གཙོ་ངོས།>> གསར་འགྱུར།>>བོད་འབྲེལ་ས་ཁུལ།

རྩོམ་སྒྲིག་པ།ཚེ་དཔལ། ཡོང་ཁུངས།མི་དམངས་དྲ་བ། སྤེལ་དུས། ༢༠༢༡ལོའི་ཟླ་བ་༠༤ཚེས་༢༢ཉིན།

སངས་དར་ལུང་མགོའི་གནའ་རྫས་རྟོག་ཞིབ་སྐོར་བཀོད་པ།


    ཟླ་4ཚེས་16ཉིན། ཤིན་ཧྭ་གསར་འགྱུར་ཁང་གིས་སྤེལ་བའི་གསར་འགྱུར་ལྟར་ན།“སངས་དར་ལུང་མགོ་ནི་མིག་སྔར་བོད་ལྗོངས་དང་ཐ་ན་མཚོ་བོད་མཐོ་སྒང་དུ་གསར་རྟོག་བྱུང་བའི་རྒྱུན་རིང་ཤོས་ཀྱི་བང་སོ་ཞིག་ཡིན་ལ། གསེར་དང་དངུལ་གྱི་གདོང་འབག་ཕྱི་ལ་ཐོན་ཚད་ཀྱང་བོད་ལྗོངས་ཀྱི་བང་སོའི་གནའ་རྫས་རྟོག་ཞིབ་ཚང་མའི་ཁྲོད་དུ་ས་ཆ་གཅིག་ནས་ཐོན་འབོར་མང་ཤོས་ཀྱང་རེད”ཅེས་བོད་རང་སྐྱོང་ལྗོངས་རིག་དངོས་སྲུང་སྐྱོབ་ཞིབ་འཇུག་ཁང་གི་ཞིབ་འཇུག་པ་གཞོན་པ་ཧོ་ཝེ་ཡིས་བཅར་འདྲི་དང་ལེན་བྱེད་སྐབས་འདི་ལྟར་བཤད། 

    ཉེ་ཆར། སངས་དར་ལུང་མགོ་གནའ་རྫས་རྟོག་ཞིབ་རྣམ་གྲངས་ནི་2020ལོའི་ལོ་འཁོར་གྱི་ཀྲུང་གོའི་གནའ་རྫས་རྟོག་ཞིབ་ཀྱི་ཤེས་རྟོགས་ཆེན་པོ་བཅུའི་ནང་བདམས་པ་རེད། ཧོ་ཝེ་ནི་གནའ་རྫས་རྟོག་ཞིབ་རྣམ་གྲངས་དེའི་འགན་འཁུར་བ་ཡིན་ཞིང་། ཁོང་མོས་ངོ་སྤྲོད་བྱས་པར་གཞིགས་ན། ཀྲུང་གོ་གསར་པ་དབུ་བརྙེས་ཚུན་ཀྲུང་གོའི་གནའ་རྫས་རྟོག་ཞིབ་རྣམ་གྲངས་ཆེ་གྲས་བཅུའི་ནང་དུ་བོད་ལྗོངས་ཀྱི་གནའ་རྫས་རྟོག་ཞིབ་རྣམ་གྲངས་ཐེངས་གསུམ་ལ་བདམས་པ་རེད། གླེང་རིན་ཡོད་པ་ཞིག་ནི་ད་ཐེངས་ཀྱི་གནའ་རྫས་རྟོག་ཞིབ་འདི་ཐེངས་དང་པོར་བོད་ལྗོངས་ཀྱི་རང་སའི་ཚན་ཞིབ་སྒྲིག་གཞིའི་མི་སྣས་རང་ཚུགས་ངང་སྔོག་འདོན་གྱི་འགན་འཁུར་བ་རེད།


   སངས་དར་ལུང་མགོའི་བང་སོ་ནི་བོད་རང་སྐྱོང་ལྗོངས་ནུབ་རྒྱུད་ཀྱི་མངའ་རིས་ས་ཁུལ་རྩ་མདའ་རྫོང་གླང་ཆེན་ཁ་འབབ་དུ་གནས་པ་དང་། ཡུལ་དེ་ནི་ནུབ་ཕྱོགས་རྒྱ་གར་དང་། ཤར་ལྷོའི་ཕྱོགས་བལ་བོ་དང་སྦྲེལ་ཡོད། མིག་སྔར་སྔོག་འདོན་བྱས་པའི་བང་སོ་50ཡོད་པ་དང་། སྤྱི་ལོའི་སྔོན་གྱི་ལོ་300ནས་སྤྱི་ལོ་600བར་རྒྱུན་སྲིང་ཡོད་པ་དང་། ལོ་ངོ་སྟོང་ལ་ཉེ་བ་ཙམ་གྱི་དུས་ཚོད་བརྒལ་ཡོད། 
   ཁོང་མོས་བཤད་རྒྱུུར། གནའ་རྫས་རྟོག་ཞིབ་རྣམས་གྲངས་དེ་2020ལོའི་བར་རྒྱུན་མཐུད་བྱས། དུས་ཡུན་ལོ་བཞི་འགོར་ཅིང་། གནའ་རྫས་རྟོག་ཞིབ་ཀྱི་དཀའ་ཚད་ཤིན་ཏུ་ཆེ་བ་དང་། བང་སོ་དག་གཅིག་ཏུ་འདུས་ཡོད་ལ་ས་འོག་ཏུ་སྦས་ཚད་གཏིང་ཟབ་པ་བཅས་ཀྱི་ཁྱད་ཆོས་ལྡན་ཡོད།

   “རྫ་ཆས་དང་། ཟངས་ཆས། རྩྭའི་བསླས་མ། གསེར་དང་དངུལ་གྱི་གདོང་འབག་འབོར་ཆེན་ཕྱི་རུ་ཐོན་ཡོད”ཧོ་ཝེ་ཡིས་བཤད་དོན། ལྷག་པར་དུ་ས་འོག་ནས་ཐོན་པའི་ཤིང་གི་དུར་སྒམ་གྱིས་ཀུན་ལ་སྤྲོ་སྣང་ཆེན་པོ་ཞིག་སྟེར་བྱུང་། ཤིང་གི་དུར་སྒམ་དེ་དག་ནི་བོད་ལྗོངས་དང་ཐ་ན་མཚོ་བོད་མཐོ་སྒང་གི་གནའ་རྫས་རྟོག་ཞིབ་ཁྲོད་དུ་ཐེངས་དང་པོར་རྙེད་པ་རེད། 


   ད་ཐེངས་ཀྱི་བང་སོ་ནས་ཐོན་པའི་དངོས་པོའི་ཁྲོད། གསེར་དང་དངུལ་གྱི་གདོང་འབག་ལ་ཀུན་གྱི་དོ་ཁུར་ཆེན་པོ་ཐོབ་ཡོད། ཧོ་ཝེ་ཡིས། ཡོངས་བསྒྲགས་བྱས་པའི་དཔྱད་གཞིའི་ཡིག་རིགས་ནང་ཧི་མ་ལ་ཡའི་རི་རྒྱུད་ཀྱི་ནུབ་འདབས་སུ་གནའ་རྫས་རྟོག་ཞིབ་བྱེད་སྐབས། གསེར་དང་དངུལ་གྱི་གདོང་འབག14ཤེས་རྟོགས་བྱུང་བའི་ནང་བོད་ལྗོངས་མངའ་རིས་ལ་བཅུ་ཙམ་ཡོད་པ་དང་། སངས་དར་ལུང་མགོ་བང་སོ་ནས་གདོང་འབག་བདུན་ཐོན་ཡོད་ཅེས་ངོ་སྤྲོད་བྱས་པ་རེད།
    ས་ཐོག་ཏུ་ཐོན་ས་ནས་བལྟས་ན། གསེར་དང་དངུལ་གྱི་གདོང་འབག་ཁྲོད་དུ་དུར་སྒམ་ངོས་སུ་བྲིས་པའི་ཚོན་རིས་གདོང་འབག་དང་། དུར་བདག་གི་གདོང་ལ་བཀབ་པའི་དངུལ་འབག་གི་རིང་ཚད་ལ་ཕལ་ཆེར་ལི་སྨི་10ཡོད། གཞན་ཡང་དུར་བདག་གི་དཔུང་པ་གཡོན་པའི་ཐོག་ཏུ་རིང་ཚད་ལ་ལི་སྨི་5ཙམ་གྱི་གསེར་འབག་ཡོད་པ་དང་དེའི་ངོར་ཁུང་བུ་ཡོད།  ཚོད་དཔག་བྱས་ན། གདོང་འབག་འདི་དག་ནི་སྲི་གནོན་པ་དང་ས་བཅོས་པའི་ནུས་པ་ལྡན། 

    ཧོ་ཝེ་ཡིས། སངས་དར་ལུང་མགོ་བང་སོར་ཞིབ་འཇུག་དབྱེ་ཞིབ་བྱས་པ་བརྒྱུད། དེ་དང་དེ་སྔོན་གླང་ཆེན་ཁ་འབབ་ཀྱི་མཐའ་འཁོར་ནས་རྙེད་པའི་བང་སོ་དག་དང་དུས་མཉམ་ཡིན་པ་དང་། བང་སོའི་གྲུབ་ཆ་གཙོ་བོ་གཅིག་མཚུངས་ཡིན་ཞིང་། རྩ་བ་འདྲ་བའི་གནའ་རྫས་རྟོག་ཞིབ་རིག་པའི་རིག་གནས་ཀྱི་ཁྱད་ཆོས་ལྡན་ཡོད། དེ་དག་གིས་ཐུན་མོང་ངང་གླང་ཆེན་ཁ་འབབ་ཀྱི་ཤེས་དཔལ་གྲུབ་པ་མ་ཟད། ཁུ་ནུ་རི་རྒྱུད་དང་གངས་ཏི་སེའི་རི་རྒྱུད་འཕྲེད་རྒྱུག་རི་རྒྱུད་བཅས་བརྒྱུད་ནས་བྱུང་བའི་རིག་གནས་ཀྱི་གཞི་རྒྱུ་བསྡུ་ལེན་བྱས་རྗེས། སླར་ཡང་ཧི་མ་ལ་ཡའི་རི་རྒྱུད་ཀྱི་ལྷོ་ངོས་སུ་ཁྱབ་པ་རེད་ཟེར།


39.7K

ཐག་རག་ཡིག་བསྒྱུར་མ་ལག

དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1