གཙོ་ངོས།>> ཞིབ་འཇུག>>ལོ་རྒྱུས།

དཔལ་ལྷུན་དགྲ་འདུལ། པ་སངས་ནོར་བུ། རྩོམ་སྒྲིག་པ།ཚེ་དཔལ། ཡོང་ཁུངས།བོད་ལྗོངས་སློབ་གྲྭ་ཆེན་མོའི་རིག་དེབ། སྤེལ་དུས། ༢༠༢༡ལོའི་ཟླ་བ་༠༡ཚེས་༢༦ཉིན།

༄༅།། ཏུན་ཧོང་ནས་ཐོན་པའི་ཡིག་ཆ་P.T.1286ལས་“སྦྲང་”ཞེས་པའི་སྐོར་ལ་རགས་ཙམ་དཔྱད་པ།


དཔལ་ལྷུན་དགྲ་འདུལ། པ་སངས་ནོར་བུ།
གནད་བསྡུས། དཔྱད་རྩོམ་འདིའི་ནང་ཏུན་ཧོང་ནས་ཐོན་པའི་བོད་ཀྱི་ཡིག་ཆ་P.T.1286《རྒྱལ་ཕྲན་རྣམས་དང་དེ་དག་གི་རྗེ་བློན་གྱི་མིང》ཞེས་པའི་ཡིག་ཆའི་ནང་སྦྲང་ཞེས་པ་བཙན་པོའི་སྐབས་ཀྱི་བློན་པོ་ཞིག་གི་མིང་དུ་འབོད་སྐད། འོན་ཀྱང་འདི་ཉིད་ཡང་སྙིང་བློན་པོའི་རུས་རྒྱུད་ཀྱི་མིང་ལས་བྱུང་བའམ་ཡང་ན་བློན་པོ་གང་དེས་ས་ཁོངས་ཤིག་དབང་དུ་བསྡུས་རྗེས་སུ་ས་ཆ་ག་གེ་མོ་ཞིག་གི་མིང་དུ་འགྱུར་བ་གང་ཡིན་གསལ་ཆ་མེད་ཁར། ས་ཆ་དེ་དེང་དུས་ཀྱི་ས་ཆ་གང་ཞིག་ལ་ངོས་འཛིན་དགོས་མིན་དེ་བས་དཔོག་དཀའ། རྩོམ་འདིར་ལོ་རྒྱུས་དཔྱད་གཞིའི་ཡིག་ཆར་ཞིབ་འཇུག་དང་། ས་ཡུལ་དངོས་ཀྱི་རྟོག་ཞིབ་ཟུང་འབྲེལ་གྱིས་སྦྲང་ཞེས་པ་ཡང་སྙིང་ས་ཆ་གང་དུ་ངོང་འཛིན་དགོས་མིན་སྐོར་ལ་དོགས་སློང་མཛད་འདུག
གནད་ཚིག ཏུན་ཧོང་ཡིག་ཆ། སྦྲང་།
[ཀྲུང་གོའི་དཔེ་དེབ་དབྱེ་རྟགས།] K870.6 [ཡིག་ཚང་མཚོན་བྱང་།] A [རྩོམ་གི་གོ་རིམ་ཨང་སྒྲིག] 1005-5746(2019)02-058-07
         ད་ཕན་ཏུན་ཧོང་གི་ཤོག་དྲིལ་ཁག་ལས་བཙན་པོའི་སྐབས་ཀྱི་རྒྱལ་ཕྲན་བཅུ་གཉིས་དང་། རྒྱལ་ཕྲན་སིལ་མ་བཞི་བཅུ་ལ་སོགས་པའི་ས་མིང་ལ་ཞིབ་འཇུག་བྱེད་མཁན་མང་དག་མཆིས་ལ། དེའི་ཁྲོད་ཞིབ་འཇུག་བྱེད་མཁན་གྲགས་ཆེ་བ་ནི་རྒྱལ་ནང་གི་བོད་རིག་པ་མཁས་ཅན་དབང་རྒྱལ་དང་བསོད་ནམས་སྐྱིད། བོད་ཀྱི་མཁས་དབང་པ་ཚབ་པ་སངས་དབང་འདུས་དང་མིག་དམར་ཚེ་རིང་། ཧྭང་པུ་ཧྥན།(黄不凡) ཚ་བར་ཁ་ངག་དཀོན། རྒྱལ་སྤྱིའི་ཁྲོད་ལ་ཡ་ཁ་པ་ཁོད།(Jacquers Bacot,1877-1967)ཧ་ཙུ་ཏ།(Hazod)ལ་ལའོ།(Marcelle Lalou,1890—1969)མད་ཁ་ཐང་ནཱ།(Ariane Macdonald,1938—)སོགས་ཡོད་པ་མ་ཟད། ཁོང་རྣམས་ལ་ཞིབ་འཇུག་གི་འབྲས་བུ་གཡུར་དུ་ཟ་བ་ཐོབ་ཡོད་རྐྱེན་ཕྱིས་ཀྱི་ཞིབ་འཇུག་པ་ཚོ་ལའང་ལམ་སྟོན་གྱི་ཆ་རྐྱེན་ལེགས་པོ་བསྐྲུན་ཡོད། ད་ཐེངས་སྐབས་སུ་བབས་པ་ཏུན་ཧོང་གི་ཤོག་དྲིལ་P.T.1286《རྒྱལ་ཕྲན་རྣམས་དང་དེ་དག་གི་རྗེ་བློན་གྱི་མིང》ཞེས་པ་ལས། “ཡུལ་ཀླུང་རོའི་ཡ་སུམ་ན་རྗེ་ནམ་པའི་བུ་གསེང་ཏི། བློན་པོ་མྱང་དང་སྦྲང་གཉིས།”ཞེས་པའི་སྐབས་ཀྱི་སྦྲང་ཞེས་པའི་ཐ་སྙད་དེར་དཔྱད་འདོད་པ་དེ་ཡིན། དེ་ཡང་སྦྲང་ཞེས་པ་ཡང་སྙིང་བློན་པོ་གང་དེའི་ཐོག་མའི་མིང་ཡིན་ནམ། ཡང་ན་བློན་པོ་གང་དེས་ས་ཁོངས་ཤིག་དབང་དུ་བསྡུས་རྗེས་སུ་ས་ཆ་ག་གེ་མོ་ཞིག་གི་མིང་དེ་བློན་པོའི་རུས་ཚན་ལ་ཕྱིས་སུ་ཐོགས་པ་གང་ཡིན་མིན་གྱི་ཐད་ལ་རང་གི་དོགས་སློང་གི་བསམ་པས་ཡང་ཡང་བསྐུལ་བས་གཤམ་དུ་དེའི་སྐོར་ཅུང་ཟད་སྤྲོས་པ་ལ།
དང་པོ། “ཡུལ་ཀླུང་རོ་ཡ་སུམ”གྱི་སྐོར།
         གཅིག སྔོན་བྱུང་ཡིག་ཚགས་ཁྲོད་ཀྱི་“ཀླུང་རོ་ཡ་གསུམ”གྱི་སྐོར།
         དེ་ཡང་། ཁོ་བོའི་བློ་ངོར་“སྦྲང་”ཞེས་པ་ལ་དཔྱད་འདོད་ན་སྔོན་ལ་ཀླུང་རོ་ཡ་གསུམ་ཞེས་པར་བརྟག་དགོས་པ་ཤིན་ཏུ་གལ་ཆེ་བར་མཐོང་བས། དེའི་ནང་དོན་མདོར་བསྡུས་ཤིག་བརྗོད་པ་ལ། P.T.1287ཡིག་ཕྲེང་135-136བར་“ཀླུམ་ཡ་སུམ། ཟྀང་པོ་རྗེ་ཁྲི་པང་སུམ་གྱྀས། འདུས་སོའ། །དེ་འྀ་དཀུའ་འགེལ་དུ་མཁར་སྡུར་བས་བཆད་དེ། ཀླུམ་ཡ་སུམ་གྱི་སྨད་། །མཉན་འཛྀ་ཟུང་གི་བྲན་དུ་དངར་ཏོ།”[1] ཞེས་དང་། མཁས་པ་ལྡེའུས་བརྩམས་པའི་《ལྡེའུ་ཆོས་འབྱུང་རྒྱས་པ》ཡི་ནང་དུ་རྒྱལ་ཕྲན་སིལ་མ་བཞི་བཅུ་རྩ་གཉིས་འདྲེན་སྐབས་“ཡུལ་ཀླུང་རོ་ཡ་སུམ་ན། རྒྱལ་པོ་ནམ་ས་རྩི་ཏི་”ཞེས་པ་དང་། “དབུ་རུའི་ཡུལ་དཔོན་ཚན་བཅུ་དྲུག་ལ་། ཀླུང་ཤོད་ལ་གཅིག མལ་གྲོ་ལ་གཅིག”[2]ཅེས་ལོ་རྒྱུས་ཀྱི་ཡིག་ཚང་ནང་དུ་བསྟན་པའི་ཀླུང་རོ་ཡ་གསུམ་གྱི་ནང་ཚན་ཀླུང་ཞེས་པ་ནི་དེང་གི་མལ་གྲོའི་ཁོངས་ཀྱི་ཀླུང་ཤོད་ཅེས་པའི་ས་མིང་འདིར་གོ་བར་འདོད་ལ། ཀླུང་ཤོད་ཅེས་པ་གང་དུ་ཡིན་མིན་ཐད་《ལྕགས་སྟག་ཞིབ་གཞུང》ནང་། “མལ་གུང་ཁུལ་གྱི་ཞིབ་གཞུང་རྒྱ་བོད་དམ་འབྱར་མ་དགེ། ལས་ཀླུང་ཤོད་ནས་སྒེར་ཁྲི་ཡེར་ནག་འགུ་བ་ངོ་བོ། གཡོག་ལྷ་མོ་ཅན་བསྡད་རྐང་བདུན་གྱི་ཐོག་འབྲི་གུང་ནས་”[3]ཞེས་འཁོད། ཧྭང་པུ་ཧྥན་དང་མ་ཏེ་ཡིས་ཀླུམ་རོ་ཡ་སུམ།[4]ཞེས་པ་སྐྱིད་སྟོད་དམ་ཡང་ན་འཕན་ཡུལ་གྱི་སྟོད་ཁུལ་གྱི་ས་ཆ་ལ་ངོས་འཛིན་གྱི་ཡོད་ལ། 《དུང་དཀར་ཚིག་མཛོད་ཆེན་མོ་》ལས། ཀླུང་ཤོད་ཀྱི་ཚིག་འགྲེལ་ལ་“ལྷ་སའི་སྐྱིད་ཆུའི་མགོ་སྟོད་དུ་ཡོད་པའི་དབུ་རུ་སྟོད་ཀྱི་ས་ཆ་རྣམས་ལ་ཟེར་བ་སྟེ། འབྲི་གུང་དང་མལ་གྲོ་བརྒྱུད་ཀྱི་ས་ཆ་ལ་ཀླུང་ཤོད་ཟེར། དེའི་ཁོངས་སུ་ར་སྒྲེང་། འབྲི་གུང་དབུས་སྟོད་མལ་གྲོ་ཁུལ་རྣམས་ཡོད།”[5] ཅེས་དང་། མིག་དམར་ཚེ་རིང་གིས་“ཡུལ་ཀླུང་རོ་ཡ་གསུམ་འདི་ཉིད་མལ་དྲོའི་འབྲི་གུང་ཁོངས་གཏོགས་ཀྱི་ས་ཆ་ཞིག་ཡིན་པར་ངེས་ལ་” [6]ཞེས་གསུངས། ཡང་ཡུལ་ལྷ་ཐར་གྱིས་མིག་དམར་ཚེ་རིང་གི་འགྲེལ་པ་དེར་གོམ་གང་མདུན་སྤོས་ཀྱིས་དཔྱད་དཔོག་བྱས་མེད་རུང་ས་ཆའི་ཆགས་དབྱིབས་ཀྱི་ཐོག་ནས་དབྱེ་ཞིབ་བྱས་ན་མིག་དམར་ཚེ་རིང་གི་ངོས་འཛིན་འདིའང་ཡུལ་“ཀླུང་རོ་ཡ་གསུམ་”འདི་ཉིད་མལ་དྲོའི་འབྲི་གུང་ཁོངས་གཏོགས་ཀྱི་ས་ཆ་ཞིག་ཏུ་ངོས་འཛིན་བྱས་ན་འགྲིག་པར་ངེས་ལ་འབྲི་གུང་གོང་རོལ་གྱི་ཡུལ་ནི་གནའ་བོའི་འཕན་ཡུལ་གྱི་ཁོངས་སུ་གཏོགས་ཞེས་གསུངས་འདུག [7]
གཞན་ཡང་བཙན་པོའི་སྐབས་སུ་ཡུལ་མལ་གྲོ་ཞེས་པ་དེ་ཉིད་ས་ཆ་གལ་ཆེན་ཞིག་ཡིན་ཚུལ་ཏུན་ཧོང་ཡིག་རྙིང་ལས་ར་སྤྲོད་ཐུབ་པ་གཤམ་གསལ། S0750,0137ལས། “སྲོང་བཙན་གྱི་སྐོར་ལ་གླང་གྱྀ་ལོ་713ལ་བབ་སྟེ། བཙན་པོ་དབྱརད་མལ་ཏྲོའི་བརྫེན་ཏང་ན་བཞུགས། འབོན་ད་རྒྱལ་དང་བློན་ཆེན་ཕོ་ཁྲྀ་གཟིགས་གྱྀས།དབྱརད་འདུན་ཟུ་སྤུགྀ་རྐྱང་བུ་ཙལ་དུ་བསྡུ་སྡེ། ལྔ་བརྒྱ་བསྐོས། སྟགྀ་ལོ་714ལ་བབ་སྟེ། བཙན་ཕོ་དབྱརད་མལ་དྲོའི་བརྫེན་ཏང་ན་བཞུགས་ཤྀང། འདུན་མ་མལ་དྲོའི་ལྟམསུ། བློན་ཆེན་པོ་ཁྲྀ་གཟིགས་གྱྀས་བསྡུསྟེ།”[8] ཞེས་བསྟན་པ་ལྟར། ཡུལ་ཀླུམ་རོ་ཡ་སུམ་ཞེས་པ་སྤྱིར་དེང་གི་མལ་གྲོ་ཁུལ་གྱི་ཡུལ་ཞིག་ཡིན་པར་མཁས་དབང་རྣམས་བཞེད་པ་གཅིག་མཐུན་ཡིན།
གཉིས། རུས་“སྦྲང”གི་སྐོར། 
         སྦྲང་ཞེས་པའི་རུས་དེ་ཉིད་ཡིག་ཚང་ཁག་ལ་མཇལ་རྒྱུ་ཡོད་པ་ནི་《ལྡེའུ་ཆོས་འབྱུང་རྒྱས་པ》ནང་སྲོང་བཙན་གྱི་སྐབས་ཆེ་བདུན་འདྲེན་སྐབས། “སྦྲང་གཡུ་ལུང་སྟེ་ཀྱུས་པ་དང་བཞི་”[9]ཞེས་དང་། ཆེ་བདུན་འདྲེན་སྐབས་“སྦྲང་རྒྱལ་ར་ལེགས་གཟིགས་ལ་གཡུའི་གཡུང་དྲུང་དང་གསེར་གྱི་ཡི་གེ་ཡོད་པས་ཆེ།”[10] ཁྲི་སྲོང་ལྡེ་བཙན་གྱིས་མཐའ་བཞི་དབང་དུ་བསྡུས་ཚུལ་མ་ཡིག་ངོ་འདྲར། “སྦྲང་རྒྱལ་སྒྲ་ལེག་ཟིགས་ཀྱིས། སྟོད་ཕྱོགས་སུ་དྲང་སྟེ་མུ་ཡུངསུ། གཡུལ་བཟློག་ནས། ལུང་གྀ་རྒྱལ་པོ་ནུང་ཀོག་མན་ཆད་འབངས་སུ་བསྡུས།”[11]ཞེས་དང་། གཞན་《དབའ་བཞེད》ལས། “བཙན་པོ་ཁྲི་སྲོང་ལྡེ་བཙན་གྱིས་མཁན་པོ་བོ་དྷི་ས་ཏྭ་མཇལ་ཁར་ཞང་བློན་ཆེན་པོ་སྦྲང་རྒྱལ་སྤྲ་ལེགས་གཟིགས་དང་སེང་འགོ་ལྷ་ལུང་གཟིགས་དང་། འབའ་སང་ཤི་དང་གསུམ་ལ་བཀའ་སྩལ་པ།”[12]ཞེས་དང་། དེ་མིན་“བཙན་པོས་ཞང་བློན་རྣམས་ལ་ཡང་ཆོས་མཛད་པར་ཐབས་ཀྱིས་མོན་ནས། སྦྲང་གཙང་བཞེར་ཕོ་ཉའི་ཁད་དཔོན། འབའ་སང་ཤི་ནི་འོག་དཔོན། དབའ་གསས་སྣང་སྤྱན་དབང་། སྤྱིར་དཔོན་གཡོག་སུམ་བཅུ་མཆི་བར་ཆད་དེ་”[13]ལ་སོགས་པའི་ཚིག་དོན་འཁོད་ཡོད་ཅིང་། གོང་གི་ཚིག་དོན་དེ་དག་ལ་གཞིགས་ན་ཡུལ་ཀླུམ་རོའི་ཡ་སུམ་ནི་སྤྱིར་དེང་གི་ཡུལ་མལ་གྲོའི་ས་ཁོངས་ཤིག་ཡིན་པ་ར་སྤྲོད་ཐུབ་ལ། “སྦྲང”གི་རུས་མིང་ཡིན་པའི་མི་སྣའང་མངོན་རྒྱུ་འདུག དེར་བརྟེན་“སྦྲང”ནི་ཆེས་གནའ་བོའི་དུས་ནས་བྱུང་བའི་རུས་མིང་ཞིག་ཡིན་པ་མ་ཟད། བོད་བཙན་པོའི་དུས་སྐབས་སུ་ཞང་བློན་གྱི་ཁོངས་སུ་གཏོགས་པའི་གལ་ཆེའི་རུས་ཤིག་ཡིན་པའང་སྔ་རབས་ཀྱི་ཡིག་ཆ་དག་ལས་ཤེས་ནུས་སོ། །
གཉིས་པ། ཡུལ་“སྦྲང་”གི་སྐོར།
         ཏུན་ཧོང་བོད་ཀྱི་ལོ་རྒྱུས་གནའ་ཡིག་ལ་གཞིགས་ཚེ། ཡུལ་དེ་བཙན་པོ་སྟག་བུ་སྙ་གཟིགས་དང་།གནམ་རི་སློན་བཙན་བཙན་པོ་ཡབ་སྲས་གཉིས་ཀྱི་སྐུ་དུས་སུ་དང་ཐོག་ཟིང་པོ་རྗེ་སྟག་སྐྱ་བོའི་མངའ་འོག་ཏུ་གཏོགས། དེ་ནས་ཟིང་པོ་རྗེ་ཁྲི་པང་སུམ་བྱ་བའི་ཆབ་འབངས་སུ་ཚུད་དེ་རྗེ་བོ་དེའི་བློན་པོ་གཉན་འཛི་ཟུང་བྱ་བས་བདག་ཏུ་བཟུང་། རྟིང་ལ་གནམ་རི་སློན་བཙན་གྱིས་ཡུལ་དེ་སྤུ་རྒྱལ་བོད་ཀྱི་མངའ་ཁོངས་སུ་བསྡུས། དེས་ན་ཡུལ་དེ་ས་ཕྱོགས་གང་དུ་གནས་ཤེ་ན། P.T.1286ལས་འཁོད་པའི་མལ་ཏྲོ་དང་ཀླུམ་དང་ཉེ་ཞེས་དང་། ཀླུམ་ནི་ཆབ་གཆོད་པ་ཞེས་པའི་ཚིག་སྒྲོས། དེ་བཞིན་ཡུལ་དེ་རུས་ཆེན་མྱང་གི་གནས་གཞི་ཡིན་པ་ལ་སོགས་པའི་དོན་ལ་དཔག་ཚེ། ཡུལ་དེའི་གནས་ཡུལ་ནི་མལ་གྲོ་དང་ས་ཁད་ཉེ་ལ་ཆུ་རྒྱུན་ཞིག་གི་འབབ་ཁུལ་དུ་གནས་ཡོད་པར་སྣང་བས། དེང་སྐྱིད་ཆུ་སྟོད་ཁུལ་གྱི་ལྷ་ས་གྲོང་ཁྱེར་མལ་གྲོ་གོང་དཀར་རྫོང་ཉི་མ་ལྕང་ར་དང་སྤང་མདའ་ཤང་གཉིས་ཀྱི་ཕྱོགས་ཀྱི་ཡུལ་ལུང་དེ་དག་རྒྱལ་ཕྲན་ཆུང་ངུ་དེའི་ཆགས་ཡུལ་ཡིན་ཞེས་བརྗོད་ན་རྒྱུ་མཚན་ཡོད་པར་མཆིས།[14] 《ལྡེའུ་ཆོས་འབྱུང་རྒྱས་པའི》ནང་རྒྱལ་ཕྲན་སིལ་མ་བཞི་བཅུ་རྩ་གཉིས་འདྲེན་སྐབས་ཡུལ་ཀླུང་རོའི་ཡ་སུམ་ན། རྒྱལ་པོ་ནམ་ས་རྩི་ཏི་བྱུང་བས་འདིར་ཡུལ་མིང་དེ་ལྟར་བཀོད་ཡོད་ལ། འབྲི་གུང་ཆེ་ཚང་རིན་པོ་ཆེས་བརྩམས་པའི་《བོད་བཙན་པོའི་རྒྱལ་རབས》ཞེས་པའི་ནང་དུའང་སྦྲང་ཞེས་པ་ཡུལ་མལ་གྲོའི་ས་ཁོངས་ལ་ངོས་འཛིན་གནང་འདུག
         གཅིག ཡུལ་ཉི་མ་ལྕང་ར་ཤང་གི་ཁོར་ཡུག་ཏུ་མཆིས་པའི་གནའ་ཤུལ་སྐོར།
         བློན་པོ་མྱང་དང་སྦྲང་གཉིས་ཞེས་པའི་ཚིག་ལ་བལྟས་ན་མྱང་དང་སྦྲང་གཉིས་བར་རྒྱང་ཐག་རིང་པོ་དེ་ཙམ་མེད་པ་མངོན་ཐུབ། མྱང་ཏིང་ངེ་འཛིན་གྱི་གདན་ས་ཞྭ་ལྷ་ཁང་ཞེས་པའང་དེང་ཉི་མ་ལྕང་ར་ཤང་ཁོངས་སུ་གནས་པ་དང་། སྤང་གདའ་ཤང་དུང་གས་གྲོང་གི་རི་འདབས་ཀྱི་བང་སོའི་ཚོགས་ཀྱི་ཁྲོད་དུ་ཡང་མྱང་གི་མི་ཆེན་རྣམས་ཀྱི་བང་སོ་མེད་དམ་སྙམ།[15] དེ་ལྟར་རིགས་འདེད་བྱས་ན་སྦྲང་ཞེས་པའི་ས་ཆ་གཅིག་ཡོད་ན་དེའང་ཉི་མ་ལྕང་ར་ཤང་གི་ཁོར་ཡུག་ཏུ་ཡོད་པར་སེམས།
         དོགས་གཞི་དེ་དག་གི་རྐྱེན་པས་ཁོ་བོ་ཅག་སྤྱི་ལོ་2018ལོའི་ཟླ་7ཚེས་21དང་ཟླ་8ཚེས་5སྔ་རྗེས་གཉིས་སུ་ཡུལ་དངོས་སུ་ཆེད་མངགས་རྟོག་ཞིབ་ཏུ་བསྐྱོད་པ་ཡིན་ལ། དེའི་དོན་ཅུང་ཟད་ངོ་སྤྲོད་བྱས་ན་འདི་ལྟ་སྟེ།
         དེ་ཡང་ཉི་མ་ལྕང་ར་ཤང་གི་ལྟེ་བ་ནི་འབྲི་གུང་རྫོང་གསར་བཀྲ་ཤིས་ཚུགས་དགོན་ཡིན་ཞིང་། མང་ཚོགས་ཀྱི་ཁ་རྒྱུན་ལ་“རྫོང་རྩེ་དགོན་”ཞེས་བརྗོད། རྫོང་རྩེ་དགོན་གྱི་ཤར་ཕྱོགས་སུ་སྤྱི་ལེ་གཉིས་ཙམ་གྱི་ས་ལ་ཆོས་ལུང་དགོན་ཡོད། ཆོས་ལུང་དགོན་ནི་བཙུན་མའི་དགོན་པ་ཞིག་ཡིན་ལ། སྤྱི་ལོ་1215ལོར་སྐྱོབ་པ་འཇིག་རྟེན་མགོན་པོའི་དངོས་སློབ་ཆོས་སྐུ་བླ་མས་ཕྱག་བཏབ།[16] དགོན་དེ་ནས་མུ་མཐུད་སྤྱི་ལེ་གཉིས་དང་ཕྱེད་ཀ་ཙམ་གྱི་ས་ལ་མང་རྭ་དགོན་ཆགས་ཡོད། ཆོས་ལུང་དགོན་དང་མང་རྭ་དགོན་གྱི་ལྷོ་ཕྱོགས་སུ་དབུས་རུ་ཞྭ་ལྷ་ཁང་ཆགས་ཡོད། མང་རྭ་དགོན་གྱི་མཚན་རྒྱས་པར་མང་རྭ་བྱ་ཡུལ་ཐུབ་བསྟན་སྡེ་བཞི་རབ་རྒྱས་གླིང་ཞེས་བརྗོད་ལ། དེ་ནི་བཀའ་གདམས་པའི་དགེ་བཤེས་བྱ་ཡུལ་བས་ཕྱག་བཏབ། ད་ཐེངས་དགོན་འདིའི་བཙུན་པ་ཚེ་རིང་ཆོས་འཕེལ་ལགས་ཀས་ངེད་ལ་དགོན་འདིའི་དཀར་ཆག་གློག་རྡུལ་པར་མ་ཞིག་མཁོ་འདོན་གནང་བྱུང་།  དཔེ་རྙིང་དེའི་ཡིག་ཟོར་དང་ཚིག་སྦྱོར་གང་ནས་བལྟས་ཀྱང་སྤྱི་ལོའི་དུས་རབས་བཅུ་གཉིས་ནས་བཅུ་གསུམ་བར་དུ་བརྩམས་པར་མངོན།[17] རྫོང་རྩེ་དགོན་ནས་རྩེད་ཞོལ་གཙང་པོའི་གཞུང་ལམ་བརྒྱུད་དེ་ནུབ་ཕྱོགས་སུ་སྤྱི་ལེ་23ཙམ་བསྐྱོད་ན་རྩེད་ཞོལ་གྲོང་རྡལ་དུ་སླེབས་ཤིང་། གནས་དེར་རྩེད་ཞོལ་དགོན་པ་ཆགས་ཡོད། དགོན་འདི་ནི་བཙན་པོ་ཁྲི་སྲོང་ལྡེ་བཙན་གྱི་སྲས་མུ་ནི་བཙན་པོས་ཕྱག་བཏབ་པར་གྲགས་ཤིང་། ཆོས་ལུགས་འབྲི་གུང་བཀའ་རྒྱུད་ཀྱི་མ་དགོན་ཡིན།[18]ཞེས་བརྗོད་ཀྱི་འདུག གཞན་ཡང་ཐོག་མར་འབྲི་གུང་རྫོང་ཆུ་ཕ་རིའི་རྣམ་རྒྱལ་ཆོས་རྫོང་ཞེས་པའང་འདུག
         གཉིས། ཡུལ་“སྦྲང་”ཞེས་པ་ཡོད་མེད་ཀྱི་སྐོར།
         དེ་ལྟར་ས་ཡུལ་དངོས་སུ་རྟོག་ཞིབ་བྱས་པ་བརྒྱུད་ཤེས་གསལ་ལྟར་ན། ཉི་མ་ལྕང་ར་ཤང་ནི་ལྷ་ས་གྲོང་ཁྱེར་མལ་གྲོ་གུང་དཀར་རྫོང་ཁོངས་སུ་ཆགས་ཤིང་། སྤྱི་ལོ་1960ལོར་ཉི་མ་ལྕང་ར་ཤང་བཙུགས་ཤིང་། སྤྱི་ལོ་1970ལོར་མི་དམངས་ཀུང་ཧྲིར་བསྒྱུར། སྤྱི་ལོ་1984ལོར་ཡང་བསྐྱར་ཤང་ལ་བསྒྱུར། སྤྱི་ལོ་1996ལོར་ཡང་རི་སྒང་ཤང་ཡང་དེའི་ཁོངས་སུ་གཏོགས་ཤིང་། ད་ཆ་སྤང་མདའ། མཆི་མ་ཁ། ཡང་རི་སྒང་། འབྲུམ་མདའ། མང་ར་ཞིང་ཁུལ། མང་ར་འབྲོག་ཁུལ། རྩེད་ཞོལ། སྦྲང་མདའ་བཅས་ཁྱོན་བསྡོམས་གྲོང་ཚོ་བརྒྱད་ཡོད། སྤྱིའི་རྒྱ་ཁྱོན་ལ་སྤྱི་ལེ་ངོས་སྙོམས་གྲུ་བཞི་མ་646ཡོད་ཅིང་། གནས་ནི་མལ་གྲོ་གུང་དཀར་རྫོང་གི་བྱང་ཤར་མཚམས་སུ་མཆིས་ལ། གྲོང་ཚོའི་མིང་ལ་སྦྲང་མདའ་ཞེས་པ་ད་ལྟའང་དངོས་སུ་མཐོང་རྒྱུ་ཡོད་པ་ཞིག་རེད་འདུག
         དེང་གི་སྦྲང་མདའ་གྲོང་ཚོ་ནི་ཉི་མ་ལྕང་ར་ཤང་གི་གྲོང་ཚོ་ཞིག་ཡིན་ལ། རྫོང་རྩེ་དགོན་ནས་ལྷ་སའི་ཕྱོགས་སུ་སྤྱི་ལེ་བརྒྱད་ཙམ་བསྐྱོད་ན་སྦྲང་མདའ་ཞེས་པའི་གྲོང་ཚོར་སླེབས་ཤིང་། དེ་ནི་དབུས་རུ་ཞྭ་ལྷ་ཁང་དང་རྒྱང་ཐག་སྤྱི་ལེ་བརྒྱད་ཀྱི་ས་ལ་གནས་འདུག ཡུལ་དེར་སྦྲང་སྨན་རྩེ་དགོན་ཞེས་པའི་བཙུན་མའི་དགོན་པ་ཞིག་འདུག་ཅིང་། དགོན་འདི་ནི་དུས་རབས་བཅུ་གཅིག་པའི་གཡས་གཡོན་དུ་འབྲི་གུང་སྨན་རྩེ་སྤྲུལ་སྐུས་ཕྱག་བཏབ།[19] དེང་སྐབས་རྒྱུན་བཞུགས་ཀྱི་བཙུན་མ་གསུམ་མཆིས། 
         སྦྲང་མདའ་ཡོད་ན་སྦྲང་ཕུ་ཡོད་པ་སྤྱིར་རིགས་པས་སྒྲུབ་ནུས་ཤིང་། གྲོང་ཚོ་འདི་གའི་གྲོང་མི་འཕྲིན་ལས་མཆོག་སྐྱིད་[20]ལ་བཅར་འདྲི་བྱས་པ་བརྒྱུད་སྦྲང་ཕུ་ཞེས་པའི་ཡུལ་ནི་དེང་གི་བསླབ་སྟོན་གྲོང་ཚོའི་ལུང་པའི་ཕུ་ན་ཡོད་ཅིང་། ལོ་རབས་བརྒྱད་ཅུའི་ནང་སྦྲང་ཕུའི་ཡུལ་གྱི་རྒས་པོ་ཞིག་གིས་སྦྲང་ལྷ་ཕེབས་པའི་སྲོལ་ཡང་མཐོང་ཆོས་སུ་གྱུར་ཞེས་བརྗོད་ཀྱི་འདུག སྦྲང་ལྷ་ནི་ཡུལ་འདི་གའི་སྲུང་མ་ཡིན་ཞིང་། ཞབས་བརྟན་རིམ་གྲོ་བྱེད་སྐབས་སྦྲང་ལྷར་གསོལ་ཁ་གཏོང་བའི་སྲོལ་དུས་ད་ལྟའང་མཆིས། གཞན་ཡང་《ལྡེའུ་ཆོས་འབྱུང་རྒྱས་པ》ལས། ཚན་བཅུ་ནི་ཐང་འབྲང་ལ་གཅིག[21]དང་། བོད་ཀྱི་སྟོང་སྡེ་དྲུག་ཅུ། ཕྱུགས་མཚམས། འབྲང་མཚམས།[22]ཞེས་པའི་ནང་དུ་འབྲང་ཞེས་གསལ་ཡོད། 
         མཚམས་འདིར་ཡུལ་ལྷ་འདིའི་ནང་དོན་མདོར་བསྡུས་ཤིག་དྲངས་ན། སྦྲང་ལྷ་ཞེས་པ་གང་འདྲ་ཡོད་ཅེ་ན། ཀྱེེ།ལྷ་ཆེན་འབྲང་ལྷ་ཟོར་རྒྱལ་ནི། །སྨོན་ལམ་བསྒྲུབས་པའི་ལྷ་ཆེན་ཡིན། །འཁྲུངས་པ་རྩོང་ཁའི་ཡུལ་ནས་འཁྲུངས། །[23]དེ་ནས་ཇོ་མོ་སྒྲོལ་མ་ཡིས། །འབྲང་གི་ཕུ་ལ་ལུང་བསྟན་ཕུལ། །འབྲང་ཕུ་སྦྲང་ཕུ་སྟག་ཕུ་གསུམ། །ལུང་ཆེན་གསུམ་ནི་བསྡུས་པའི་དབུས། །མཚོ་ཆེན་གསུམ་ནི་སྐྱིལ་བའི་དབུས། །[24] ཞེས་དང་། ལྷ་དེའི་ཕྱིའི་རྣམ་པ་གང་འདྲ་ཡོད་ཅེ་ན་དེ་ལ་གནས་པའི་ལྷ་ཆེན་ཁྱོད། །སྐུ་ལ་དར་ཆེན་དཀར་པོ་གསོལ། །དབུ་ལ་ཞྭ་དཀར་ཧ་ལོ་གསོལ། །ཆིབས་སུ་དྲེའུ་གཡུ་སྔོན་ཆིབས། །མཚལ་ལུས་མེ་སྟག་རོལ་དུ་ཁྲིད། །[25] ཅེས་གསུངས་པ་ལྟར་རོ། །དེ་བཞིན་སྦྲང་ཕུའི་ཁུལ་གྱི་གྲོང་མིས་སྦྲང་ལ་ཞེས་པའི་རི་རྩེར་བསང་ཁ་བསང་གསོལ་བྱེད་པའི་སྲོལ་ད་ལྟའང་མཐོང་རྒྱུ་འདུག གསོལ་མཆོད་ནང་དུ་ད་དུང་བསྟན་པར། འབྲང་ལ་ཞེས་པའི་རི་ནི་རི་རྒྱལ་ལྷུན་པོ་འདྲ། །རི་རྒྱལ་ཤར་ནས་བལྟས་ཙ་ན། །རྒྱལ་ཆེན་གདན་ལ་བཞུགས་པ་འདྲ། །རི་རྒྱལ་ལྷོ་ནས་བལྟས་ཙ་ན། །དར་དཀར་ཡོལ་ལ་ཐིབས་པ་འདྲ། །རི་རྒྱལ་ནུབ་ནས་བལྟས་ཙ་ན། །ཁྱུང་ཆེན་མཁའ་ལ་ཕྱོང་པ་འདྲ། །རི་རྒྱལ་བྱང་ནས་བལྟས་ཙ་ན། །སྨན་སྣ་རྣམ་པ་སྣ་ཚོགས་སྐྱེས། །རི་རྒྱལ་ཟུར་ནས་བལྟས་ཙ་ན། །ལྷ་བྱ་གོང་མོའི་གསུང་སྙན་འགྱུར། །རི་རྒྱལ་ལོགས་ནས་བལྟས་ཙ་ན། །ཤ་རྐྱང་མ་བུས་རྩེད་མོ་རྩེ། །རི་རྒྱལ་རྩེ་ལ་བལྟས་ཙ་ན། །ཤ་རུས་འབྲོང་རུ་ཟེང་ཟེ་ཟེང་། །གདུགས་དང་དར་ལྕོག་ལྷབས་སེ་ལྷབས། །ཞེས་སོགས་བསྟན་འདུག
         མདོར་ན། གོང་སྨྲོས་ཀྱི་ལོ་རྒྱུས་ཡིག་ཆ་ཐོར་བུ་དག་ལ་བལྟས་ན་ས་གནས་འདི་ལོ་རྒྱུས་བྱུང་རིམ་ནང་གནད་འགག་ཆེ་ས་ཞིག་ཡིན་པ་ར་སྤྲོད་ཐུབ་ཅིང་། གོང་དུ་བརྗོད་པའི་མལ་གྲོ་གུང་དཀར་རྫོང་ཉི་མ་ལྕང་ར་ཤང་སྦྲང་མདའ་གྲོང་ཚོ་དང་། ཏུན་ཧོང་ཡིག་རྙིང་ཁྲོད་ཀྱི་“སྦྲང་”དབར་འབྲེལ་བ་ངེས་གཏན་ཡོད་པས། དེ་ལས་འཕྲོས་ཏེ་ཀླུང་ཤོད་དང་། རྩེད་ཞོལ། ཡང་ན་མང་རྭ། དེ་མིན་འབྲི་གུང་སོགས་ཀྱི་ས་མིང་གི་ཡོང་ཁུངས་དང་། ས་ཆ་འདིར་བོད་བཙན་པོའི་དུས་ནས་བཟུང་ལོ་རྒྱུས་འཕེལ་རྒྱས་ཁྲོད་དུ་གནས་བབས་ཇི་འདྲ་ཞིག་བཟུང་ཡོད་མིན་ཐད་ལ་དཔྱད་ཞིབ་མུ་མཐུད་བྱ་རྒྱུ་འདུག་སྙམ།
         དཔྱད་གཞིའི་ཡིག་ཆ།
         [1] 王尧.敦煌吐蕃历史文书•吐蕃制度文化研究[M] .中国藏学出版社,2012(1):46.
         [2] མཁས་པ་ལྡེའུ། ལྡེའུ་ཆོས་འབྱུང་རྒྱས་པ།[M] བོད་ལྗོངས་བོད་ཡིག་དཔེ་རྙིང་དཔེ་སྐྲུན་ཁང་ནས་བསྐྲུན། སྤྱི་ལོ་1987ལོ། ཤ244
         [3] ལྕགས་སྟག་ཞིབ་གཞུང་།[M] ཀྲུང་གོ་བོད་ཀྱི་ཤེས་རིག་དཔེ་སྐྲུན་ཁང་། སྤྱི་ལོ་1989ལོ། ཤ130-131
         [4] 黄不凡,马德.敦煌藏文吐蕃史文献译注[M] .甘肃教育出版社,2000(1):130. ཀླུམ་རོ། 陇木若地区名。其地理位置在今拉萨河上游流域林周以上地段。(见《中国历史地图集》第五册)
         [5] དུང་དཀར་བློ་བཟང་འཕྲིན་ལས། དུང་དཀར་ཚིག་མཛོད།[M] ཀྲུང་གོ་བོད་ཀྱི་ཤེས་རིག་དཔེ་སྐྲུན་ཁང་། སྤྱི་ལོ་2012ལོ། ཤ132
         [6] 米玛次仁.敦煌本吐蕃历史文书—西藏地名考释[M] .西藏藏文古籍出版社,2005:92.
         [7] 叶拉太著.吐蕃地名研究[M] .人民出版社,136-137.龙若雅松[klum roiv ya sum ]古藏文文献又作“klng roiv ya sum”,有的文献将其列入“四十小邦”。从古藏文写卷《编年史》记载看,“龙若雅松”在约公元5世纪末被吐蕃所征服,此前是“森波”王达甲吾( zing po rje stag skya po)之居所。“森波国”为前吐蕃时期卫藏地方势力较强的独立政权,吐蕃第十三代赞普南日论藏时期臣服与吐蕃,其地位于拉萨北部澎域地区(即上述埃布地区)。但要明确的是,“龙若押送”不能与澎域完全同起来理解。古藏文文献记载森波国功臣年孜松功绩时云:“为酬其谋划之功,以厄尔哇堡为界,龙若雅松以下均划作年孜松之属地。”①又曰:“达甲吾辖地叶若四部,龙若雅松均归森波杰赤邦松所有。”②可见约公元5世纪两大澎域地区“森波”政权统二为一后,“龙若雅松”成了澎域地区“森波国”一辖地,是“森波国”境内半独立状态的地方部落组织,米玛次仁先生将“龙若雅松”位置定在今墨竹工卡之贡一带。③虽然他未对此进行进一步论证研究,但从地理位置分析,此说确有可信之处。止贡以上为古代
澎域地区,止贡在当时同样包括在澎域之内。
         [8] 黄步凡.马德敦煌藏文吐蕃史文献译注[M] .甘肃教育出版社,2000:173.
         [9] 黄步凡.马德敦煌藏文吐蕃史文献译注[M] .甘肃教育出版社,2000:173.
         [10] 米玛次仁.敦煌本吐蕃历史文本[M] .西藏藏文古籍出版社,2005:92.
         [11] འབྲི་གུང་སྐྱབས་མགོན་ཆེ་ཚང་། བོད་བཙན་པོའི་རྒྱལ་རབས།[M] གློག་རྡུལ་དེབ། ཤ375
         [12] དབའ་བཞེད་བཞུགས་སོ།[M] བོད་ལྗོངས་བོད་ཡིག་དཔེ་རྙིང་དཔེ་སྐྲུན་ཁང་ནས་བསྐྲུན། སྤྱི་ལོ་2010ལོ། ཤ14
         [13] མཆན་གོང་དང་མཚུངས། ཤ16
         [14] པ་ཚབ་པ་སངས་དབང་འདུས། རྒྱལ་ཕྲན་དང་རྒྱལ་ཕྲན་སིལ་མར་དཔྱད་པའི་གཏམ།[M] མཚོ་སྔོན་སྤྱི་ཚོགས་ཚན་རིག་དུས་དེབ། 2018ལོའི་དུས་དེབ་དང་པོ།
         [15] པ་ཚབ་པ་སངས་དབང་འདུས། རྒྱལ་ཕྲན་དང་རྒྱལ་ཕྲན་སིལ་མར་དཔྱད་པའི་གཏམ།[M] མཚོ་སྔོན་སྤྱི་ཚོགས་ཚན་རིག་དུས་དེབ། 2018ལོའི་དུས་དེབ་དང་པོ།
         [16] 群培 著,罗旦 译注.陈庆英校注拉萨市藏传佛教寺院[M].西藏人民出版社,2010:250.
         [17] མང་རྭ་བྱ་ཡུལ་ཐུབ་བསྟན་སྡེ་བཞི་རབ་རྒྱས་གླིང་གི་དཀར་ཆག[M] ལག་བྲིས་མ། ཤ35
         [18] 群培 著,罗旦 译注.陈庆英校注拉萨市藏传佛教寺院[M].西藏人民出版社 , 2010:244.
         [19] ལྕགས་ཁ་ཟླ་བ། མལ་གྲོ་གུང་དཀར་གྱི་ལོ་རྒྱུས་དྭངས་གསལ་ཆུ་མོའི་རྒྱུན་བཟང་།[M] བོད་ལྗོངས་མི་དམངས་དཔེ་སྐྲུན་ཁང་ནས་བསྐྲུན། སྤྱི་ལོ་2010ལོ། ཤ87
         [20] བཅར་འདྲི་བྱ་ཡུལ་འཕྲིན་ལས་མཆོག་སྐྱིད། སྐྱེས་མ། ལོ་72
         [21] མཁས་པ་ལྡེའུ། ལྡེའུ་ཆོས་འབྱུང་རྒྱས་པ།[M] བོད་ལྗོངས་བོད་ཡིག་དཔེ་རྙིང་དཔེ་སྐྲུན་ཁང་ནས་བསྐྲུན། སྤྱི་ལོ་1987ལོ། ཤ243
         [22] 王尧.敦煌吐蕃历史文书•吐蕃制度文化研究[M] .中国藏学出版社,2012(1):46.
         [23] འབྲི་གུང་པད་མ། འབྲང་ལྷའི་གསོལ་མཆོད་བཞུགས་སོ།[M] . ལག་བྲིས་མ། 
         [24] མཆན་གོང་དང་མཚུངས།
         [25] མཆན་གོང་དང་མཚུངས།
39.7K

ཐག་རག་ཡིག་བསྒྱུར་མ་ལག

དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1