གཙོ་ངོས།>> ཞིབ་འཇུག>>ཀུན་འདུས།

ངག་དབང་རྡོ་རྗེ། རྩོམ་སྒྲིག་པ།ཚེ་དཔལ། ཡོང་ཁུངས།བོད་ལྗོངས་སློབ་གྲྭ་ཆེན་མོའི་རིག་དེབ། སྤེལ་དུས། ༢༠༢༡ལོའི་ཟླ་བ་༠༤ཚེས་༢༥ཉིན།

༄༅།། རྣམ་ཐར་ཞེས་པའི་ཐ་སྙད་དང་རྣམ་ཐར་རྩོམ་རིག་བྱུང་བའི་ཐོག་མའི་རྒྱུ་རྐྱེན་ལ་དཔྱད་པ།


ངག་དབང་རྡོ་རྗེ།
གནད་བསྡུས། དཔྱད་རྩོམ་འདིར་རྣམ་ཐར་ཞེས་པའི་ཐ་སྙད་ཀྱི་ཐོག་མའི་འབྱུང་ཁུངས་དང་གོ་དོན། དེ་རྗེས་རྣམ་ཐར་གྱི་ཐ་སྙད་རྐྱང་པ་ནས་རིམ་བཞིན་ཆོས་བྱེད་མི་སྣའི་མི་ཚེའི་བྱུང་བ་བརྗོད་པའི་ཐུན་མོང་མ་ཡིན་པའི་རྩོམ་ལུས་ཀྱི་རྣམ་པར་གྲུབ་ཚུལ་དང་། དེ་ལྟར་གྲུབ་པའི་རྒྱུ་རྐྱེན་སོགས་ལ་དཔྱད་པ་བྱས་འདུག
གནད་ཚིག རྣམ་ཐར། ཐ་སྙད་ཀྱི་གོ་དོན། རྩོམ་ལུས་གྲུབ་རྐྱེན།
[ཀྲུང་གོའི་དཔེ་དེབ་དབྱེ་རྟགས།] I207.5 [ཡིག་ཚང་མཚོན་བྱང་།] A [རྩོམ་གི་གོ་རིམ་ཨང་སྒྲིག] 1005-5746(2019)01-036-12
དང་པོ། རྣམ་ཐར་གྱི་འབྱུང་ཁུངས།
         གཅིག རྣམ་ཐར་ཞེས་པའི་ཐ་སྙད་ཀྱི་འབྱུང་ཁུངས།
         རྣམ་ཐར་ཞེས་པའི་ཐ་སྙད་འདི་ནི་རྒྱ་གར་གྱི་ནང་པའི་བཀའ་དང་བསྟན་བཅོས་བོད་ཡིག་ཏུ་བསྒྱུར་བའི་གོ་རིམ་ཁྲོད་བྱུང་ཞིང་། ཐ་སྙད་འདི་ནི་ཐོག་མར་དུས་རབས་བརྒྱད་པའི་ནང་བོད་ཀྱི་ལོ་ཙཱ་བ་སྐ་ཅོག་ཞང་གསུམ་གྱིས་བོད་སྐད་དུ་བསྒྱུར་ནས་གཏན་ལ་ཕབ་པ་ཞིག་ཡིན་པར་སྙམ་སྟེ། ཞུ་ཆེན་ལོ་ཙཱ་བ་སྐ་བ་དཔལ་བརྩེགས་ཀྱིས་བསྒྱུར་བའི«བྱང་ཆུབ་སེམས་དཔའི་སྤྱོད་པ་ལ་འཇུག་པ»ཞེས་པའི་ལེའུ་ལྔ་པ་ཤེས་བཞིན་བསྲུང་བའི་སྐབས་ཀྱི་ཤོ་ལོ་ཀ་བརྒྱ་དང་གསུམ་ལས།“དཔལ་འབྱུང་བ་ཡི་རྣམ་ཐར་ལས། །བླ་མ་བསྟེན་པའི་ཚུལ་ལྟར་བསླབ། །”[1]ཅེས་པའི་ཚིགས་རྐང་གཉིས་པའི་ཁྲོད་རྣམ་ཐར་ཞེས་པའི་ཐ་སྙད་བཀོལ་སྤྱོད་བྱས་ཡོད་པ་དང་། གཞན་ཡང་ལོ་ཙཱ་བ་སྐ་བ་དཔལ་བརྩེགས་དང་དུས་མཉམ་པའི་སྣ་ནམ་ཞང་ཡེ་ཤེས་སྡེས་བསྒྱུར་བའི«མདོ་སྡེ་ཕལ་པོ་ཆེ»ལས་ཀྱང“རྒྱལ་བ་མཆོད་ཅིང་ཆོས་ཉིད་ཉན་པར་བྱེད། །བརྒྱན་པའི་དཔལ་ནི་རྣམ་ཐར་འདི་ལ་འཇུག།”[2]ཅེས་རྣམ་ཐར་གྱི་ཐ་སྙད་ཐོན་པ་ནི་བོད་ཡིག་ཁྲོད་ཐ་སྙད་འདི་བཀོལ་བའི་ཐོག་མ་ཡིན་པར་འདོད།
ཐ་སྙད་འདི་ཡང་རྒྱ་གར་གྱི་སློབ་དཔོན་ཞི་བ་ལྷས་མཛད་པའི«བྱང་ཆུབ་སེམས་དཔའི་སྤྱོད་པ་ལ་འཇུག་པ»ཞེས་པའི་རྒྱ་གཞུང་གི་ཤོ་ལོ་ཀ་བརྒྱ་དང་གསུམ་གྱི་ཚིགས་རྐང་དང་པོ་སྟེ།
“ཤྲཱིསཾབྷབ་བིམོཀྵཱཙྩ་ཤིཀྵེདྱད྄་གུ་རུ་བརྟནཾ།
rī-sambhava-vimok ācca ik edyad guru-vartanam[3]
         ཞེས་པའི་ཚིག་རྐང་དང་པོ་དང་གཉིས་པ་གཉིས་བོད་སྐད་དུ“དཔལ་འབྱུང་བ་ཡི་རྣམ་ཐར་ལས། །བླ་མ་བསྟེན་པའི་ཚུལ་ལྟར་བསླབ། །”ཅེས་བསྒྱུར་བ་ལས་ལེགས་སྦྱར་རྩ་ཚིག་ཁྲོད་ཀྱི་བིམོཀྵ(vimoka)ཞེས་པའི་ཐ་སྙད་འདི་རྣམ་ཐར་དུ་བསྒྱུར་བ་ལས་བྱུང་བ་ཞིག་ཡིན་པར་ཤེས་སོ། །
བིམོཀྵ(vimoka)ཞེས་པ་ཐ་སྙད་རང་སྟེང་ནས་བཀྲལ་ན། དེའི་གོ་དོན་ནི་ཐར་བའམ་གྲོལ་བ་ཞེས་པའི་དོན་ཡིན་ཏེ།[4] སེམས་ཅན་རྣམས་འཁོར་བ་སྡུག་བསྔལ་གྱི་རྒྱ་མཚོ་ལས་གྲོལ་ཏེ་ཐར་པ་དང་ཐམས་ཅད་མཁྱེན་པའི་ལམ་དུ་བགྲོད་པས་ན་ཐར་པ་ཞེས་བྱ་བ་ཡིན། ཐ་སྙད་འདི་ཡང་རྣམ་པར་ཐར་བ་ཞེས་པའི་བསྡུས་དོན་ཡིན་ཏེ། «མདོ་སྡེ་ཕལ་པོ་ཆེ»ལས“ལྷའི་བུ་གཟི་བརྗེད་འབར་བའི་བདག་པོའི་རྣམ་པར་ཐར་བ་ནི། །སེམས་ཅན་ཐམས་བཅད་ལ་ཆོས་ཀྱི་ཤུགས་ཀྱིས་དགའ་བ་བསྐྱེད་ཅིང་སྒྲོལ་བ་ཞེས་བྱའོ། །”[5] ཡང་དེའི་འོག་ཏུ“རྒྱལ་བའི་ཐུགས་རྗེའི་འོད་ཟེར་རབ་ཏུ་འགྱེད། །རྣམ་ཐར་འདི་ནི་འོད་བཟང་རྒྱལ་མཚན་གྱིའོ། །”[6]ཞེས་རྣམ་ཐར་དང་རྣམ་པར་ཐར་བ་གཉིས་དབྱེར་མེད་དུ་བསྟན་འདུག་པས། དེ་དག་ཀྱང་དོན་གཅིག་མིང་གི་རྣམ་གྲངས་སུ་གོ་བར་བྱའོ། །
         གཞན་ཡང་ཏུན་ཧོང་གི་ཤོག་དྲིལ་PT-0037«དུག་གསུམ་འདུལ་བ»ཞེས་པ་ལས“ཐུབས་བདག་ཉྀད་གྱྀས་སྤྱན་ར་གཟྀགས། །དེའྀ་རྣམ་ཐར་རྀགས་པའི་མཆོགས། །”[7]ཞེས་དང་ཤོག་དྲིལ་ITJ-0151«སྐྱེ་ཤིའི་འཁོར་ལོ»ཞེས་བྱ་བ་ལས“བྱང་ཆུབ་སེམས་པའྀ་རྣམ་ཐར་པ”[8]སོགས་བྱུང་བས། རྣམ་ཐར་ཞེས་པའི་ཐ་སྙད་འདི་བསྟན་པ་སྔ་དར་གྱི་སྐབས་ནས་བཟུང་བོད་ཡིག་ཁྲོད་རྒྱ་ཁྱབ་ཏུ་བཀོལ་སྤྱོད་བྱས་ཡོད་པ་ངེས་ཐུབ།
         ཕྱི་དར་གྱི་སྐབས་རྒྱ་གར་གྱི་སྐྱེས་རབས་རྣམ་ཐར་དང་མདོ་སྔགས་ཀྱི་གཞུང་བོད་ཡིག་ཏུ་རྒྱ་ཆེར་བསྒྱུར་རྗེས། བོད་ཀྱི་རིག་གནས་སྤྱིར་འཕེལ་རྒྱས་ཀྱི་གསོན་ཤུགས་གསར་པ་ཞིག་རྒྱས་པ་དང་འབྲེལ། རྣམ་ཐར་གྱི་གོ་དོན་དང་དབྱེ་བ་ཡང་ཕུན་སུམ་ཇེ་ཚོགས་སུ་ཕྱིན་ཡོད་པ་དང་། དེ་བསྟུན་བོད་ཀྱི་མཁས་པ་རྣམས་ཀྱིས་ཀྱང་སྐབས་བབ་ཀྱི་གོ་བ་ཅི་རིགས་སུ་བླངས་ཡོད་དེ། རྗེ་སྒམ་པོ་བའི«ཚོགས་ཆོས་མུ་ཏིག་ཕྲེང་བ»ཡི་མཇུག་བྱང་ལས“རྣམ་ཐར་གཞན་དང་མ་འདྲེས་པར་བླ་མས་གསུངས་པ་ལས་མ་ཆད་མ་ལྷག་པར་གསུང་སྒྲོས་གྲུ་བཞི་ལམ་མེ་ཡི་གེར་བྲིས།”[9]ཞེས་པའི་སྐབས་ཀྱི་རྣམ་ཐར་བྱ་བ་ནི་ཐར་པ་དང་ཐམས་ཅད་མཁྱེན་པའི་སར་བགྲོད་པའི་སྤྱོད་པ་ལ་མི་གོ་བར། དེ་ནི་གང་ཟག་གང་རུང་ཞིག་ཐར་པ་དང་ཐམས་ཅད་མཁྱེན་པའི་ལམ་དུ་བགྲོད་པའི་ཐབས་ལམ་མམ་གདམས་ངག་ལ་གོ་བ་དང་། ཡང་དེས་མཛད་པའི«ཏེེ་ལོ་ནཱ་རོའི་རྣམ་ཐར»ལས“མི་བརྗེད་གཟུངས་ཐོབ་ན་རོ་པས། །བཅུ་གཉིས་བར་དུ་ང་བསྟེན་བྱས། །ཕྱིར་རབས་སེམས་ཅན་དོན་གཉེར་རྣམས། །ང་ཡི་རྣམ་ཐར་ཁོ་ལ་ཡོད། །རྟོ གས་པར་འདོད་ན་ཁོ་ལ་འཐུང་། །”[10]ཞེས་པའི་སྐབས་ཀྱི་རྣམ་ཐར་བྱ་བ་ནི་ཡོན་ཏན་ལ་གོ་བ་དང་། གཞན་ཡང་འོལ་དགའ་བཞད་པའི་རྡོ་རྗེའི་“དུག་གསུམ་གྱི་འཁོར་ལོ་བསྐོར་བའི་རྣམ་ཐར་ནི་ཁྱི་ཕག་སོགས་དང་མཚུངས།”[11]ཞེས་པའི་རྣམ་ཐར་སྤྱོད་པ་ལ་གོ་བ་ལྟ་བུ་ནི་རྣམ་ཐར་ཞེས་པའི་ཐ་སྙད་ཀྱི་གོ་དོན་ལ་འབྲེལ་སྟངས་མི་འདྲ་བའོ། །
         གཉིས། རྣམ་ཐར་རྩོམ་རིག་གི་བྱུང་བ།
         རྣམ་ཐར་ཞེས་པ་དུས་ནམ་ཞིག་ལ་སྐྱེས་བུ་དམ་པ་ཞིག་འཁོར་བ་ལས་འགྲོལ་བར་བྱ་བའི་བརྒྱུད་རིམ་སྟེ། མི་ཚེའི་བྱུང་བ་བརྗོད་པའི་ལམ་ནས་མཚོན་པར་བྱེད་པའི་རྩོམ་རིག་གི་རྣམ་པ་ཞིག་ཏུ་གྲུབ་པའི་སྐོར་ལ་ད་ཕན་གཅིག་མཐུན་གྱི་འདོད་ཚུལ་ཞིག་མེད་པས། དེར་ཅུང་ཟད་དཔྱད་ཁུལ་བགྱིས་ན། ཐོག་མར་རྣམ་ཐར་གྱི་གོ་དོན་འཇོག་ཚུལ་ལ་ངེས་ཤེས་གསལ་པོ་འདྲོང་དགོས། ལར་བོད་ཀྱི་རྣམ་ཐར་རྩོམ་རིག་གི་གོ་དོན་ལ་འགྲེ ལ་པ་མི་གཅིག་པ་མང་དུ་མཆིས་མོད། དེ་དག་ཕལ་ཆེར་རྗེ་འཇིགས་མེད་དམ་ཆོས་རྒྱ་མཚོས“རྣམ་པའམ་ཚུལ་དེ་ལ་བརྟེན་ནས་ཐར་པ་དང་ཐམས་ཅད་མཁྱེན་པའི་སར་བགྲོད་པའི་མིག་ལྟོས་འཕེར་བའི་མཛད་པ་བཟང་པོ་ཞིག་ལ་བྱ།”[12]ཞེས་གསུངས་པ་དང་མཐུན་ཆེ་བས། གོ་དོན་འདིའི་རྗེས་སུ་འབྲངས་ནས་དཔྱད་པར་བྱ།
         དེང་གི་རྩོམ་རིག་གཞུང་ལུགས་ཕལ་ཆེར་གྱིས་ཏུན་ཧོང་ཤོག་དྲིལ་ཁྲོད་དུ་བཞུགས་པའི་བཙན་པོ་རིམ་བྱོན་གྱི་ལོ་རྒྱུས་དག་རྣམ་ཐར་དུ་ངོས་བཟུང་ནས། བོད་དུ་བཙན་པོའི་སྐབས་ནས་རྣམ་ཐར་རྩོམ་རིག་བྱུང་བར་སྨྲ་བ་ནི་རྣམ་ཐར་གྱི་གོ་དོན་ལ་ངོས་འཛིན་ལེགས་པོ་ཞིག་མ་བྱུང་བའི་སྐྱོན་དུ་ཟད་དེ། ལོ་རྒྱུས་དེ་དག་ནི་བཙན་པོ་རྣམས་ཀྱི་འཇིག་རྟེན་སྲིད་ལུགས་ཀྱི་མཛད་པ་གཙོར་བརྗོད་པ་ཡིན་ལ། ད་ཡོད་ཀྱི་ལོ་རྒྱུས་ཡིག་ཆ་དེ་དག་ཁྲོད་རྣམ་ཐར་ཞེས་པའི་ཐ་སྙད་བྱུང་མེད་པར་མངོན། གཞན་ཡང་ཏུན་ཧོང་ཤོག་དྲིལ་PT-996ལས།“མཁོན(མཁན)་པོ་ནམ་ཀྀའྀ་སྙིང་པོས། ཁྲྀ་ག་ཤྀང་ཡོང་གྀ་སྤྲུལ་པ་ལས། མཆོད་པ་བྱེད་པ་ལས། སྐུ་གཟུགས་ལས་འོད་བྱུང་ངོ་། སླར་ཡམ་ཡོག་གྀ་དབེན་སར་བཞུད་པའྀ་ཚེ། མཚོན་སྣ་ལྔའྀ་གྱྀས་བསྐྱལ་པ་ལས་སྩོགས་པའྀ་ཡ་མཚན་བྱུང་ངོ་། ཚེ་གཅྀག་ཏུ་ཆོས་ལམ་སྒོམ་ཞྀང་། དབྱངས་པའྀ་ཡོན་ཏན་ལ་གནས་པའྀ་ཡྀ་དམ་མཐར་ཕྱྀན་ནས། ལོ་བདུན་ཅུ་རྩ་གཅྀག་སྟེ། ཁྱྀའྀ་ལོའྀ་དཕྱྀད་སླར་བ་ཚེས་ཉྀ་ཤུ་དགུ་ལ། ཞོང་པོང་གི་དགོན་སར་སྐྱྀལ་མོ་གྲུང་མ་གཡོས། མདངས་མ་གྱུར་བར་དུས་ལས་འདས་སོ། དེའྀ་ནུབ་མོ་ནམ་གི་གུངས་ལ། དབེན་སའྀ་ལྟ་འོག་གི་ཞོང་པོང་གི་རྀ་རྒྱུད་ནས། སྲྀང་པོ་རྀའྀ་བར་གྀ་ནམ་ཀ་ལ་འོད་ཆེན་པོ་གཉྀས་རྒྱུད་ཆགས་སུ་བྱུང་བས་ཡུལ་ཕྱོགས་གསལ་བར་གྱུར་ཏེ། ནུབ་ཕྱོགས་སུ་འདས་པར་གྱུར་ཏེ།”[13]ཞེས་བསམ་གཏན་པའི་མཁན་པོ་ནམ་མཁའི་སྙིང་པོ་ཞེས་བྱ་བའི་མི་ཚེའི་མཛད་པ་ཉུང་བསྡུས་བཀོད་པའི་ལོ་རྒྱུས་འདི་ནི་ཏུན་ཧོང་ཡིག་ཆའི་ཁྲོད་བྱུང་བའི་ཕྱི་དར་ཆོས་བྱེད་མི་སྣའི་རྣམ་ཐར་དང་མཐུན་ཆ་ཆེ་ཤོས་སུ་མཐོང་མོད། ལོ་རྒྱུས་དུམ་བུ་འདི་ལས་མཁན་པོ་ནམ་མཁའི་སྙིང་པོའི་མི་ཚེའི་ཟུར་ཆུང་ངུ་ཞིག་ལ་ངོས་འཛིན་ཕྲན་བུ་ཙམ་ལས། ཐར་པ་དང་ཐམས་ཅད་མཁྱེན་པའི་སར་བགྲོད་པའི་མིག་ལྟོས་འཕེར་བའི་མཛད་པ་བཟང་པོ་ཞིག་སྟོན་མི་ནུས་སྙམ། དེ་བས་འདིས་རྣམ་ཐར་རྩོམ་རིག་གི་གོ་དོན་དང་དགོས་པ་བསྟན་དུ་མེད་པས་ན། རྣམ་ཐར་རྩོམ་རིག་གི་དཔེར་མི་འོས་སྙམ་མོ། །
         དེས་ན་རྩོམ་གྱི་སྒྲིག་གཞི་དང་རྩོམ་པའི་དགོས་པ་ཁ་གསལ་ཞིང་། མི་སྣའི་མི་ཚེའི་བྱུང་བ་བརྗོད་པའི་རྣམ་ཐར་རྩོམ་རིག་དངོས་སུ་བྱུང་བའི་དུས་ཚོད་ནི་བསྟན་པ་ཕྱི་དར་གྱི་དུས་འགོར་ཡིན་ཏེ། འབྲོམ་སྟོན་པ་རྒྱལ་བའི་འབྱུང་གནས་ཀྱིས་མཛད་པའི་«ཇོ་བོ་རྗེ་དཔལ་ལྡན་ཨ་ཏི་ཤའི་བསྟོད་པ་སུམ་ཅུ་པ»དང་ནག་ཚོ་ལོ་ཙཱ་བ་ཚུལ་ཁྲིམས་རྒྱལ་བས་མཛད་པའི་«ཇོ་བོའི་བསྟོད་པ་བརྒྱད་ཅུ་བ»སོགས་ནི་བསྟོད་རྩོམ་གྱི་ལམ་ནས་བྲིས་པའི་རྣམ་ཐར་སྔ་ཤོས་སུ་མཐོང་ལ། ལོ་ཆེན་རིན་ཆེན་བཟང་པོའི་དངོས་སློབ་གུ་གེ་ཁྲི་ཐང་བ་དཔལ་ཡེ་ཤེས་ཀྱིས་མཛད་པའི«ལོ་ཙཱ་བ་ཆེན་པོ་སྐྱེས་མཆོག་རིན་ཆེན་བཟང་པོའི་རྣམ་ཐར་དཀའ་སྤྱད་སྒྲོན་མ»ནི་བརྗོད་བྱའི་ནང་དོན་དང་སྒྲིག་གཞི་གང་གི་ཆ་ནས་ཀྱང་བོད་ཀྱི་རྣམ་ཐར་རྩོམ་རིག་གི་ཕྱི་མོ་དང་དཔེ་མཚོན་ལྟ་བུར་དྲངས་ཆོག་པར་སྙམ་སྟེ། རྣམ་ཐར་གྱི་མཇུག་བྱང་ལྟར་ན་རྣམ་ཐར་འདི་ཉིད་ལོ་ཆེན་རིན་ཆེན་བཟང་པོ་དགོངས་པ་རྫོགས་ནས་མི་འགྱང་བར་བྲིས་པ་ཞིག་ཡིན་པ་གསལ་བས། ཕལ་ཆེར་སྤྱི་ལོ་1055ལོའི་རྗེས་ཙམ་ནས་མཛད་པ་ཞིག་ཡིན་ངེས་པ་དང་། རྣམ་ཐར་གྱི་སྔོན་འགྲོ་ལས་“བླ་མ་དམ་པ་དེ་ཉིད་ཀྱི་བཀའ་དྲིན་རྗེས་སུ་དྲན་ཕྱིར་དང་། །དད་པའི་མྱུ་གུ་སྐྱེད་པ་དང་། །ཞལ་ནས་གསུངས་པ་ཐོས་པའི་ཕྱིར། །རྣམ་ཐར་མདོ་ཙམ་བྲིས་པར་བྱ། །”[14]ཞེས་རྣམ་ཐར་འབྲི་བའི་དགོས་པ་གསལ་བར་བསྟན་ཡོད་ལ། “དེ་ལ་བྱང་ཆུབ་སེམས་དཔའ་དེ་ཉིད་ཀྱི་རྣམ་ཐར་ཅུང་གཅིག་བྲིས་པ་ལ། དོན་རྣམ་པ་བཅུ་གཅིག་བསྟན་ཏེ།”[15]ཞེས་ལོ་ཆེན་རིན་ཆེན་བཟང་པོའི་མི་ཚེའི་བརྒྱུད་རིམ་དག་སྐུ་འཁྲུངས་པ་དང་རབ་ཏུ་བྱུང་བ་དང་། ཡོན་ཏན་སྤྱངས་ནས་འཕྲིན་ལས་ཇི་ལྟར་སྤེལ་བ། མཐར་དགོངས་པ་ཇི་ལྟར་རྫོགས་པ་སོགས་དོན་ཚན་བཅུ་གཅིག་གི་སྒྲིག་གཞིར་བཀོད་ནས་བྲིས་ཡོད་པས། རྣམ་ཐར་གྱི་སྒྲིག་གཞི་ཁ་གསལ་ཞིང་། ནང་དོན་ཆ་ཚང་བ་ཡོད་ལ། རྩོམ་པའི་དགོས་པ་ཡང་ཆོས་བྱེད་པ་རྣམས་ཐར་པའི་ལམ་ལ་བགྲོད་པའི་མིག་ལྟོས་འཕེར་བའི་མཛད་པར་ངོས་བཟུང་ཆོག་ལ། རྩོམ་ལུས་གཞན་དང་བསྡུར་ན་དམིགས་བསལ་གྱི་ཁྱད་ཆོས་འབུར་དུ་ཐོན་པས། འདི་ནི་རྣམ་ཐར་བརྩམས་ཆོས་སྔ་གྲས་སུ་འཇོག་ཆོག་པར་སེམས།
         དེ་དང་དུས་མཉམ་པར་ནག་ཚོ་ལོ་ཙཱ་བ་ཚུལ་ཁྲིམས་རྒྱལ་བས་མཛད་པའི《ཇོ་བོ་རྗེའི་རྣམ་ཐར་ལམ་ཡིག་ཆེན་མོ》དང་དེ་རྗེས་མཆིམས་ནམ་མཁའ་གྲགས་ཀྱིས་མཛད་པའི《ཇོ་བོ་རྗེའི་རྣམ་ཐར་རྒྱས་པ་ཡོངས་གྲགས་མ》སོགས་སུ་བླ་མའི་མཛད་པ་མཐའ་དག་ཆེ་བ་རྣམ་གསུམ་[16]གྱི་སྒོ་ནས་འབྲི་བའི་སྲོལ་བྱུང་བ་ནི། ཕྱིས་ཀྱི་རྣམ་ཐར་བརྩམས་ཆོས་ཕལ་མོ་ཆེའི་མ་དཔེ་ལྟར་བུར་གྱུར་ཡོད། 
         ལར“ས་སྐྱའི་དུས་རབས་ཀྱི་ཡར་སྔོན་དུ་བོད་ཀྱི་སྒྲུང་གཏམ་དང་རྣམ་ཐར། རྟོགས་བརྗོད། ལོ་རྒྱུས་སོགས་ཀྱི་རྩོམ་སྟངས་ཀྱི་དབྱེ་བ་མངོན་གསལ་མིན་པར་ཕན་ཚུན་ཉོག་བསྲེས་ཀྱི་ཚུལ་དུ་སོང་ཡོད།”[17]ཅེས་པ་ལྟར། ཕྱི་དར་སྐབས་ཡོངས་གྲགས་སུ་མི་སྣའི་བྱུང་བ་བརྗོད་པའི་རྩོམ་རིག་ལ་རྣམ་ཐར་ཞེས་གཅིག་གྱུར་དུ་བསྟན་མེད་ནའང་། ཐ་སྙད་འདི་ཐོག་མར་ཨ་ཏི་ཤ་[18]དང་ལོ་ཙཱ་བ་རིན་ཆེན་བཟང་པོ།[19] འབྲོམ་སྟོན་པ་རྒྱལ་བའི་འབྱུང་གནས་[20]སོགས་བཀའ་གདམས་པའི་སྐྱེས་ཆེན་རྣམས་ཀྱི་མི་ཚེའི་བྱུང་བ་བརྗོད་པར་རྣམ་ཐར་ཞེས་པ་བཀོལ་སྤྱོད་བྱས་པར་བརྟེན་རིམ་བཞིན་ཁྱབ་རྒྱ་ཇེ་ཆེར་ཕྱིན་པ་དང་། དེ་རྗེས་བཀའ་ཕྱག་ཆུ་བོ་གཉིས་འདྲེས་ཀྱི་གདམས་པ་མངའ་བའི་བླ་ཆེན་སྒམ་པོ་པས[21]ཏེ་ལོ་པ་དང་ནཱ་རོ་པ། མར་པ་དང་མི་ལ་རས་པ་སོགས་ཀྱི་མི་ཚེའི་ལོ་རྒྱུས་བརྗོད་སྐབས་བཀའ་གདམས་པའི་སྲོལ་ལྟར་རྣམ་ཐར་ཞེས་པའི་ཐ་སྙད་འདི་བཀོལ་ནས་བཟུང་། རྣམ་ཐར་ཞེས་པ་འདི་རིམ་གྱིས་སྐྱེས་ཆེན་དམ་པའི་མི་ཚེའི་བྱུང་བ་བརྗོད་པའི་རྩོམ་ལུས་ཀྱི་རྣམ་པ་ཞིག་ཏུ་ངོས་འཛིན་བྱེད་པའི་སྲོལ་ཆགས།
གཉིས་པ། རྣམ་ཐར་རྩོམ་རིག་བྱུང་བའི་རྒྱུ་རྐྱེན།
         རྣམ་ཐར་ཞེས་པའི་ཐ་སྙད་འདི་ཐོག་མར་རྒྱ་གར་གྱི་རིག་གནས་ལས་བྱུང་ན་ཡང་། རྣམ་ཐར་ཞེས་པའི་རང་རྐྱ་འཕེར་བའི་རྩོམ་ལུས་ཀྱི་རྣམ་པར་གྲུབ་པའི་རིག་གནས་འདི་རྒྱ་གར་གྱི་རིག་གནས་ལས་ཐད་ཀར་བྱུང་བ་ཞིག་མ་ཡིན་པར། འདི་ནི་བོད་ཀྱི་དམིགས་བསལ་གྱི་སྤྱི་ཚོགས་ཁོར་ཡུག་དང་རིག་གནས་རྒྱབ་ལྗོངས་འོག་བྱུང་བ་ཞིག་ཡིན་ཏེ། རྒྱ་ཡེ་བཀྲ་བྷོས་“རྩོམ་ལུས་ཤིག་གི་གྲུབ་པ་དང་འཕེལ་འགྱུར་ནི་སྤྱི་ཚོགས་འཚོ་བ་ལ་བལྟ་དགོས་པ་ཞིག་རེད། དེ་བས་རྩོམ་ལུས་ཤིག་ལ་རྒྱུས་ལོན་བྱ་དགོས་ན། དེའི་རྩ་བའི་འབྱུང་རྐྱེན་གང་ཡིན་པ་འཚོལ་རྒྱུ་དེ་ཧ་ཅང་གལ་ཆེ། འོན་ཀྱང་རྩོམ་ལུས་གསར་རྙིང་གི་བར་དུའང་ཕན་ཚུན་རྒྱུན་འཛིན་གྱི་འབྲེལ་བ་ཡོད་པ་ཡིན། གནད་དོན་དེས་རྩོམ་རིག་གི་རྣམ་པ་ལའང་རང་གི་ལྟོས་བཅས་ཀྱི་རང་རྐྱ་འཕེར་བའི་རང་བཞིན ཡོད་པ་གསལ་བཤད་བྱས་འདུག་”[22]ཅེས་གསུངས་པ་ལྟར། བོད་ཀྱི་རྣམ་ཐར་རྩོམ་རིག་ལ་ཆ་བཞག་ནའང་། ཐོག་མའི་མི་སྣའི་བྱུང་བ་བརྗོད་པའི་ལོ་རྒྱུས་དང་གཏམ་རྒྱུད། འཁྲུངས་རབས་སོགས་ཀྱི་རྨང་གཞིའི་སྟེང་། རིམ་བཞིན་རང་རྐྱ་འཕེར་བའི་རྩོམ་ལུས་ཤིག་ཏུ་གྲུབ་པར་རྒྱུ་རྐྱེན་ངེས་ཅན་ཞིག་ཡོད་ལ། རྒྱུ་རྐྱེན་དེ་ཡང་སྐབས་དེའི་བོད་ཀྱི་ལོ་རྒྱུས་དང་སྤྱི་ཚོགས་རིག་གནས་དང་ཁ་བྲལ་ཐབས་མེད་པས། འདིར་ཕྱོགས་གཉིས་ཀྱི་ངོས་ཐད་ནས་དཔྱད་པར་བགྱིའོ། །
         གཅིག སྤྱི་ཚོགས་རིག་གནས་ཀྱི་རྒྱུ་རྐྱེན།
         བསྟན་པ་ཕྱི་དར་དུས་སུ་བོད་ཀྱི་ལོ་ཙཱ་བ་དང་རྒྱ་གར་གྱི་པཎྜི་ཏ་མང་པོས་རྒྱལ་བའི་བཀའ་དང་བསྟན་བཅོས་མང་པོ་བོད་སྐད་དུ་བསྒྱུར་བ་དང་། དེ་དག་གི་ཁྲོད་དུ“བསྟོད་ཚོགས་དང་། སྐྱེས་རབས། སྤྲིངས་ཡིག ལུགས་ཀྱི་བསྟན་བཅོས། བསླབ་བྱ། གཏམ་རྒྱུད། ཟློས་གར། རྣམ་ཐར། ངག་རྒྱུན་སོགས་མང་ཞིང་། དེ་དག་ནི་སྟོན་པའི་རྣམ་ཐར་དང་། སྐྱེས་རབས་དང་། དགེ་སྡུག་གི་སྤང་བླངས་སོགས་སྟོན་པའི་རྩོམ་ཆོས་”[23]ཡོད་པས། དེ་དག་ནི་བོད་ཀྱི་རྣམ་ཐར་རྩོམ་རིག་གསར་རྩོམ་གྱི་ས་བོན་དུ་གྱུར་བ་མ་ཟད། «རྟོགས་བརྗོད་དཔག་བསམ་འཁྲི་ཤིང»དང«སྐྱེས་རབས་སོ་བཞི་པ»«སྐྱེས་པའི་རབས་ཀྱི་ཕྲེང་བ»སོགས་སྟོན་པའི་སྐྱེས་རབས་དག་བོད་ཡིག་ཏུ་བསྒྱུར་བ་དེས། རྣམ་ཐར་གསར་རྩོམ་བྱེད་པའི་རིག་གནས་ཀྱི་མཐུན་རྐྱེན་ལེགས་པོ་ཞིག་བསྐྲུན་ཡོད།
         དུས་རབས་བཅུ་གཅིག་པའི་དུས་དཀྱིལ་ནས་བོད་པས་སྔ་དར་སྐབས་ཀྱི་རྩོམ་རིག་དང་བསྒྱུར་རྩོམ་གྱི་རྨང་གཞིའི་ཐོག རྒྱ་གར་གྱི་འཁྲུངས་རབས་རྣམ་ཐར་ལ་ལད་མོས་ཀྱིས་རྣམ་ཐར་ཞེས་པའི་ཐ་སྙད་བཀོལ་བའི་བོད་པ་རང་ཉིད་ཀྱི་རྩོམ་རིག་ཁྱད་ཆོས་ལྡན་པའི་རྣམ་ཐར་བརྩམས་འགོ་ཚུགས་ཡོད།
         དེ་རྗེས་ཀྱི་དུས་རབས་བཅུ་གཉིས་པ་ནས་འགོ་བརྩམས་ཏེ་རང་རྣམ་རྩོམ་རིག་འབྲི་བའི་སྲོལ་ཡང་རིམ་བཞིན་དར་ཡོད་དེ། “བོད་ཀྱི་ཆེས་སྔ་བའི་རང་རྣམ་འབྲི་བའི་སྲོལ་ཡང་ཚལ་པ་བཀའ་བརྒྱུད་ཀྱི་གདན་རབས་ཞང་གཡུ་བྲག་པ་བརྩོན་འགྲུས་གཡུང་དྲུང་(1123-1193)དང་། ཀརྨ་སྐུ་ཕྲེང་གཉིས་པ་ཀརྨ་པཀྵི།(1204-1283)ཤངས་པ་བཀའ་བརྒྱུད་ཀྱི་གདན་རབས་རི་གོང་པ་སངས་རྒྱས་སྟོན་པ།(དུས་རབས་བཅུ་གསུམ)གཏེར་སྟོན་པ་གུ་རུ་ཆོས་དབང་[24](1212-1270)སོགས་ནས་འགོ་བརྩམས་ཡོད་ལ། དེ་རྗེས་ཀྱི་དུས་རབས་བཅུ་བདུན་པའི་ནང་རྒྱལ་དབང་ལྔ་པ་ངག་དབང་བློ་བཟང་རྒྱ་མཚོས«རྟོགས་བརྗོད་དུ་ཀཱུ་ལའི་གོས་བཟང»བརྩམས་རྗེས་བོད་ཀྱི་རྣམ་ཐར་གྱི་བརྗོད་བྱ་ཡང་རྒྱ་ཆེར་ཕྱིན་པ་དང་། རྣམ་ཐར་འདིའི་ཁྲོད་བཞུགས་པའི་རང་རྣམ་བམ་པོ་གསུམ་པོ་ཡང་དེ་རྗེས་ཀྱི་རང་རྣམ་འབྲི་བའི་མ་དཔེར་གྱུར་ཡོད་”[25]ཅེས་པ་ལྟར་ཡིན་ནོ། །
         མདོར་ན་བོད་ཀྱི་རྣམ་ཐར་སྔ་མ་འདི་དག་ཀྱང་བོད་བཙན་པོའི་དུས་སྐབས་སུ་བྱུང་བའི་མི་སྣའི་བྱུང་བ་བརྗོད་པའི་ལོ་རྒྱུས་རྩོམ་རིག་དག་རྨང་གཞིར་བཟུང་ཐོག་རྒྱ་གར་གྱི་སྐྱེས་རབས་གཏམ་རྒྱུད་སོགས་ཀྱི་འབྲི་ཐབས་ལ་ལད་ཟློས་ཀྱིས་བོད་ཀྱི་རྣམ་ཐར་རྩོམ་རིག་གི་ཆུ་རྒྱུན་བསྲིངས་ཡོད་པས། ཕྱི་དར་གྱི་བོད་འགྱུར་སཾསྐྲྀཏའི་རྩོམ་རིག་ནི་བོད་ཀྱི་རྣམ་ཐར་རྩོམ་རིག་གྲུབ་པའི་རིག་གནས་ཀྱི་ཆ་རྐྱེན་གལ་ཆེན་ཞིག་ཡིན་ཞེས་བརྗོད་ཆོག
         གཉིས། ལོ་རྒྱུས་ཀྱི་རྒྱུ་རྐྱེན།
         ཇཱེ་ནེ་ཐེ་རྒྱ་མཚོས(Janet Gyatso)“གལ་ཏེ་རྒྱུ་རྐྱེན་གང་རུང་ཞིག་ལ་བརྟེན་ནས་རྒྱ་གར་དང་རྒྱ་ནག་གཉིས་ལ་དངོས་དོན་གྱི་རང་རྣམ་རྩོམ་རིག་འབྲི་བའི་སྲོལ་བྱུང་མེད་ནའང་། བོད་དུ་བྱུང་ཡོད་”[26]ཅེས་དང་།“གླེགས་བམ་གྱི་དབྱེ་བ་གསལ་པོར་ཆགས་ཤིང་གཏོས་ཆེ་བའི་བོད་ཀྱི་རང་རྣམ་རྩོམ་རིག་དང་བསྡུར་ན་རྒྱ་གར་དུ་རང་རྣམ་འབྲི་སྲོལ་མེད་པའི་དོན་དངོས་ཀྱི་སྟོང་ཆ་དེ་ཤིན་ཏུ་ནས་གསལ་པོ་ཡིན་པས། ཁྱད་པར་འདིས་བོད་ཀྱི་རྣམ་ཐར་རྩོམ་རིག་ནི་རྒྱ་གར་གྱི་རྩོམ་རིག་གི་ཤུགས་རྐྱེན་ལས་འགོངས་ཤིང་ཁེར་ཚུགས་སུ་རང་རྐྱ་འཕེར་བའི་རྩོམ་ལུས་ཤིག་ཏུ་འཕེལ་རྒྱས་ཕྱིན་པར་ར་སྤྲོད་བྱ་ཐུབ། དེ་བས་ཕྱོགས་གཞན་ཞིག་ནས་བོད་ཀྱི་རྣམ་ཐར་རྩོམ་རིག་གི་སྒྲིག་གཞི་དང་ནང་དོན་ཐད་རྒྱ་གར་གྱི་རྩོམ་རིག་གི་ཤུགས་རྐྱེན་ཐེབས་པ་ཡང་གསལ་པོར་ཤེས།”[27]ཞེས་པ་ལྟར། བོད་ཀྱི་རྣམ་ཐར་རྩོམ་རིག་གྲུབ་པར་རྒྱ་གར་གྱི་ནང་བསྟན་རྩོམ་རིག་གི་ས་བོན་དང་ཁ་བྲལ་ཐབས་མེད་ལ། དེ་བས་རང་རྐྱ་འཕེར་བའི་རྩོམ་ལུས་ཤིག་ཏུ་གྲུབ་པར་སྐབས་དེའི་བོད་ཀྱི་སྤྱི་ཚོགས་ལོ་རྒྱུས་དང་ཁ་བྲལ་ཐབས་མེད།
དེ་ཡང་ད་ཕན་ཡིག་ཐོག་ཏུ་མཐོང་དུ་ཡོད་པའི་བོད་ཀྱི་རྣམ་ཐར་བརྩམས་ཆོས་སྔ་ཤོས་ནི་དུས་རབས་བཅུ་གཅིག་པའི་དུས་དཀྱིལ་ཏེ་ཇོ་བོ་རྗེ་དཔལ་ལྡན་ཨ་ཏི་ཤ་བོད་དུ་བྱོན་པའི་དུས་སྐབས་ཙམ་དུ་བྱུང་བར་འདོད་པས། དུས་སྐབས་དེའི་བོད་ཀྱི་སྤྱི་ཚོགས་ཀྱི་རྒྱབ་ལྗོངས་དང་རྣམ་ཐར་གསར་རྩོམ་བར་འབྲེལ་བ་དམ་ཟབ་ཡོད་པ་སྨྲོས་མེད་ཡིན།
ཨ་ཏི་ཤ་བོད་དུ་བྱོན་པའི་དུས་སྐབས་ནི་བཙན་པོ་ཁྲི་དར་མ་བཀྲོངས་ནས་ལོ་ཉིས་བརྒྱ་འདས་རྗེས་ཀྱི་བོད་སིལ་བུའི་དུས་སྐབས་ཡིན་ཏེ། སྤྱི་ལོ་842ལོར་བོད་བཙན་པོའི་རྒྱལ་རབས་མཐའ་མ་འུ་དུམ་བཙན་པོ་ལྷ་ལུང་དཔལ་གྱི་རྡོ་རྗེས་བཀྲོ ངས་རྗེས། བོད་ཁམས་ཡོངས་རྫོགས་སིལ་བུར་ཐོར་བ་དང་། ཡུལ་ལུང་རེ་རེར་རྗེ་རེ་བྱུང་སྟེ་ས་ཁོངས་བཅད་བཟུང་གི་རྣམ་པ་ཞིག་ཏུ་ཆགས་པ་དང་། སྔ ་ཕྱིར་ལྷ་སའི་རྒྱལ་རྒྱུད་དང་མངའ་རིས་རྒྱལ་རྒྱུད། ལུང་ཇོ་བོའི་རྒྱལ་རྒྱུད་སོགས་རྒྱལ་ཕྲན་དུ་མར་གྱེས།
         རྒྱལ་ཕྲན་སོ་སོའི་དབང་བསྒྱུར་པས་ནང་བསྟན་སླར་གསོ་བྱེད་པར་ནུས་པ་གང་ཡོད་བཏོན་པ་དང་། དེ་དག་ཁྲོད་མངའ་རིས་གུ་གེ་རྒྱལ་རབས་ཀྱི་དབང་བསྒྱུར་པ་ལྷ་བླ་མ་ཡེ་ཤེས་འོད་ཁུ་དབོན་སོགས་ཀྱིས་ཀྱང་དམ་ཆོས་སྤེལ་བར་གཙིགས་ཆེན་གནང་ནས་ནང་བསྟན་སླར་གསོར་མཛད་རྗེས་གལ་ཆེན་བཞག་ཡོད།
         དེ་རྗེས་དུས་རབས་བཅུ་གཅིག་ཙམ་ནས་ནང་བསྟན་སླར་གསོ་བྱུང་བ་དང་བསྟུན་ནས་ས་ཁུལ་སོ་སོ་ནས་ཆོས་ལུགས་མི་སྣ་གྲགས་ཅན་གང་མང་ཞིག་ཐོན་ཡོད་པ་དང་། ཆོས་བྱེད་མི་སྣའི་མཛད་པ་རྒྱ་ཆེར་འཕེལ་བ་དང་བསྟུན་ནས་སྔར་གྱི་ས་གནས་བཅད་བཟུང་གིས་དབང་བསྒྱུར་བའི་རུས་རྒྱུད་ཚོ་པའི་སྟོབས་ཤུགས་དེ་རིམ་བཞིན་ཆོས་བྱེད་མི་སྣའི་སྟོབས་ཤུགས་སུ་འགྱུར་མགོ་ཚུགས་ཡོད་པ་དང་། ཆོས་བྱེད་མི་སྣའི་སྟོབས་ཤུགས་དེ་ཇེ་ཆེར་འགྲོ་བ་དང་བསྟུན་ནས་སོ་སོར་བླ་བརྒྱུད་དང་ཆོས་རྒྱུད་མི་འདྲ་བ་དུ་མ་བྱུང་ཞིང་། ཆོས་ལུགས་ཀྱི་ལྟ་སྒོམ་དཔྱོད་གསུམ་གྱི་ཆའང་ཁྱད་པར་བྱུང་ནས་གྲུབ་མཐའ་མི་འདྲ་བ་དུ་མར་གྱུར་པ་རེད། ཆོས་བརྒྱུད་སོ་སོའི་སྟོབས་ཤུགས་ཇེ་ཆེར་འགྲོ་བ་དང་བསྟུན་ནས་ས་གནས་དབང་ཆ་རྒྱ་བསྐྱེད་བྱ་བའི་དགོས་པ་བྱུང་བ་དང་། དམིགས་ཡུལ་དེ་ལ་བརྟེན་ནས་གྲུབ་མཐའ་དེ་དག་གིས་རང་རང་གྲུབ་མཐའི་ཆེ་བ་བརྗོད་ཅི་ཐུབ་བྱས་ཡོད་ཅིང་། ཆེ་བརྗོད་ཀྱི་གོ་རིམ་ཁྲོད་དུ་རང་གྲུབ་མཐའི་ཁུངས་བཙུན་པར་གྲགས་པའི་ཆེད་བླ་བརྒྱུད་རྣམ་ཐར་འབྲི་འགོ་བརྩམས་ཡོད་པ་རེད།
         གུ་གེ་ཁྲི་ཐང་བ་དཔལ་ཡེ་ཤེས་ཀྱིས་མཛད་པའི་«ལོ་ཆེན་རིན་ཆེན་བཟང་པོའི་རྣམ་ཐར»ལས། “བླ་མ་དམ་པ་དེ་ཉིད་ཀྱི། །བཀའ་དྲིན་རྗེས་སུ་དྲན་ཕྱིར་དང་། །དད་པའི་མྱུ་གུ་སྐྱེད་པ་དང་། །ཞལ་ནས་གསུངས་པ་ཐོས་པའི་ཕྱིར། །རྣམ་ཐར་མདོ་ཙམ་འབྲི་བར་བྱ། །”[28]ཞེས་གསུངས་པ་བཞིན། མི་མང་པོའི་ཡིད་འགུག་དང་དད་པ་བསྐྱེད་པའི་ཆེད་དུ། རང་རང་གྲུབ་མཐའི་སྲོལ་གཏོད་པ་པོ་དང་ཆོས་བྱེད་པ་གྲགས་ཅན་དག་གི་སྐུ་ཚེ་གང་པོའི་མཛད་སྤྱོད་ལ་ཆེ་བསྟོད་ཀྱི་རྣམ་ཐར་བསྡེབས་ནས། མིག་ལྟོས་སུ་གྲགས་པར་བྱས་པས། ཆོས་བྱེད་མི་སྣའི་རྣམ་ཐར་མང་པོ་བྱུང་ཡོད། དེ་ནི་རྣམ་ཐར་རྩོམ་རིག་དར་བའི་དངོས་རྒྱུ་ལྟ་བུར་ངེས་སོ། །
         དེ་བས་ཨ་རིའི་བོད་རིག་པ་སྨྲ་བ་ཇཱེ་ནེ་ཐེ་རྒྱ་མཚོས(Janet Gyatso)“གཅིག་གྱུར་གྱི་སྲིད་དབང་རྩ་ཐོར་དུ་སོང་བ་དང་རིག་གནས་ཀྱི་ངོ་བོ་གསར་པ་ཞིག་བསྐྱར་བསྐྲུན་བྱ་དགོས་པ་དེ་ནང་བསྟན་བོད་དུ་དར་བའི་བརྒྱུད་རིམ་ཁྲོད་ཐོན་པ་དང་། དེ་ནི་རྣམ་ཐར་འཕེལ་རྒྱས་འགྲོ་བའི་རྒྱུ་རྐྱེན་གལ་ཆེན་ཞིག་ཡིན།”[29]ཞེས་པ་ལྟར། གཅིག་གྱུར་གྱི་སྲིད་དབང་མེད་པའི་བོད་ཀྱི་སྤྱི་ཚོགས་ནང་། ཆོས་བརྒྱུད་གྲུབ་མཐའ་སོ་སོ་ནི་ས་གནས་ཀྱི་སྟོབས་ཤུགས་ཆེ་ཤོས་སུ་གྱུར་ཡོད་པ་དང་། ཁོང་ཚོས་རང་རང་ཆོས་བརྒྱུད་ཀྱི་སྟོབས་ཤུགས་རྒྱ་བསྐྱེད་དང་རིག་གནས་ཀྱི་ངོ་བོ་གསར་པ་ཞིག་འཚོལ་ཆེད། རང་རང་ཆོས་བརྒྱུད་ཀྱི་བླ་སྤྲུལ་གྲགས་ཆེན་གྱི་མི་ཚེའི་རྣམ་ཐར་བསྡེབས་ནས་ཆོས་ལུགས་ཀྱི་ལྟ་སྤྱོད་བརྒྱུད་བསྒྲགས་བྱས་པ་དང་། བརྒྱུད་བསྒྲགས་ཀྱི་གོ་རིམ་ཁྲོད་རྣམ་ཐར་གསར་རྩོམ་གྱི་ཚ་རླབས་འཕྱུར་ཡོད།
         གཞན་ཡང་སྟོན་པའི་འཁྲུངས་རབས་ཀྱི་ཤན་ཤུགས་འོག་སྐྱེ་བ་སྔ་ཕྱི་ཞེས་པའི་ལྟ་བ་དེ་ཁུངས་སྣེར་བཟུང་ནས་སྐྱེས་རབས་རྣམ་ཐར་འབྲི་བའི་སྲོལ་ཡང་བྱུང་ལ། རྣམ་ཐར་རྩོམ་པ་པོས་ཐབས་བརྒྱ་ཇུས་སྟོང་གིས་རྣམ་ཐར་གྱི་མི་སྣ་གཙོ་བོའི་སྐྱེ་བ་སྔ་མ་དེ་ཆོས་རྒྱལ་དང་བྱང་ཆུབ་སེམས་དཔའ་གང་རུང་ཞིག་ཏུ་བསྒྲུབ་གང་ཐུབ་བྱས་ཡོད།
མཇུག་བསྡུ་བ།
         རྣམ་ཐར་ཞེས་པའི་ཐ་སྙད་འདི་ནི་ལེགས་སྦྱར་གྱི་ཡི་གེ་བིམོཀྵ་ཞེས་པ་ལས་བསྒྱུར་བ་དང་། འདིའི་ཐོག་མའི་གོ་དོན་ནི་ཐར་བའམ་གྲོལ་བའི་དོན་ཡིན་པ་དང་། ཐ་སྙད་འདི་ནི་ཐོག་མར་དུས་རབས་བརྒྱད་པའི་ནང་ལོ་ཙཱ་བ་སྐ་ཅོག་ཞང་གསུམ་སོགས་ནས་བསྒྱུར་ཅིང་གཏན་ལ་ཕབ་པ་ཡིན་ལ། དེ་རྗེས་ཀྱི་དུས་རབས་བཅུ་གཅིག་པའི་དུས་དཀྱིལ་ཙམ་ནས་ཇོ་བོ་རྗེ་དཔལ་ལྡན་ཨ་ཏི་ཤ་དང་། ལོ་ཆེན་རིན་ཆེན་བཟང་པོ། འབྲོམ་སྟོན་པ་རྒྱལ་བའི་འབྱུང་གནས་སོགས་ཀྱི་མི་ཚེ་གང་པོའི་མཛད་པ་རྣམ་ཐར་དུ་བསྡེབས་པ་ནས་རིམ་བཞིན་དར་བ་དང་། དེ་རྗེས་སྒམ་པོ་པ་བསོད་ནམས་རིན་ཆེན་གྱིས་ཏེ་ལོ་པ་དང་ནཱ་རོ་པ། མར་པ་དང་མི་ལ་རས་པ་སོགས་ཀྱི་མི་ཚེའི་ལོ་རྒྱུས་བརྗོད་སྐབས་བཀའ་གདམས་པའི་སྲོལ་ལྟར་རྣམ་ཐར་ཞེས་པའི་ཐ་སྙད་འདི་བཀོལ་བ་ནས་བཟུང་། རྣམ་ཐར་ཞེས་པ་འདི་རིམ་གྱིས་སྐྱེས་ཆེན་དམ་པའི་མི་ཚེའི་བྱུང་བ་བརྗོད་པའི་རྩོམ་ལུས་ཀྱི་རྣམ་པ་ཞིག་ཏུ་ངོས་འཛིན་བྱེད་པའི་སྲོལ་ཆགས།
         བོད་ཀྱི་རྣམ་ཐར་བརྩམས་ཆོས་ནི་རྒྱ་དཀར་ནག་གང་ལས་ཀྱང་མང་བ་ཡོད་པས། དེས་བོད་ཀྱི་དམིགས་བསལ་ཀྱི་རིག་གནས་ཁྱད་ཆོས་མངོན་ལ། དེ་བས་བོད་ཀྱི་རྣམ་ཐར་འབྲི་བའི་སྲོལ་རྒྱུན་ནི་ཐད་ཀར་ཕྱིའི་རིག་གནས་ཀྱི་ཤུགས་རྐྱེན་འོག་བྱུང་བ་ཞིག་མ་ཡིན་པར། དེ་ནི་བོད་ཀྱི་དམིགས་བསལ་གྱི་ལོ་རྒྱུས་རྒྱབ་ལྗོངས་འོག་བྱུང་བའི་མཐུན་མིན་གྱི་རིག་གནས་ཤིག་ཡིན་ནོ། །
མཆན་འགྲེལ།
         [1] སློབ་དཔོན་ཞི་བ་ལྷས་བརྩམས། རྒྱལ་ཚབ་དར་མ་རིན་ཆེན་གྱིས་འགྲེལ་པ་མཛད། སྤྱོད་འཇུག་རྩ་འགྲེལ་ཆེན་མོ།[M] ལྷ་ས། སེར་གཙུག་ནང་བསྟན་དཔེ་རྙིང་འཚོལ་བསྡུ་ཕྱོགས་སྒྲིག་ཁང་། ཤ199
         [2] སངས་རྒྱས་ཕལ་པོ་ཆེ་ཞེས་བྱ་བ་ཤིན་ཏུ་རྒྱས་པ་ཆེན་པོའི་མདོ། སྡེ་དགེ་པར་མ། པོད་ཀ་པ། ཤ21 BDRC. W4CZ5369.
         [3] Sharma, Parmanda. Santideva’sBodhicharyavatara Original Sanskrit Text with English Transilation.(First Reprint)Delhi:Pradeep Kumar Goel for AdityaPrakashan, 1997.
         [4] M. Monier-Williams. Sanskrit-English Dictonary. India:Asian Educational Services Press, 1899, pp.981b.
         [5] སངས་རྒྱས་ཕལ་པོ་ཆེ་ཞེས་བྱ་བ་ཤིན་ཏུ་རྒྱས་པ་ཆེན་པོའི་མདོ། སྡེ་དགེ་པར་མ། པོད་ཀ་པ། ཤ15 BDRC. W4CZ5369.
         [6] སངས་རྒྱས་ཕལ་པོ་ཆེ་ཞེས་བྱ་བ་ཤིན་ཏུ་རྒྱས་པ་ཆེན་པོའི་མདོ། སྡེ་དགེ་པར་མ། པོད་ཀ་པ། ཤ18 BDRC. W4CZ5369.
         [7] ཏུན་ཧོང་བོད་ཡིག་ཡིག་རྙིང་དྲྭ་ཚུགས་ནང་གསལ། Old Tibetan Documents Online.«དུག་གསུམ་འདུལ་བ»Overcoming theThree Poisons. PT-0037.3r6.
         [8] Old Tibetan Documents Online.«སྐྱེ་ཤིའི་འཁོར་ལོ»The History of the Cycle of Birth and Death. PT-0151.r2-04.
         [9] དྭགས་པོ་ལྷ་རྗེ་བསོད་ནམས་རིན་ཆེན། སྒམ་པོའི་གདན་རབས་རིམ་བྱོན་གྱི་གསུང་འབུམ།[M] ལྷ་ས། དཔལ་བརྩེགས་བོད་ཡིག་དཔེ་རྙིང་ཞིབ་འཇུག་ཁང་ནས་བསྒྲིགས། ཀྲུང་གོའི་བོད་རིག་པ་དཔེ་སྐྲུན་ཁང་། 2013ལོ། ཤ227
         [10] དྭགས་པོ་ལྷ་རྗེ་བསོད་ནམས་རིན་ཆེན། སྒམ་པོའི་གདན་རབས་རིམ་བྱོན་གྱི་གསུང་འབུམ།[M] ལྷ་ས། དཔལ་བརྩེགས་བོད་ཡིག་དཔེ་རྙིང་ཞིབ་འཇུག་ཁང་ནས་བསྒྲིགས། ཀྲུང་གོའི་བོད་རིག་པ་དཔེ་སྐྲུན་ཁང་། 2013ལོ། ཤ2
         [11] འོལ་དགའ་བཞད་པའི་རྡོ་རྗེ། རིག་པ་འཛིན་པ་བློ་བཟང་འཕྲིན་ལས་ཀྱི་རྟོགས་པ་བརྗོད་པ་སྐལ་བཟང་དགའ་སྟོན། [M] ཟི་ལིང་། མཚོ་སྔོན་མི་རིགས་དཔེ་སྐྲུན་ཁང་། 2009ལོ། ཤ3
         [12] འཇིགས་མེད་དམ་ཆོས་རྒྱ་མཚོ། འཇམ་དབྱངས་ཐུབ་བསྟན་རྒྱ་མཚོའི་རྣམ་ཐར་ཐུན་མོང་དུ་བསྒྲག་པར་རྗེས་སུ་གནང་བ་ལེགས་མཛད་གཏམ་གྱི་སྙིང་པོ་སྐལ་པ་བཟང་པོའི་རྣ་ཆ། [M] གསུང་འབུམ་པོད་དང་པོ། ཤ6
         [13] Sam van Schaik. The First Tibetan Buddhist Biographies?.From the Website ofEarly Tibet.com.
         [14] གུ་གེ་ཁྲི་ཐང་བ་དཔལ་ཡེ་ཤེས། བྱང་ཆུབ་སེམས་དཔའ་ལོ་ཙཱ་བ་རིན་ཆེན་བཟང་པོའི་འཁྲུངས་རབས་དཀའ་སྤྱད་སྒྲོལ་མ་རྣམ་ཐར་ཤེལ་ཕྲེང་ལུ་གུ་རྒྱུད། དཔེ་རྒྱུན་དཀོན་པོའི་རྣམ་ཐར་ཕྱོགས་བསྒྲིགས་དམ་པའི་བཤུལ་ལམ་ཁྲོད་དུ་འཁོད།[M] ཟི་ལིང། མཚོ་སྔོན་མི་རིགས་དཔེ་སྐྲུན་ཁང་། 2013ལོའི་ཟླ6པ། ཤ24
         [15] གུ་གེ་ཁྲི་ཐང་བ་དཔལ་ཡེ་ཤེས། བྱང་ཆུབ་སེམས་དཔའ་ལོ་ཙཱ་བ་རིན་ཆེན་བཟང་པོའི་འཁྲུངས་རབས་དཀའ་སྤྱད་སྒྲོལ་མ་རྣམ་ཐར་ཤེལ་ཕྲེང་ལུ་གུ་རྒྱུད། དཔེ་རྒྱུན་དཀོན་པོའི་རྣམ་ཐར་ཕྱོགས་བསྒྲིགས་དམ་པའི་བཤུལ་ལམ་ཁྲོད་དུ་འཁོད།[M] ཟི་ལིང། མཚོ་སྔོན་མི་རིགས་དཔེ་སྐྲུན་ཁང་། 2013ལོའི་ཟླ6པ། ཤ24-25
         [16] ཆེ་བ་རྣམ་གསུམ་སྟེ ། འཁྲུངས་པ་གདུང་རྒྱུད་ཀྱི་ཆེ་བ། སྤྱངས་པ་ཡོན་ཏན་གྱི་ཆེ་བ། མཛད་པ་འཕྲིན་ལས་ཀྱི་ཆེ་བའོ། །
         [17] གནམ་བྱམས་ཚེ་རིང་གིས་རྩོམ་སྒྲིག་བྱས། བོད་ཀྱི་རྩོམ་རིག་ལོ་རྒྱུས། [M]དེབ་བཞི་པ། ལྷ་ས། བོད་ལྗོངས་མི་དམངས་དཔེ་སྐྲུན་ཁང་། 2013ལོ། ཤ328
         [18] ཇོ་བོ་རྗེ་དཔལ་ལྡན་ཨ་ཏི་ཤའི་རྣམ་ཐར་ཕྱོགས་བསྒྲིགས། [G] ལྷ་ས། བོད་ལྗོངས་མི་དམངས་དཔེ་སྐྲུན་ཁང་། 2014ལོའི་ཟླ12པ།
         [19] བིས་པ་མི་ཕམ་ཟླ་བ་སོགས་ཀྱིས་མཛད། དཔེ་རྒྱུན་དཀོན་པོའི་རྣམ་ཐར་ཕྱོགས་བསྒྲིགས་དམ་པའི་བཤུལ་ལམ། [G] ཟི་ལིང་། མཚོ་སྔོན་མི་རིགས་དཔེ་སྐྲུན་ཁང་། 2013ལོའི་ཟླ6པ། གུ་གེ་ཁྲི་ཐང་བ་དཔལ་ཡེ་ཤེས་ཀྱིས་མཛད་པའི་བྱང་ཆུབ་སེམས་པ་ལོ་ཚ་(ཙཱ) བ་ཆེན་པོ་རིན་ཆེན་བཟང་པོའི་འཁྲུངས་རབས་དཀའ་དཔྱད་སྒྲོལ་མ་རྣམ་མཐར་(ཐར)ཤེལ་འཕྲེང་ལུ་གུ་རྒྱུད།
         [20] མཆིམས་ནམ་མཁའ་གྲགས། སྣར་ཐང་གི་གདན་རབས་གསེར་ཕྲེང་། ཁྲོད་དུ་བཞུགས་པའི་དགེ་བཤེས་སྟོན་པའི་རྣམ་ཐར། [M] ལྷ་ས། བོད་ལྗོངས་བོད་ཡིག་དཔེ་རྙིང་དཔེ་སྐྲུན་ཁང་། 2015ལོ། ཤ188
         [21] ལས་ཆེན་ཀུན་དཀའ་རྒྱལ་མཚན་གྱི་བཀའ་གདམས་ཆོས་འབྱུང་(བཀའ་གདམས་ཆོས་འབྱུང་གསལ་བའི་སྒྲོན་མེ། [M] ལྷ་ས། བོད་ལྗོངས་མི་དམངས་དཔེ་སྐྲུན་ཁང་། 2011ལོ། ཤ294)ལས་“རྗེ་སྒམ་པོ་བས་ཐོག་མར་བྱ་ཡུལ་བ་ཤ་བ་གླིང་བ་ཡོན་བདག་དགེ་བཤེས་སྒྲེ་པ་སྨྱུག་རུམ་པ་རྒྱ་ལྕགས་རི་གོང་ཁ་བ་རྣམས་བརྟེན་ནས་བཀའ་གདམས་ཀྱི་གདམས་པ་མ་ལུས་པ་གསན་པ་དང་། དེ་ནས་རྗེ་བཙུན་མི་ལའི་སྤྱན་སྔར་བྱོན་ཏེ། ན་རོ་ཆོས་དྲུག་ལ་སོགས་པའི་གདམས་པ་ཟབ་མོ་རྣམས་ཐུགས་ཉམས་སུ་བཞེས་ཏེ་བས་མཐའི་དབེན་གནས་རྣམས་སུ་བཞུགས། ཕྱིས་དྭགས་ལྷ་སྒམ་པོ་བཏབ་ཏར་འགྲོ་དོན་བསྐྱངས་པས། བཀའ་ཕྱག་ཆུ་བོ་གཉིས་འདྲེས་པར་གྲགས།”ཞེས་གསུངས་པ་ལྟར་རྗེ་སྒམ་པོ་བས་ཐོག་མར་བཀའ་གདམས་པའི་དགེ་བཤེས་འབའ་ཞིག་བརྟེ ན་ནས་གསན་བསམ་མཛད་པས། ཁོང་གིས་མཛད་པའི་རྣམ་ཐར་དེ་དག་ཡང་བཀའ་གདམས་པའི་རྩོམ་རིག་གི་ཤན་ཤུགས་ཐེབས་པ་རིག་པས་རྟོགས་ནུས།
         [22] རྒྱ་ཡེ་བཀྲ་བྷོ། བོད་ཀྱི་གནའ་རབས་རྩོམ་རིག་གི་རིགས་དང་ལུས་ཀྱི་རྣམ་གཞག [M] ཟི་ལིང་། མཚོ་སྔོན་མི་རིགས་དཔེ་སྐྲུན་ཁང་།2005ལོ། ཤ165
         [23] རྒྱ་ཡེ་བཀྲ་བྷོ་སོགས། བོད་ཀྱི་རྩོམ་རིག་ལོ་རྒྱུས་སྐལ་བཟང་མིག་སྒྲོན། [M] ཟི་ལིང་། མཚོ་སྔོན་མི་རིགས་དཔེ་སྐྲུན་ཁང་། 2002ལོ། ཤ418
         [24] གུ་རུ་ཆོས་དབང་། གུ་རུ་ཆོས་དབང་གི་གཏེར་འབྱུང་ཆེན་མོ། [M] ཞེས་པའི་ནང་ཁོང་རང་ཉིད་ཀྱི་རྣམ་ཐར་བཀོད་ཡོད། རྒྱས་པ་ཏན་མར་ཐིན་(Dan Martin)གྱི་བོད་ཡིག་ལོ་རྒྱུས་ཡིག་ཆ་(Tibetan Histories.London, Serindia Publications1997.)ཞེས་པའི་ཤོག་ངོས་44སྟེང་གསལ།
         [25] Gyatso, Janet, B. Apparitions of the Self: the Secret Autobiography of a Tibetan Visionary. Delhi, India. MotilalBanarsidassPublishers Private Limited, 2001, pp. 101.
         [26] Gyatso, Janet, B. Apparitions of the Self: the Secret Autobiography of a Tibetan Visionary. Delhi, India. MotilalBanarsidassPublishers Private Limited, 2001, pp. 116.
         [27] Gyatso, Janet, B. Apparitions of the Self: the Secret Autobiography of a Tibetan Visionary. Delhi, India. MotilalBanarsidassPublishers Private Limited, 2001, pp. 115.
         [28] གུ་གེ་ཁྲི་ཐང་བ་དཔལ་ཡེ་ཤེས། ལོ་ཙཱ་བ་རིན་ཆེན་བཟང་པོའི་རྣམ་ཐར། དཔེ་རྒྱུན་དཀོན་པོའི་རྣམ་ཐར་ཕྱོགས་བསྒྲིགས་དམ་པའི་བཤུལ་ལམ། ཁྲོད་དུ་འཁོད།[M] ཟི་ལིང། མཚོ་སྔོན་མི་རིགས་དཔེ་སྐྲུན་ཁང་། 2013ལོའི་ཟླ6པ། ཤ24
         [29] Gyatso, Janet, B. Apparitions of the Self: the Secret Autobiography of a Tibetan Visionary. Delhi, India. MotilalBanarsidassPublishers Private Limited, 2001, pp. 119.
         དཔྱད་གཞིའི་ཡིག་ཆ།
         [1] སློབ་དཔོན་ཞི་བ་ལྷས་བརྩམས། རྒྱལ་ཚབ་དར་མ་རིན་ཆེན་གྱིས་འགྲེ ལ་པ་མཛད། སྤྱོད་འཇུག་རྩ་འགྲེ ལ་ཆེན་མོ།[M] ལྷ་ས། སེར་གཙུག་ནང་བསྟན་དཔེ་རྙིང་འཚོལ་བསྡུ་ཕྱོགས་སྒྲིག་ཁང་།
         [2] སངས་རྒྱས་ཕལ་པོ་ཆེ་ཞེས་བྱ་བ་ཤིན་ཏུ་རྒྱས་པ་ཆེན་པོའི་མདོ། སྡེ་དགེ་པར་མ། པོད་ཀ་པ། BDRC.org. W4CZ5369.
         [3] ཇོ་བོ་རྗེ་དཔལ་ལྡན་ཨ་ཏི་ཤ་སོགས། འབྲོམ་སྟོ ན་པ་རྒྱལ་བའི་འབྱུང་གནས་ཀྱི་སྐྱེས་རབས་བཀའ་གདམས་བུ་ཆོས།[M] ཟི་ལིང་། མཚོ་སྔོན་མི་རིགས་དཔེ་སྐྲུན་ཁང་། 2012ལོའི་ཟླ12པ།
         [4] འབྲོམ་སྟོན་པ་རྒྱལ་བའི་འབྱུང་གནས་སོགས། ཇོ་བོ་ཡབ་སྲས་ཀྱི་གསུང་བགྲོས་ཕ་ཆོས་རིན་པོ་ཆེའི་གཏེར་མཛོད་དང་བྱང་ཆུབ་སེམས་དཔའི་ནོར་བུའི་ཕྲེང་བ་རྩ་འགྲེལ། ཇོ་བོ་རྗེ་དཔལ་ལྡན་ཨ་ཏི་ཤའི་རྣམ་ཐར་བཀའ་གདམས་ཕ་ཆོས་ཞེས་པའི་ཁྲོད་དུ་འཁོད།[M] ཟི་ལིང་། མཚོ་སྔོན་མི་རིགས་དཔེ་སྐྲུན་ཁང་། 2012ལོའི་ཟླ12པ།
         [5] མཁས་པ་ལྡེ འུ། རྒྱ་བོད་ཆོས་འབྱུང་རྒྱས་པ།[M] ལྷ་ས། བོད་ལྗོངས་མི་དམངས་དཔེ་སྐྲུན་ཁང་། 2012ལོ།
         [6] གུ་གེ་ཁྱི ་ཐང་བ་དཔལ་ཡེ་ཤེས། ལོ་ཙཱ་བ་རིན་ཆེན་བཟང་པོའི་རྣམ་ཐར། དཔེ་རྒྱུན་དཀོན་པོའི་རྣམ་ཐར་ཕྱོགས་བསྒྲིགས་དམ་པའི་བཤུལ་ལམ་ཞེས་པའི་ཁྲོད་དུ་འཁོད།[M] ཟི་ལིང། མཚོ་སྔོན་མི་རིགས་དཔེ་སྐྲུན་ཁང་། 2013ལོའི་ཟླ6པ།
         [7] ནག་ཚོ་ལོ་ཙཱ་བ་ཚུལ་ཁྲིམས་རྒྱལ་བ་སོགས། ཇོ་བོ་རྗེ་དཔལ་ལྡན་ཨ་ཏི་ཤའི་རྣམ་ཐར་ཕྱོགས་བསྒྲིགས། [G] ལྷ་ས། བོད་ལྗོངས་མི་དམངས་དཔེ་སྐྲུན་ཁང་། 2014ལོའི་ཟླ12པ།
         [8] མཆིམས་ནམ་མཁའ་གྲགས་སོགས། སྣར་ཐང་གི་གདན་རབས་གསེར་ཕྲེང་།[M] ལྷ་ས། བོད་ལྗོངས་བོད་ཡིག་དཔེ་རྙིང་དཔེ་སྐྲུན་ཁང་། 2015ལོ།
         [9] སྒམ་པོ་པ་བསོད་ནམས་རིན་ཆེན། ཁམས་གསུམ་ཆོས་ཀྱི་རྒྱལ་པོ་དཔལ་མཉམ་མེད་སྒམ་པོ་པ་འགྲོ ་མགོན་བསོད་ནམས་རིན་ཆེན་མཆོག་གི་གསུང་འབུམ་ཡིད་བཞིན་ནོར་བུ།[M] ཀ་ཏ་མན་དུ། (Kathmandu): མཁན་པོ་བསྟན་འཛིན་དང་བླ་མ་རྣམ་རྒྱལ། 2000ལོ།
         [10]སྒམ་པོ་པ་བསོད་ནམས་རིན་ཆེན། སྒམ་པོའི་གདན་རབས་རིམ་བྱོན་གྱི་གསུང་འབུམ།[M] ལྷ་ས། དཔལ་བརྩེགས་བོད་ཡིག་དཔེ་རྙིང་ཞིབ་འཇུག་ཁང་ནས་བསྒྲིགས། ཀྲུང་གོའི་བོད་རིག་པ་དཔེ་སྐྲུན་ཁང་། 2013ལོ།
         [11] ལས་ཆེན་ཀུན་དགའ་རྒྱལ་མཚན། བཀའ་གདམས་ཆོས་འབྱུང་གསལ་བའི་སྒྲོན་མེ། [M] ལྷ་ས། བོད་ལྗོངས་མི་དམངས་དཔེ་སྐྲུན་ཁང་། 2011ལོ།
         [12] འཇིགས་མེད་དམ་ཆོས་རྒྱ་མཚོ། འཇམ་དབྱངས་ཐུབ་བསྟན་རྒྱ་མཚོའི་རྣམ་ཐར་ཐུན་མོང་དུ་བསྒྲག་པར་རྗེས་སུ་གནང་བ་ལེགས་མཛད་གཏམ་གྱི་སྙི ང་པོ་སྐལ་པ་བཟང་པོའི་རྣ་ཆ། [M] གསུང་འབུམ་པོད་དང་པོ།
         [13] འོལ་དགའ་བཞད་པའི་རྡོ་རྗེ། རིག་པ་འཛིན་པ་བློ་བཟང་འཕྲིན་ལས་ཀྱི་རྟོ གས་པ་བརྗོད་པ་སྐལ་བཟང་དགའ་སྟོ ན།[M] ཟི་ལིང་། མཚོ་སྔོན་མི་རིགས་དཔེ་སྐྲུན་ཁང་། 2009ལོ།
         [14] གནམ་བྱམས་ཚེ་རིང་སོགས་ཀྱིས་རྩོམ་སྒྲིག་བྱས། བོད་ཀྱི་རྩོམ་རིག་ལོ་རྒྱུས།[M] དེབ་གསུམ་པ་དང་བཞི་པ། ལྷ་ས། བོད་ལྗོངས་མི་དམངས་དཔེ་སྐྲུན་ཁང་། 2013ལོ། .
         [15] རྒྱ་ཡེ་བཀྲ་བྷོ། བོད་ཀྱི་གནའ་རབས་རྩོམ་རིག་གི་རིགས་དང་ལུས་ཀྱི་རྣམ་གཞག[M] ཟི་ལིང་། མཚོ་སྔོན་མི་རིགས་དཔེ་སྐྲུན་ཁང་། 2005ལོ།
         [16] རྒྱ་ཡེ་བཀྲ་བྷོ་སོགས། བོད་ཀྱི་རྩོམ་རིག་ལོ་རྒྱུས་སྐལ་བཟང་མིག་སྒྲོན།[M] ཟི་ལིང་། མཚོ་སྔོན་མི་རིགས་དཔེ་སྐྲུན་ཁང་། 2002ལོ།
         [17] སྐྱ་རེངས་དཔལ་ལོ། བོད་ཀྱི་རྣམ་ཐར་རྩོམ་རིག་གི་སྐོ ར་ལ་དཔྱད་པ་བདུད་རྩིའི་ཉིང་ཁུ།[J] ཀྲུང་གོའི་བོད་རིག་པ། 2011ལོའི་དུས་དེབ་བཞི་པ་དང་2002ལོའི་དུས་དེབ་དང་པོ།
         [18] Gyatso, Janet, B. Apparitions of the Self: the Secret Autobiography of a Tibetan Visionary. Delhi, India. MotilalBanarsidass Publishers Private Limited, 2001.
         [19] Roberts, Peter Alan. The Biographies of Rechungpa. New York: Routledge Press, 2007.
         [20] Robinson, James Burrell. “The Lives of Indian Buddhist Saints: Biography, Hagiography and Myth ”in Tibetan Literature tudies in Genre. Snow Lion Ithaca, New York.1996.
         [21] Sharma, Parmanda. Santideva’sBodhicharyavatara Original Sanskrit Text with English Transilation.(First Reprint) Delhi:Pradeepumar Goel for AdityaPrakashan, 1997.
         [22] M. Monier-Williams. Sanskrit-English Dictonary. India:Asian Educational Services Press, 1899.
         [23] Old Tibetan Documents Online.《སྐྱེ་ཤིའི་འཁོར་ལོ》The History of the Cycle of Birth and Death.PT-0151.R2-04.
         [24] Schaik,Sam van. The First Tibetan Buddhist Biographies From the Website of Early Tibet.com.
39.7K

ཐག་རག་ཡིག་བསྒྱུར་མ་ལག

དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1