གཙོ་ངོས།>> རྩོམ་རིག>>ལྷུག་རྩོམ།

རྩོམ་སྒྲིག་པ།ཚེ་དཔལ། ཡོང་ཁུངས།མཚོ་སྔོན་བོད་ཡིག་གསར་འགྱུར། སྤེལ་དུས། ༢༠༢༡ལོའི་ཟླ་བ་༠༢ཚེས་༢༥ཉིན།

༄༅།། ཕྱིར་དྲན་ཐེངས་ཤིག


རྨ་ལྷོ། ཞོ་ར་བསམ་འགྲུབ་རྒྱལ།

        དུས་ཚོད་ཀྱི་ཐག་སྒྲ་སྡོད་དུ་མེད་པའི་གཙང་པོའི་འགྲོས་དང་བསྡོངས་ནས་འདི་ལྟར་རྒྱང་དུ་བཞུར་མོད།འདས་སོང་གི་ལོ་ཟླར་འགྲམ་པ་གླན་བཞིན་མི་ལོ་མང་པོའི་འདས་དོན་གྱི་ཕྱི་ནང་ཨུ་ཚུགས་ཀྱིས་ཡང་ཡང་སློག་དུས།དག་དག་གཏམ་རྒྱུད་འདིའི་བརྗོད་སྙིང་ང་རང་སློབ་ཆུང་འགྲིམ་དུས་ཀྱི་བག་ཆགས་ཤིག་ལས་མགོ་རྩོམ་དགོས་པར་འདྲ།
        ངའི་ཕ་ཡུལ་ནི་རོང་མ་འབྲོག་ཏུ་ཐེ་བའི་གནའ་བོའི་གྲོང་ཚོ་ཆུང་ཆུང་ཞིག་ཏུ་ཡོད་ཅིང་། རྫོང་མཁར་ནས་སྤྱི་ལེ་སུམ་ཅུའི་རླངས་འཁོར་གྱི་འགྲུལ་བཞུད་བརྒྱུད་ན་ད་གཟོད་གཞི་ནས་སླེབས་ཐུབ།གལ་ཏེ་ང་ཚོའི་ཕ་ཡུལ་ལ་སོང་མྱོང་བ་ཞིག་ཡིན་ན།གནས་འདིའི་ཉེ་རྒྱང་གང་དུའང་འདུ་འགོད་སྐྱེན་པའི་གྲོང་ཁྱེར་གྱི་རྣམ་པ་དེ་དག་ཡེ་ནས་མཐོང་རྒྱུ་མེད་མོད། ཁེར་རྐྱང་ཁྲོད་ཀྲོང་ངེར་འགྲེང་བཞིན་ཕྱོགས་བཞིར་ལྟ་དུས། མཐོ་དམའ་མི་སྙོམས་པའི་རི་བོ་རྣམས་གྲོང་ཚོ་འདིའི་སོ་སྲུང་དུ་བྱོན་པའི་ཕོ་ཉ་བཞིན་བརྟན་བརླིང་གིས་འགྱིང་འདུག་ཅིང་། ཡང་གཅིག་བཤད་ན། ཡུལ་མི་ཚོའི་ངག་ཏུ་བཤད་སྒྲོས་མོད་པའི་མདུན་རིར་ལྗོན་པ་ཐ་ཐོར་གྱིས་ཁེབས་ཡོད་པ་ནི། བལྟས་ཀྱིན་བལྟས་ཀྱིན་རྒན་པོ་སྤྱི་ཐེར་ཞིག་གློ་རྡེག་མཐོང་ལམ་དུ་མངོན་པ་དང་གཉིས་སུ་མེད། ཁ་ཁུ་སིམ་པོར་སྡོད་དུས། ལྷུང་ལྷུང་གི་གཞས་ཆུང་དཀྲོལ་བའི་ཆུ་བོའི་བཞུར་སྒྲའང་རྣ་བའི་བུ་གར་ཡུན་གྱིས་འཚང་ཡོང་།དུས་ཚིགས་རེས་མོས་ཀྱི་འཁོར་སྐྱོད་ཁྲོད་དུ། སྟོན་གྱི་ན་ཆུང་སྒེག་མོས་མི་ཡུལ་གྱི་མཛེས་པ་གཅིག་ཏུ་བསྒྲིལ་ཏེ་གནས་འདིར་ལྷགས་དུས།སྣུམ་ཤིག་ཤིག་གི་གཞུང་ལམ་གཤགས་པའི་རླངས་འཁོར་མངོན་སུམ་གྱིས་ཇེ་མང་དུ་འགྲོ་ཞིང་།རྒྱ་ནང་ནས་ཡུལ་སྐོར་དུ་ཡོང་བའི་མི་རྣམས་ཀྱིས་འགྲུལ་བཞུད་ཀྱི་གོམ་པ་རེ་ཞིག་གློད་དེ། སེམས་ངལ་གསོ་སའི་ཞིང་གྲོང་གི་སེར་ལམ་ལམ་གཡོ་བའི་གྲོ་ཞིང་གི་རྣང་མའི་དཀྱིལ་ནས་ངལ་གསོ་ཞིང་པར་སྐྱོན་པའི་ཡོ་ལང་ལ་མངོན་པར་ཕྱོགས་པས། ཇི་ལྟར་བྲིས་ཀྱང་། སྨྲ་བསམ་བརྗོད་དུ་མེད་པའི་བྱིས་དུས་ཀྱི་སྣང་བརྙན་མང་པོ་ད་ལྟ་ལ་ཐུག་ཀྱང་དྲན་པའི་དབྱིངས་ཀྱི་བྱ་ཁྱུ་ཇི་བཞིན་ལྡིང་སྐོར་བྱེད་པའི་ངལ་བ་ལྷུར་ལེན་པས།སྐབས་རེར་འཆར་ཡན་གྱི་གླིང་ཕྲན་དུ་ལོངས་སྤྱོད་ཀྱི་ཁབ་ལ་རོལ་བཞིན་པའི་འདུ་ཤེས་ཀྱང་བཟུང་མྱོང་བ་འདྲ།
        བག་ཆགས་ཀྱིས་དཀྲོལ་བའི་རྒྱུ་རྐྱེན་ཞིག་གམ།གང་ལྟར་ཀུ་ཤུ་དང་ངེད་གཉིས་ཀྱི་བར་ན་མི་ལོ་དུ་མར་གཅོད་མ་ཐུབ་པའི་བརྩེ་དུངས་ཀྱི་སྐུད་པས་དམ་དུ་དཀྲིས་ཡོད་པར་སྣང་ལ། དུས་རྒྱུན་དགུང་ཟས་ལ་རོལ་ཏེ་མ་ཉལ་བའི་སྔ་རོལ་ཏུ།ང་ལ་མཚོན་ན་ཀུ་ཤུ་ནི་མཚན་མོ་རེ་རེའི་རྨི་ལམ་དུ་འཛུལ་བའི་གཉིད་སྨན་དང་ཁྱོན་ནས་འདྲ་བར། ཀུ་ཤུ་གཉིས་གསུམ་རེ་ཟ་དགོས་པ་ནི་འཚོ་བའི་དགོས་མཁོ་ཉག་གཅིག་ཏུ་གྱུར་འདུག ཀུ་ཤུ་མེད་ཚེ། ང་རང་མཚན་གང་པོར་གཉིད་མི་ཁུགས་ལ་ཐ་ན་རང་དབང་མེད་པར་འཚིག་པ་ཟོས་ཏེ་སུ་དང་གང་ལའང་ཁ་ཡ་མི་བྱེད་པ་ཡིན། དྲང་མོར་བཤད་ན། རྒྱུན་པར་སིལ་ཏོག་གི་རིགས་ཟོས་ཏེ་ལུས་པོའི་བདེ་ཐང་དང་འཚོ་བཅུད་ཁ་སྐོང་བར་དམིགས་པའི་རེ་བ་ཕྲ་མོ་ཙམ་ཡང་བཅངས་མ་མྱོང་ལ།ཤེས་ཀྱང་མི་ཤེས་མོད།ད་ལྟ་ཕྱིར་དྲན་ཞིག་བྱས་ཚེ།སྐབས་དེར་ངེད་ཚང་གི་འཚོ་བའི་འཁོས་ཀ་སོགས་ལྟོས་བཅས་ཀྱིས་དེ་ཙམ་གྲ་རྒྱས་པོ་མིན་ཡང་།བྱིས་པའི་རང་ཤེད་ཁོ་ནས་ཀུ་ཤུ་ཟ་དགོས་པ་ནི་འཚོ་བའི་ཐོག་མཐའ་བར་གསུམ་དུ་ཆད་མ་མྱོང་བའི་སྒེར་གཤིས་ཁོ་ནར་བལྟས་ཆོག
        དེ་ལྟར་ལོ་ཟླ་མང་པོ་ཞིག་བྲེལ་ཟིང་དང་ངལ་དུབ་ཀྱི་ཁྲོད་ཤེས་མེད་ཚོར་མེད་དུ་བཞུད་རྗེས།ངའི་སྤོ་བོ་ལགས་ཀྱིས་ཐབས་ཤེས་ཤིག་ལ་བརྟེན་ཏེ་ངའི་ཀུ་ཤུ་ཟ་བའི་འདུན་པར་རྨང་ནས་ཚོད་འཛིན་བྱས་སོང་བ་འདྲ་སྟེ། ཉིན་ཞིག ངས་ཀུ་ཤུ་ཞིག་སྒྲ་ཆེན་པོ་དང་མཉམ་དུ་རྔམ་ཟ་བྱེད་ཀྱིན། རེ་ཞིག་ཁོའི་སྒུར་ཞིང་ཡ་ཡོར་བྱེད་ཀྱིན་པའི་ལུས་པོ་མཐོང་བ་ན། ཕལ་ཆེར་དོན་དག་ཅིག་འཆད་རྒྱུ་ཡིན་པ་ཤེས་ཐུབ་སྟེ། གཅེས་ཕྲུག དེ་རིང་ནས་བཟུང་། ཁྱོད་རང་ཆེས་དགའ་བའི་ཀུ་ཤུ་སྒྱེའུ་གང་ཉོས་ཡོད་པས། དེང་ཕྱིན་ཁྱོད་ཀྱིས་ཇི་ལྟར་ཟ་ན་དེ་ལྟར་ཟོས་ཆོག་ཨང་། བརྩེ་བ་དང་འཛུམ་མདངས་ཀྱིས་ཕྱུག་པའི་གདོང་གིས་ང་ལ་ལྟ་བཞིན་དེ་ལྟར་ནན་གྱིས་སྨྲས་བྱུང་། སྐབས་དེར་ང་རང་དྲན་པ་འཐོར་བ་བཞིན་ཅི་ཞིག་ལ་ཧད་ནས་སྡོད་ཅིང་།ཨེན་ཙམ་ཡིད་མ་ཆེས་པར་སྒྱེའུའི་ནང་ཞིབ་ཏུ་བལྟས་ཙ་ན། སྒྱེའུའི་ཁ་རུ་དམར་མདངས་ཆེས་ཆེར་མངོན་པའི་ཀུ་ཤུ་ཁོ་ན་སྤུངས་ཤིང་། སྒྱེའུའི་མགོ་མཇུག་ཧྲིལ་པོར་ལག་པས་རེག་རེག་ཇི་ལྟར་བྱས་ཀྱང་ཆེ་ཆུང་དང་སྲ་སྙི་སོགས་ཀུ་ཤུ་དང་ཧ་ཅང་འདྲ་བས།སྐབས་དེ་དུས་ནས་ངའི་ཀུ་ཤུ་ཟ་འདོད་ཀྱི་ཡི་ག་གློ་རྡེག་ཏུ་རྨང་ནས་འཆུས་ཏེ། ཀུ་ཤུ་འདི་འདྲའི་མང་པོ་ཞིག་ནམ་ཞིག་ལ་ཟོས་ཚར་ཨང་སྙམ་ཞོར་དེ་སྔར་ཀུ་ཤུར་བཟུང་བའི་རྣམ་འགྱུར་ཡང་བྱེ་མའི་ཆངས་བུ་བཞིན་མ་བཤིག་རང་ཐོར་དུ་གྱུར།
        དོན་གྱི་བྱུང་བ་དེར་བརྟེན།ངའི་དྲན་པའི་ཁྲོད་སྔོན་དང་མི་འདྲ་བར་ཀུ་ཤུ་ཉུང་ངུ་ཙམ་ལས་ཟ་མ་ཕོད་ཅིང་། མཚམས་རེར་བཟོད་བསྲན་ཨེན་ཙམ་བྱས་ཏེ་སྡོད་དགོས་ཀྱང་མ་ཟོས་པའི་རྒྱུ་ལ་རྐྱེན་བྱས་ཏེ་སྡུག་ཡུས་དང་འགྱོད་པ་སྐྱེས་མྱོང་བ་ཞིག་ད་ལྟ་ཡང་ཡིད་ངོར་དྲན་གིན་མི་འདུག
        དགོད་བྲོ་བ་ཞིག་ལ།བར་སྐབས་ཤིག་ཏུ་སྤོ་བོ་ལགས་ཀྱིས་ང་ལ་ཀུ་ཤུ་ཟ་ཨེ་འདོད་ཅེས་ཀུ་རེའི་ཚུལ་དུ་ཡང་ཡང་འདྲི་དུས། ངས་ནི་མི་འདོད་པའི་བརྡ་ལ་མགོ་བོ་འཕྲེད་དུ་གཡུག་པ་ལས་ལན་ཅི་ཡང་བཏབ་མ་མྱོང་ལ། དྲང་མོར་བཤད་ན། སྔོན་ཆད་སྒྱེའུའི་ནང་བཅུག་པ་ཀུ་ཤུ་རྐྱང་རྐྱང་ཡེ་ནས་མིན་པར། ཞོག་ཁོག་མང་པོ་བླུགས་པའི་སྒྱེའུའི་ཁ་རུ་ད་གཟོད་ཀུ་ཤུ་སྤུངས་པའི་དོན་དངོས་ཀྱི་སྐོར་འགྲེལ་བཤད་བརྒྱབ་ཡོང་དུས།རེ་ཞིག་ལེ་བདའ་དང་འཁང་ར་ཅི་ཡང་མེད་པར་ངེད་གཉིས་སྲོན་མ་ཐུབ་པའི་དགོད་ཁ་ལྷུག་ལྷུག་ཏུ་ཤོར་ལ། ལན་རེར། སྨྲ་མི་ཤེས་པའི་སེམས་ཚོར་སྟུག་པོ་ཞིག་གིས་ངའི་ལུས་ཀྱི་ཡན་ལག་ཐམས་ཅད་ཚ་བེར་བེར་གྱིས་གཙེས་མྱོང་བའང་སུ་ཡིས་རྟོགས། སུ་ཡིས་རྟོགས།
        གང་ལྟར། ང་རང་རིམ་གྱིས་ནར་སོན་ཏེ་དཔེ་ཆ་སྣ་ཚོགས་ཀློག་སྐལ་བྱུང་བའི་གོ་རིམ་ཁྲོད་དུ།ཀུ་ཤུའི་ནང་གི་འཚོ་བཅུད་ལ་སྨན་པའི་གྲུབ་ཆ་གྱ་ནོམ་པ་འདུས་པར་སྨྲ་ཞིང་། གལ་ཏེ་འཚོ་བའི་ཁྲོད་རྒྱུན་དུ་ཀུ་ཤུ་ཟོས་ན་ལུས་པོའི་ནད་འགོག་ནུས་པ་ཇེ་ཆེར་དང་སྐྲན་ནད་ཀྱི་ཚད་ཇེ་དམའ།ད་དུང་རྒས་འཁོགས་སུ་འགྱུར་བར་སྔོན་འགོག་ཐུབ་པའི་སྐོར་གཏན་ཚིགས་ཀྱིས་མང་དུ་སྒྲུབ་ཀྱིན་པ་མཐོང་ཐེངས་རེར། ང་རང་ཆུང་དུས་ནས་ད་ལྟའི་བར་བདེ་ཐང་ཁོ་ནའི་པང་དུ་བསྙེས་ཏེ་འཚར་བའི་རྒྱུ་རྐྱེན་ཉག་གཅིག་ཀྱང་དོན་གྱིས་ཀུ་ཤུ་དང་འབྲེལ་བ་ཨེ་ཡོད་སྙམ་ལ། ཞར་དུ་སྤོ་བོ་ལགས་ཀྱིས་བྱིས་པ་བསམ་མེད་ཅིག་གི་དགའ་ཕྱོགས་དང་རང་བརྩིའི་བསམ་བློར་རྡོག་བརྫིས་དང་རྨ་ཅི་ཡང་མ་ཕབ་པར། འདི་ལྟར་རང་ཉིད་ཀྱི་དམིགས་པ་ཡོད་ཚད་མངོན་སུམ་དུ་བསྒྱུར་བའི་གོ་རིམ་ཧྲིལ་པོས།ངའི་མི་ཚེའི་གཤིན་སར་བསམ་གཞིག་གི་ས་བོན་མང་པོ་ཞིག་མངོན་ལྐོག་གང་རུང་དུ་གཏོར་ཡོད་པ་གཞི་ནས་ཚོར་བྱུང་། །

39.7K

ཐག་རག་ཡིག་བསྒྱུར་མ་ལག

དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1