གཙོ་ངོས།>> རྩོམ་རིག>>ལྷུག་རྩོམ།

ཁྲི་ཟླ་གཞོན། རྩོམ་སྒྲིག་པ།དབང་ཆེན།ཡོང་ཁུངས།ཁམས་པའི་རིག་གནས་དྲ་བ། སྤེལ་དུས། ༢༠༢༡ལོའི་ཟླ་བ་༠༤ཚེས་༡༣ཉིན།

༄༅།།རང་གི་ཞེ་སྡང་ལ་རང་གིས་ཚོད་འཛིན་བྱོས།

     ཇི་སྐད་དུ་བཟོད་པ་ལྟ་བུའི་དཀའ་ཐབས་མེད། ཞེ་སྡང་ལྟ་བུའི་སྡིགས་པ་མེད་ཅེས་གསུངས་པ་ནང་བཞིན། རང་ཅག་མིའི་རིགས་ཐུན་མོང་ལ་མ་གཞི་ནས་སེམས་ཀྱི་འཆར་སྒོ་གང་མང་ཞིག་ཡོད་སྲིད་ཀྱང་དེ་དག་རིགས་ཆེ་བའི་ཁོངས་སུ་བགོས་ན་དགའ་སྐྱོ་ཆགས་སྡང་བཞི་རུ་མ་འདུས་བ་མེད་སྙམ། གལ་ཏེ་དགའ་སྐྱོ་ཆགས་སྡང་བཞི་བོ་དེ་ལ་སྟོབས་ཤུགས་ཀྱི་ཆེ་ཆུང་ཞིག་བཀར་དགོས་པ་ཡིན་ན། ཞེ་སྡང་གི་སྟོབས་ཤུགས་ནི་ཆེས་ཆེ་སྟེ་མེ་དཔུང་གིས་རྩྭ་སྐྱ་བསྲེགས་པ་བཞིན་སྐད་ཅིག་དེ་ཉིད་ལ་རང་གཞན་གཉིས་ཀ་འཇོམས་པར་བྱེད་ངེས།

ཞེ་སྡང་གིས་བསྐྱེད་པའི་མཇུག་འབྲས་ལ་དབྱེ་ན་རིགས་ཆེ་ཆུང་གཉིས་ཡོད་དེ། རིགས་ཆེ་བའི་མཇུག་འབྲས་ནི་ཡང་མིན་ན་ཕ་རོལ་བོ་སྨན་ཁང་དུ་བསྐྱལ་ནས་རང་ཉིད་བཙོན་ཁང་དུ་འགྲོ་དགོས་ལ། ཡང་མིན་ན་རང་ཉིད་སྨན་ཁང་དུ་སོང་ནས་ཕ་རོལ་བོ་བཙོན་ཁང་དུ་བསྐྱལ་དགོས། དེ་ལྟ་བུའི་མཇུག་འབྲས་ནི་རང་གཞན་སུ་ལའང་དགོས་པ་དང་ཕན་ཁེ་མེད་པ་ནི་སྨྲ་དགོས་པ་ཞིག་རེད། རིགས་ཆུང་བའི་མཇུག་འབྲས་ནི་གྲོགས་པོའི་བར་གྱི་འབྲེལ་ཐག་ཆད་པ་དང་ཁྱིམ་ཚང་ཁ་བྲལ་དུ་གྱུར་བ། སྤྱི་ཚོགས་སྟེང་དུ་རང་གི་མིའི་གོ་གནས་དམའ་རུ་གྱུར་ནས་མཐར་མི་གྲལ་ནས་ཕུད་ངེས་པ་སོགས་ཡིན། འདི་ལྟ་བུའི་སྡོམ་ཚིག་ནི་ང་རང་མི་སྒེར་གྱིས་གང་འདོད་དུ་བཀོད་པ་ཞིག་མ་ཡིན་པར་དེ་ལས་ལྡོག་སྟེ་དུས་རབས་ཀྱི་འཕེལ་འགྱུར་དང་ཉེ་འཁོར་གྱི་མིའི་ལབ་གླེང་ཁྲོད་ནས་རྙེད་པའི་ལག་ལེན་དང་ཉམས་མྱོང་གིས་ར་སྤྲོད་བྱས་པའི་སྡོམ་ཚིག་འབའ་ཞིག་ཡིན།

གཏམ་རྒྱུད་འདི་འདྲ་ཞིག་ཡོད་དེ། ཀུང་སི་ཞིག་གི་སྤྱི་གཉེར་བ་ཞོགས་པ་སྔ་མོར་ལས་ཚོགས་སུ་འགྲོ་སྐབས་ལམ་བུར་དུ་རླངས་འཁོར་ཁེག་ནས་དུས་ཚོད་འགའ་མགོར་བ་དང་དེའི་སྟེང་འགྲིམ་འགྲུལ་སྒྲིག་འགལ་གྱི་ཆད་པ་ཞིག་ཀྱང་བཅད་པས། ཀུང་སིའི་གཞུང་སྒྲུབ་ཁང་དུ་སླེབས་དུས་ཁོའི་སེམས་སུ་ཁོང་ཁྲོ་གནོན་མི་ཐུབ་པ་ཞིག་སྐྱེས་ཤིང་། གམ་གྱི་དྲུང་ཡིག་བུ་མོ་དེར་རྒྱུ་རྐྱེན་གང་ཡང་མེད་པར་སྡིགས་མོ་ཡིད་ཚིམས་པ་ཞིག་བྱས། དྲུང་ཡིག་དེས་ཀྱང་རང་ཉིད་ལ་མ་ཉེས་ཁ་གཡོགས་བྱས་པར་ཡིད་མ་རངས་ནས་རང་གི་ལག་ཡོག་གི་རྩིས་གཉེར་བ་བོས་ཤིང་རྒྱུ་རྐྱེན་ཕྲན་བུ་ཞིག་ལ་ཁག་བཞག་ནས་དེར་གཤེ་གཤེ་ཡིད་ཚིམས་པ་ཞིག་བྱས།

དགོང་མོར། རྩིས་གཉེར་བ་དེ་ལས་ཚོགས་གྲོལ་ནས་ཁྱིམ་དུ་སླེབས་ཤིང་སེམས་ཁམས་མ་དྭངས་བས་ཟ་མའི་ནང་དུ་ཚྭ་ཉུང་བར་ཁ་གཡར་ཏེ་རང་གི་ཆུང་མར་ཁ་རྡུང་བཏང་། ཆུང་མས་ཅི་ཡིན་འདི་ཡིན་མེད་པར་ཁྱོ་བོས་རང་ལ་ཁ་རྡུང་བཏང་བ་བསམ་ནས་སེམས་ཁོང་དུ་ཆུད་ནས་བསྡད། ཅུང་ཙམ་ནས་དགེ་རྒན་གྱིས་ཁ་པར་ལས་མོའི་ལོ་ན་བཅུ་བཞི་ལ་སོན་པའི་བུས་ཉིན་དེའི་ལས་བྱ་མ་བྲིས་པའི་གནས་ཚུལ་བཤད་ཡོང་བར་ཡང་གསན་པས། ཁོང་ཁྲོ་བཟོད་བརླགས་མེད་པ་ཞིག་ལངས་ནས་རང་གི་བུ་ལ་གཤེ་གཤེ་དང་བཅས་འགྲམ་ལྕག་ཚ་ཐག་ཆོད་པ་གཅིག་བཞུས། བུས་ཀྱང་ཨ་མས་རང་ལ་འགྲམ་ལྕག་ཚ་པོ་གཅིག་བཞུས་པར་ཁོང་ཁྲོ་ལངས་ནས་གམ་གྱི་ཞི་ལ་ལ་རྡོག་ཐོས་ཐེངས་ཤིག་བཞུས། དེ་ལྟར་ཞེ་སྡང་གི་མེ་སྟག་དེ་རིམ་བཞིན་མེ་ལྕེ་རུ་གྱུར་ཅིང་མི་གཅིག་གི་གནད་དོན་ནས་ཁྱིམ་ཚང་མང་པོ་ཞིག་གི་གནད་དོན་དུ་གྱུར། འདི་ལས་ང་ཚོས་ཤེས་པ་ནི་མི་སུ་ཞིག་ཡིན་ཡང་རང་གི་ཞེ་སྡང་ལ་ཚོད་འཛིན་བྱ་དགོས་ཏེ། རྒྱུ་མཚན་མི་དང་མིའི་བར་ཕན་ཚུན་གཅིག་ལ་གཅིག་བསྟེན་དུ་གནས་པས་ཁྱོད་གཅིག་པུས་ཀྱང་མཐའ་འཁོར་གྱི་མི་མང་པོ་ཞིག་ལ་ཤུགས་རྐྱེན་ཐེབས་ངེས་པས་རེད། ཞེ་སྡང་ནི་འགོས་ནད་ཇི་བཞིན་མི་གཅིག་བརྒྱུད་ནས་རིམ་བཞིན་མི་གཉིས་དང་གསུམ་སོགས་ཕྱོགས་སོ་སོར་ཁྱབ་ཅིང་དེ་དག་སོ་སོའི་འཚོ་བ་ལའང་ཚད་ངེས་ཅན་གྱི་ཤུགས་རྐྱེན་ངན་པ་ཐེབས་སྲིད་པས་ང་ཚོས་རང་ཉིད་ནས་མགོ་བརྩམས་ཏེ་ཞེ་སྡང་ལ་ཚོད་འཛིན་བྱ་དགོས།

ཞིབ་འཇུག་བྱས་པ་ལྟར་ན། མི་ཁོང་ཁྲོའམ་ཞེ་སྡང་ལངས་པའི་སྐབས་སུ་དེའི་ཁ་རླངས་ཁབ་རྒྱག་བྱེད་དུ་བཅུག་ནས་ཙི་གུའི་ལུས་སྟེང་དུ་རྒྱབ་པ་ཡིན་ན་ཙི་གུ་དེ་དེ་མ་ཐག་ཤི་འགྲོ་བ་རེད། འདི་ནི་སྤྱིར་བཏང་གི་འཇིགས་བསྐྱེད་པའི་སྐད་ཆ་ཙམ་མིན་པར་ཚན་རིག་གིས་ར་སྤྲད་པ་ཤ་སྟག་རེད། ཁོང་ཁྲོ་ནི་མི་རང་སྟེང་ན་ལྷན་སྐྱེས་སུ་མངའ་བའི་གྲུབ་ཆ་གཙོ་བོ་ཞིག་ཡིན་ཀྱང་། དེ་ལ་ལྡོག་པའི་ནུས་པ་མ་གཏོགས་བཟང་ཆ་ཏིལ་འབྲུ་ཙམ་ཡང་མེད་པས་ང་ཚོས་ངེས་པར་དུ་དེ་ལ་ཚོད་འཛིན་དང་བསྒྱུར་བཅོས་བྱ་དགོས་ལ། ལྷག་པར་རང་རེ་སྒང་བ་བོད་ཀྱིས་སྔ་མོ་ནས་ཞེ་སྡང་གི་ཉེས་དམིགས་ལ་སྡོམ་ཚིག་བཀོད་ཡོད་དེ་ཁ་དཔེ་ལ་ཡང་ལ་ཐུང་ཐུང་གིས་རྟ་རྫོད་ལ། ཁྲོ་ཆུང་ཆུང་གིས་མི་རྫོད་ལ་ཞེས་བཤད་པ་མིན་ནམ།དེའི་ཕྱིར་ང་ཚོས་གནས་གང་དང་མི་སུ། བྱ་བ་གང་ཞིག་ཡིན་ཡང་དེ་ལ་བསམ་གཞིགས་ལེགས་པོ་བཏང་ནས་སྒྲུབ་དགོས་པ་ལས་ཞེ་སྡང་གིས་བསྐྱེད་པའི་ཧོལ་རྒྱུགས་སོགས་གཏན་ནས་བྱ་མི་རུང་། གལ་ཏེ་དེ་ལྟར་མ་བྱས་ན་མཇུག་མཐར་ང་ཚོ་ལ་ཐོབ་པ་ནི་ཕམ་ཁ་དང་འགྱོད་གདུང་ཁོ་ན་ལས་མེད་དོ།།


39.7K

ཐག་རག་ཡིག་བསྒྱུར་མ་ལག

དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1