ་སྔ་དར་སྐབས་སུ་བཻ་རོ་ཙ་ན་མཆོག་གིས་ཐོག་མར་གསུངས་འདུག་མོད་ཆེས་ཆེར་དར་མེད། བསྟན་པ་ཕྱི་དར་སྐབས་སུ་བོད་ལ་གྲུབ་མཐའ་མང་པོ་བྱུང་བ་དང་བསྟུན་ནས་གྲུབ་མཐའ་རིས་མེད་ཀྱི་ལྟ་བ་ཡང་རིམ་གྱིས་བྱུང་ཡོད་དེ། ཕྱག་རྫོགས་དབུ་གསུམ་དགོངས་པ་གཅིག་ཏུ་འབབ་པ་དང་། སྒྲུབ་བརྒྱུད་ཤིང་རྟ་ཆེན་པོ་བརྒྱད་ཀྱི་ཡོང་ཁུངས་གཅིག་པ། བན་བོན་ཕན་ཚུན་མཉམ་འདྲེས་བྱུང་ཡོད་པ་བཅས་གསུམ་གཙོ་བྱས་པའི་ལྟ་བ་མི་འདྲ་བ་མང་པོ་བྱུང་བས། བོད་བརྒྱུད་ནང་བསྟན་ཁྲོད་ཀྱི་གྲུབ་མཐའ་རིས་མེད་ཀྱི་བསམ་བློ་གལ་ཆེན་བྱུང་བ་དང་།བསམ་བློ་དེས་བོད་ཀྱི་ཆོས་ལུགས་རྒྱ་ཆེ་གཏིང་ཟབ་ཏུ་འགྲོ་བ་དང་། བོད་ཀྱི་རིག་གནས་གྲ་རྒྱས་ཕུན་ཚོགས་སུ་འགྲོ་བ།བོད་ཀྱི་སྤྱི་ཚོགས་འགལ་མེད་ཞི་མཐུན་ཡོང་བ་བཅས་ལ་རིན་ཐང་ངེས་ཅན་ཞིག་བསྐྲུན་ཡོད་པར་འདོད་དོ། །
        དཔྱད་གཞིའི་ཡིག་ཆ།
        ①བཀའ་འགྱུར། (དཔེ་བསྡུར་མ) དེབ་ཞེ་དགུ་པ། མདོ་སྡེ། (ཅ) 《འཕགས་པ་ལང་ཀར་གཤེགས་པའི་མདོ》 [M] པེ་ཅིན། ཀྲུང་གོའི་བོད་རིག་པ་དཔེ་སྐྲུན་ཁང་། 2008ལོ། ཤོག་ངོས་307
        ②卡尔梅•桑木丹著,同美译:《藏传佛教宗派无边观的起源与发展》[J],载《西南民族大学学报》(人文社会科学版),2013年第9期。原文“纵观公元8世纪到14世纪的藏族历史,尽管我们没能找到主张藏族宗教各宗派无别的藏语‘瑞麦’这个概念,但是,有很多记载能够证明公元8到14世纪的藏族史上确实存在与主张‘瑞麦’观相雷同的思想观点以及持这种观点的践行者。”
        ③④པཎ་ཆེན་བློ་བཟང་ཆོས་རྒྱན། 《པཎ་ཆེན་བློ་བཟང་ཆོས་ཀྱི་རྒྱལ་མཚན་གྱི་གསུང་པོད་དང་པོ》[M] པེ་ཅིན། ཀྲུང་གོའི་བོད་རིག་པ་དཔེ་སྐྲུན་ཁང་། 2009ལོ། ཤོག་ངོས་244; 266
        ⑤གཡུ་སྒྲ་སྙིང་པོ་སོགས་ཀྱིས་བསྒྲིགས། 《བཻ་རོའི་རྣམ་ཐར་འདྲ་འབག་ཆེན་མོ》 [M] ཁྲེང་ཏུའུ། སི་ཁྲོན་མི་རིགས་དཔེ་སྐྲུན་ཁང་། 1995ལོ། ཤོག་ངོས་235
        ⑥པཎ་ཆེན་བློ་བཟང་ཆོས་རྒྱན། 《པཎ་ཆེན་བློ་བཟང་ཆོས་ཀྱི་རྒྱལ་མཚན་གྱི་གསུང་པོད་བཞི་པ》[M] པེ་ཅིན། ཀྲུང་གོའི་བོད་རིག་པ་དཔེ་སྐྲུན་ཁང་། 2009ལོ། ཤོག་ངོས་54
        ⑦ཐུའུ་བཀྭན་བློ་བཟང་ཆོས་ཀྱི་ཉི་མ། 《ཐུའུ་བཀྭན་གྲུབ་མཐའ》[M] ལན་ཀྲོའུ། ཀན་སུའུ་མི་རིགས་དཔེ་སྐྲུན་ཁང་། 2010ལོ། ཤོག་ངོས་166
        ⑧འབྲུག་པ་ཀུན་ལེགས། 《འབྲུག་པ་ཀུན་ལེགས་ཀྱི་རྣམ་ཐར》[M] ལྷ་ས། བོད་ལྗོངས་མི་དམངས་དཔེ་སྐྲུན་ཁང་། 2011ལོ། ཤོག་ངོས་561
        ⑨ཁྲོ་རུ་ཀླུ་སྒྲུབ་རྒྱ་མཚོས་གཙོ་སྒྲིག་བྱས། 《ངེས་དོན་ཕྱག་རྒྱ་ཆེན་པོའི་བོད་གཞུང》(གླེགས་བམ་བཅུ་གཅིག་པ) [M] ཁྲེང་ཏུའུ། སི་ཁྲོན་མི་རིགས་དཔེ་སྐྲུན་ཁང་། 2009ལོ། ཤོག་ངོས་174
        ⑩ས་སྐྱའི་དཔེ་རྙིང་བསྡུ་སྒྲིག་ཨུ་ལྷན་ནས་བསྒྲིགས། 《ས་སྐྱའི་ཆོས་འབྱུང་གཅེས་བཏུས》[M] (དེབ་དྲུག་པ) པེ་ཅིན། ཀྲུང་གོའི་བོད་རིག་པ་དཔེ་སྐྲུན་ཁང་། 2009ལོ། ཤོག་ངོས་236
        ⑪ཀོང་སྤྲུལ་ཡོན་ཏན་རྒྱ་མཚོ། 《ཤེས་བྱ་ཀུན་ཁྱབ》 (སྟོད་ཆ) [M] པེ་ཅིན། མི་རིགས་དཔེ་སྐྲུན་ཁང་། 1982ལོ། ཤོག་ངོས་32
        ⑫ Translated and introduced by Ngawang Zangpo, Jamgon Kongtrul’s Retreat Manua[M]l, Snow lion Publications,1994,p24.“Tibetan society had grown accustomed to thinking of Tibetan Buddhism as divided into four main traditions: the Nyingma, Kagyu,Sakya,and Gayluk. This understandable simplification is based on the fact that by the nineteenth century these four represented the dominant religious institutional structures after ten centuries of political power struggles.” 
        ⑬Alexander Patten Gardner, The Twenty-five Great Sites of Khams: Religious Geography,Revelation,and Nonsectarianism in Nineteenth-Century Eastern Tibet[D], in the University of Michigan, 2006, pp126. “’Jam mgon Kong Sprul came to this solution byexchanging the four dominant sects for what are known as“the eight chariots of the practice lineage,”or simply“the eight great chariots.”
        ⑭ཐུའུ་བཀྭན་བློ་བཟང་ཆོས་ཀྱི་ཉི་མ། 《ཐུའུ་བཀྭན་གྲུབ་མཐའ》 [M] ལན་ཀྲོའུ། ཀན་སུའུ་མི་རིགས་དཔེ་སྐྲུན་ཁང་། 2010ལོ། ཤོག་ངོས་431
        ⑮ཤར་རྫ་བཀྲ་ཤིས་རྒྱལ་མཚན། 《ཀུན་མཁྱེན་ཤར་རྫ་པ་བཀྲ་ཤིས་རྒྱལ་མཚན་གྱི་གསུང་འབུམ》 (པོད་བཅོ་ལྔ) [M] ཁྲེང་ཏུའུ། སི་ཁྲོན་མི་རིགས་དཔེ་སྐྲུན་ཁང་། 2011ལོ། ཤོག་ངོས་27
        ⑯དུང་དཀར་བློ་བཟང་འཕྲིན་ལས་ཀྱིས་རྩོམ་སྒྲིག་མཛད། 《དུང་དཀར་ཚིག་མཛོད》 [Z] པེ་ཅིན། ཀྲུང་གོའི་བོད་རིག་པ་དཔེ་སྐྲུན་ཁང་། 2002ལོ། ཤོག་ངོས་1917
        ⑰བསྟན་འགྱུར།[M] (དཔེ་བསྡུར་མ)དེབ་ཉེར་གསུམ་པ། རྒྱུད། (བི)《དཔལ་གཤིན་རྗེ་དགྲ་ནག་པོའི་རྒྱུད་ཀྱི་རྒྱལ་པོ་ཆེན་པོའི་དཀའ་འགྲེལ་རིན་པོ་ཆེའི་སྒྲོན་མ་ཞེས་བྱ་བ》 [M] པེ་ཅིན། ཀྲུང་གོའི་བོད་ཀྱི་ཤེས་རིག་དཔེ་སྐྲུན་ཁང་། 1998ལོ། ཤོག་ངོས་1062
        ⑱ངག་དབང་ཀུན་དགའ་བསོད་ནམས། 《ས་སྐྱའི་གདུང་རབས་ངོ་མཚར་བང་མཛོད》[M] པེ་ཅིན། མི་རིགས་དཔེ་སྐྲུན་ཁང་། 1986ལོ། ཤོག་ངོས་160
        ⑲མཆོག་གུ། 《སྒྲུབ་ཐབས་ཀུན་བཏུས་དང་ཞུ་ཆེན་གསུང་འབུམ》[M] ཁྲེང་ཏུའུ། སི་ཁྲོན་མི་རིགས་དཔེ་སྐྲུན་ཁང་། 2013ལོ། ཤོག་ངོས་345
        ⑳李晟升:《利美运动中的工珠和钦则》[J],载《中央民族大学学报》(哲学社会科学版),2015年第6期,第110页。原文:“利美运动的经典文献《五大藏》是工珠的五部文集的合称,包括《噶举密咒藏》《大宝伏藏》《所知藏》《教诫藏》和《不共秘藏》,是他毕生搜集和整理各派教法的成果,许多当时因宗派对立和社会动荡已濒临消亡,因《五大藏》的机缘得以保存和延续。”
        (21)རྨེ་རུ་ཡུལ་ལྷ་ཐར་གྱིས་རྩོམ་སྒྲིག་བྱས། 《བོད་ཀྱི་གནའ་རབས་ལོ་རྒྱུས་དཔྱད་བརྗོད་དང་ལོ་རྒྱུས་རིག་གཞུང་གི་ཤུལ་བཞག་ཡིག་ཆ་ཞིབ་འཇུག》[M] ལྷ་ས། བོད་ལྗོངས་མི་དམངས་དཔེ་སྐྲུན་ཁང་། 2015ལོ། ཤོག་ངོས་516
        (22)རྒྱ་ཡེ་བཀྲ་བྷོ་སོགས་ཀྱིས་བསྒྲིགས། 《བོད་ཀྱི་རྩོམ་རིག་ལོ་རྒྱུས་སྐལ་བཟང་མིག་སྒྲོན》[M] ཟི་ལིང་། མཚོ་སྔོན་མི་རིགས་དཔེ་སྐྲུན་ཁང་། 2002ལོ། ཤོག་ངོས་727
        (23)དུང་དཀར་བློ་བཟང་འཕྲིན་ལས། 《བོད་ཀྱི་ཆོས་སྲིད་ཟུང་འབྲེལ་སྐོར་བཤད་པ》[M] པེ་ཅིན། མི་རིགས་དཔེ་སྐྲུན་ཁང་། 2013ལོ། ཤོག་ངོས་89-90
        (24)རྒྱལ་མོ་འབྲུག་པ། 《བོད་ཀྱི་ལོ་རྒྱུས་གླེང་བའི་གཏམ》[M] པེ་ཅིན། མི་རིགས་དཔེ་སྐྲུན་ཁང་། 2009ལོ། ཤོག་ངོས་339
        (25)དུང་དཀར་བློ་བཟང་འཕྲིན་ལས། 《བོད་ཀྱི་ཆོས་སྲིད་ཟུང་འབྲེལ་སྐོར་བཤད་པ》[M] པེ་ཅིན། མི་རིགས་དཔེ་སྐྲུན་ཁང་། 2013ལོ། ཤོག་ངོས་94-95
        (26)ངག་དབང་བློ་བཟང་རྒྱ་མཚོ། 《རྒྱལ་དབང་ལྔ་པའི་རང་རྣམ་དུ་ཀུ་ལའི་གོས་བཟང》[M](དེབ་ཀ་པ) ལྷ་ས། འབྲས་སྤུངས་དགའ་ལྡན་ཕོ་བྲང་གི་པར་མ། (ཤིང་དཔར) ལྡེབ་ངོས་167-168
        (27)ཆབ་སྤེལ་ཚེ་བརྟན་ཕུན་ཚོགས། ནོར་བྲང་ཨོ་རྒྱན། 《བོད་ཀྱི་ལོ་རྒྱུས་རགས་རིམ་གཡུ་ཡི་ཕྲེང་བ》[M] ལྷ་ས། བོད་ལྗོངས་བོད་ཡིག་དཔེ་རྙིང་དཔེ་སྐྲུན་ཁང་། ཤོག་ངོས་555
39.7K

ཐག་རག་ཡིག་བསྒྱུར་མ་ལག

དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1