གཙོ་ངོས།>> སློབ་གསོ།>>འཚོ་བའི་རྒྱུན་ཤེས།

སྐལ་ཐུབ་ཀྱིས་བྲིས། རྩོམ་སྒྲིག་པ།ཚེ་དཔལ། ཡོང་ཁུངས།ཁམས་པའི་དྲ་བ། སྤེལ་དུས། ༢༠༢༡ལོའི་ཟླ་བ་༠༥ཚེས་༠༨ཉིན།

༄༅།། གསེར་རྩྭ་གསེར་འབུ་རྐོ་མཁན་ཚོའི་སྙན་ལམ་དུ།


སྐལ་ཐུབ་ཀྱིས་བྲིས།   

   

གསེར་རྩྭ་གསེར་འབུ་རྐོ་མཁན་ཚོའི་སྙན་ལམ་དུ།

   ཡང་ལོ་རེའི་དབྱར་རྩྭ་དགུན་འབུ་རྐོ་བའི་དུས་ཚིགས་སུ་བསླེབས་ཤིང་། ཞིང་འབྲོག་མང་ཚོགས་རྣམས་གཅིག་བསྡུས་ངང་རིར་ཆས་ནས་ལོ་གཅིག་གི་ཟུར་ལས་ཡོང་འབབ་གཙོ་ཆེ་ཤོས་ཏེ་རིན་ཆེན་དང་པོ་གསེར་དང་གོང་ཐང་མཉམ་པའི་དབྱར་རྩྭ་དགུན་འབུ་རྐོ་སར་འགྲོ་བཞིན་ཡོད། དེ་ཡང་དབྱར་རྩྭ་དགུན་འབུ་རྐོ་བའི་དུས་རིམ་ནང་དུ་མི་སྒེར་གྱི་ངོས་ནས་དོ་སྣང་བྱ་དགོས་པའི་གནད་དོན་གལ་འགངས་ཆེ་ཤོས་ཆ་ཤས་དེ་སྔོན་མཁན་ཆེན་ཚུལ་ཁྲིམས་བློ་གྲོས་མཆོག་གིས་དྲྭ་ལམ་ནས་གསུངས་པ་དག་གནད་དུ་བསྡུས་ནས་བཀོད་པའི་ཐོག། གཙོ་བོ་སྲིད་གཞུང་གི་ངོས་ནས་བསྒྲུབ་དགོས་པའི་ལས་དོན་ཁ་ཤས་ཀྱང་རང་བློས་དཔགས་ཚོད་ཙམ་བཤད་ན།

གསེར་རྩྭ་གསེར་འབུ་རྐོ་མཁན་ཚོའི་སྙན་ལམ་དུ།

གཅིག། མཁན་ཆེན་མཆོག་གིས་དབྱར་རྩྭ་དགུན་འབུ་རྐོ་བའི་དུས་རིམ་ནང་དུ་གལ་འགངས་ཆེ་ཤོས་ཀྱི་གནད་དོན་ཆ་ཤས་གསུངས་པ་མདོར་གྲིལ་ན། 

   ༡ སློབ་མ་དང་ཡང་ན་ལས་གནས་བརྟན་པོ་ཡོད་མཁན་ཚོས་དབྱར་རྩྭ་དགུན་འབུའི་སྐབས་འཕྲལ་གྱི་ཁེ་ཕན་ལ་བལྟས་ནས་ཕུགས་ཀྱི་དམིགས་འབེན་དེ་སྟོང་ཟད་དུ་གཏོང་མི་ཉན་པ་དང་། བོད་མི་ཚང་མས་མི་རབས་ནས་མི་རབས་བར་དཔལ་འབྱོར་གྱི་ཡོང་ཁུངས་གཙོ་བོ་རི་སོགས་ལ་བརྟེན་རྒྱུ་མེད་ཀྱི། ཚོང་དང་ཐོན་ལས་སོགས་ཀྱིས་དཔལ་འབྱོར་ཡོང་ཁུངས་བརྟན་པོར་བཟོ་དགོས། 

   ༢ དབྱར་རྩྭ་དགུན་འབུ་རྐོ་བའི་སྐབས་འཕྲལ་གྱི་ཁེ་ཕན་ལ་དམིགས་ནས་དེ་སྔོན་བྱུང་བའི་ས་རྩོད་ཆུ་རྩོད་ཀྱི་ནང་འཁྲུག་གནས་ཚུལ་ཡ་ང་བའི་ཁྲོད་ནས་གོ་བསྐོན་སློབ་གསོ་ཐེབས་པར་བརྒྱུད་དེ་འཁྲུག་རྩོད་མི་བྱ་རྒྱུ་ཁས་ལེན་དང་འགལ་བ་མི་ཡོང་བར་འགོག་ཟོན་ཡག་པོ་བྱ་དགོས།

   ༣ དབྱར་རྩྭ་དགུན་འབུ་རྐོ་མཁན་རང་གཞན་སུ་ཡིན་ཡང་ས་གནས་དེ་གའི་ཁོར་ཡུག་སྲུང་སྐྱོང་ཡག་པོ་བྱ་དགོས་པ་ལས། ཆུ་ཤོག་དང་གློག་རྫས་སོགས་ཀྱི་གད་སྙིགས་གང་སར་འདོར་མི་རུང་བ་དང་། སྤང་ངོས་གང་སར་བསློགས་ནས་བཞག་མི་རུང་ཞིང་། རི་སྐྱེས་སྲོག་ཆགས་ཀུན་ལ་གནོད་འཚེ་གཏོང་མི་རུང་། 

   ༤ དབྱར་རྩྭ་དགུན་འབུ་ཅུང་མང་བའི་ས་ཁུལ་དུ་ཆ་མེད་རྒྱུས་མེད་ཀྱི་མི་འདྲ་མིན་སྣ་ཚོགས་འཛོམས་ཡོང་བས་ཞིང་འབྲོག་པ་ཚོ་དང་། ལྷག་པར་ན་གཞོན་ཕོ་མོ་ཚོས་རང་ལུས་དང་རང་སྲོག་ལ་བདག་གཅེས་ཡག་པོ་བྱ་དགོས་པ་ལས། ཨེ་ཛིའི་ནད་གཙོས་པའི་རང་ལུས་དང་རང་ཁྱིམ། རང་ཡུལ་བཅས་ལ་གནོད་འཚེ་བཅོས་ཐབས་མེད་པ་ཕོག་དོགས་ཡོད་པ་དང་འབྲེལ་བའི་བྱ་བ་ཚུལ་མིན་བསྒྲུབ་མི་རུང་། 

   ༥ བོད་མི་ཚོས་ལོ་རེའི་དབྱར་རྩྭ་དགུན་འབུ་བརྐོས་ནས་རག་པའི་ཡོང་འབབ་གང་བྱུང་མང་བྱུང་དུ་འཕྲོ་བརླག་མི་བཏང་བར་འཆར་འགོད་ཚགས་འཛུད་བྱས་ཏེ་ཚོང་ཁང་དང་ཟ་ཁང་། མགྲོན་ཁང་སོགས་འཛུགས་ཐབས་ཀྱིས་དཔལ་འབྱོར་རྨང་གཞི་བརྟན་པོར་གཏང་དགོས།

 

གསེར་རྩྭ་གསེར་འབུ་རྐོ་མཁན་ཚོའི་སྙན་ལམ་དུ།

གཉིས། སྲིད་གཞུང་གི་ངོས་ནས་བསྒྲུབ་དགོས་པའི་ལས་དོན་འགའ། 

   རིམ་ཁག་སྲིད་གཞུང་གིས་མང་ཚོགས་ཀྱིས་དབྱར་རྩྭ་དགུན་འབུ་རྐོ་བ་དང་འབྲེལ་བའི་ལས་དོན་དེ་མང་ཚོགས་ཀྱི་ཐོབ་སྣང་དང་སྐྱིད་སྣང་། བདེ་སྣང་བཅས་ཆེ་རུ་ཧུར་ཐག་གཏོང་བའི་དོན་ཆེན་ཞིག་ཏུ་བརྩིས་ནས་ཁྱོན་ཡོངས་དང་ཞིབ་ཚགས། ཕན་འབྲས་ཐོན་པ་བཅས་ཀྱིས་དངོས་སྒྲུབ་ལེགས་སྒྲུབ་ནན་སྒྲུབ་བྱ་དགོས་པ་སྟེ། 

  ༡ དྲིལ་བསྒྲགས་སློབ་གསོ་བྱེད་ཤུགས་ཆེ་རུ་གཏང་དགོས། 

   ཀྲུང་གོ་གུང་ཁྲན་ཏང་བཙུགས་ནས་ལོ་བརྒྱ་འཁོར་བར་རྟེན་འབྲེལ་ཞུ་བའི་བྱེད་སྒོ་ཁག་སྤེལ་བ་དང་བསྟུན་ནས། དབྱར་རྩྭ་དགུན་འབུ་རྐོ་བའི་མང་ཚོགས་ཡོངས་ལ་འབྲེལ་ཡོད་ཁྲིམས་ལུགས་དང་། དམངས་སྲོལ་ཆིངས་ཡིག། མེ་སྐྱོན་དོགས་ཟོན། ཁོར་ཡུག་སྲུང་སྐྱོང་། འགྲིམ་འགྲུལ་ཉེན་མེད། བདེ་ཐང་རིམས་འགོག་སོགས་ཀྱི་དྲིལ་བསྒྲགས་སློབ་གསོ་གནད་དུ་སྨིན་ལ་ཉན་སྤྲོ་བ་བརྒྱག་དགོས།

 

གསེར་རྩྭ་གསེར་འབུ་རྐོ་མཁན་ཚོའི་སྙན་ལམ་དུ།

   ༢ དབྱར་རྩྭ་དགུན་འབུ་རྐོ་བའི་ཁོར་ཡུག་བདེ་འཇགས་ཤིག་བསྐྲུན་དགོས། 

   རིམ་པ་ཁག་གི་སྲིད་གཞུང་གིས་དབྱར་རྩྭ་དགུན་འབུ་རྐོ་བའི་དུས་རིམ་ནང་དུ་གཞུང་སྒྲུབ་ཁང་ཡང་མཉམ་དུ་དབྱར་རྩྭ་དགུན་འབུ་རྐོ་ཡུལ་དུ་སྤོས་ཏེ་གཅིག་ནི་འཁོན་འཛིང་འཁྲུག་རྩོད་མི་ཡོང་བ་དང་། གཉིས་ནི་རྐུ་དང་འཕྲོག་བཅོམ་མེད་པ། གསུམ་ནི་འཁོར་རིགས་ལ་བྱུར་ཉེས་མི་ཡོང་བ། བཞི་ནི་ཉོ་འཚོང་དྲང་གཞག་ཡོང་བ་བཅས་ལ་ཁག་ཐེག་བྱ་དགོས། 

  ༣ ཁོར་ཡུག་སྲུང་སྐྱོང་ཐུབ་པ་འགན་ལེན་བྱ་དགོས། 

   གཅིག་ནི་རིམ་པ་ཁག་གི་སྲིད་གཞུང་གིས་མེ་སྐྱོན་འགོག་ཟོན་བྱེད་ཤུགས་ཆེ་རུ་བཏང་ནས་དངོས་ཡོད་གནས་ཚུལ་དང་བསྟུན་ནས་ས་གནས་གཏན་འཁེལ་དུ་མེ་སྤྱད་ས་བཟོ་དགོས་པ་ལས་བྱེས་སུ་མེ་འཁུར་མི་ཆོག་པ་བྱ་དགོས། གཉིས་ནི་སྲིད་གཞུང་ནས་དང་ཡང་ན་དབྱར་རྩྭ་རྐོ་ས་བོགས་གླ་གཏོང་མཁན་གྱི་ཡུལ་སྡེ་ནས་མ་དངུལ་བཏང་སྟེ་ གད་སྙིགས་ལྟ་སྐུལ་གཙང་སེལ་རུ་ཁག་བཙུགས་ནས་གནས་གཏན་འཁེལ་དུ་གད་སྙིགས་བླུག་ས་བཟོས་ཏེ་དུས་སུ་གཅིག་བསྡུས་ཀྱིས་དབོར་འདྲེན་བྱ་དགོས།  གསུམ་ནི་སྤང་ངོས་སྲུང་སྐྱོང་རུ་ཁག་བཙུགས་ཏེ་སྤང་ངོས་སྔར་མལ་རང་གསོ་ཐུབ་པ་འགན་ལེན་བྱ་དགོས།

གསེར་རྩྭ་གསེར་འབུ་རྐོ་མཁན་ཚོའི་སྙན་ལམ་དུ།

  ༤  རིམས་བབ་འགོག་ཟོན་ཡག་པོ་བྱ་དགོས། 

    རིམ་པ་ཁག་གི་སྲིད་གཞུང་གིས་གཅིག་ནི་རིམས་བབ་འགོག་ཟོན་གྱི་དངོས་རྫས་གྲབས་གསོག་གང་ལེགས་བྱ་དགོས། གཉིས་ནི་མི་མང་འདུ་འཛོམས་རྒྱ་ཆེ་བར་ཚོད་འཛིན་བྱ་དགོས། གསུམ་ནི་དབྱར་རྩྭ་དགུན་འབུ་རྐོ་ཡུལ་དུ་བདེ་ཐང་ཞབས་ཞུ་སྤེལ་དགོས།

39.7K

ཐག་རག་ཡིག་བསྒྱུར་མ་ལག

དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1