གཙོ་ངོས།>> དམངས་སྲོལ།>>དུར་འཇུག

རྩོམ་པ་པོ། མི་གསལ། རྩོམ་སྒྲིག་པ།དབང་ཆེན།ཡོང་ཁུངས།ཀྲུང་གོའི་བོད་ལྗོངས་དྲ་བ། སྤེལ་དུས། ༢༠༢༡ལོའི་ཟླ་བ་༠༥ཚེས་༡༡ཉིན།

༄༅།།བཙན་པོ་སོ་ལྔའི་བང་སོ།

སྟོད་ཀྱི་སྟེང་གཉིས་ཀྱི་བང་སོ།

གྲི་གུམ་བཙན་པོ་དང་སྤུ་དེ་གུང་རྒྱལ་གཉིས་ལ་སྟོད་ཀྱི་སྟེང་གཉིས་ཟེར་ཞིང་། དེ་གཉིས་ཀྱི་བང་སོ་ནི《མཁས་པའི་དགའ་སྟོན》 དུ་སྟེང་གཉིས་བང་སོ་རྫ་དང་གཡའ་ལ་བཏབ”ཅེས་པ་དང་། 《རྒྱལ་རབས་གསལ་བའི་མེ་ལོང》དུ“སྟེང་གཉིས་བང་སོ་གཡའ་དང་སྤང་ལ་བཏབ།  ཅེས་པ་ཅུང་ཟད་མི་འདྲ་བར་འབྱུང་ཡང་། གང་ལྟར་རི་བོའི་མཐོ་སར་བཏབ་ཡོད་པར་བཤད་པ་འདྲའོ།

ས་ཡི་ལེགས་དྲུག་གི་བང་སོ།

ཨེ་ཤི་ལེགས་དང་། དེ་ཤོ་ལེགས། ཐི་ཤོ་ལེགས། གུ་རུ་ལེགས། འབྲོང་ཞི་ལེགས། ཨི་ཤོ་ལེགས་བཅས་ལ་ས་ཡི་ལེགས་དྲུག་ཟེར་ཞིང་། དེ་དག་གི་བང་སོ་ནི་གཡའ་དང་སྤང་གི་མཚམས་སུ་བཏབ་ཅིང་། སྤང་ལ་འཇའ་ཚོན་རྒྱས་པ་འདྲའོ་ཞེས་གྲགས།

ལྡེ་བརྒྱད་ཀྱི་བང་སོ།

ཟ་ནམ་ཟིན་ལྡེ་དང་། ལྡེ་འཕྲུལ་ནམ་གཞུང་བཙན། སེ་སྣོལ་གནམ་ལྡེ། སེ་སྣོལ་པོ་ལྡེ། ལྡེ་སྣོལ་ནམ། ལྡེ་རྣོན་པོ། ལྡེ་རྒྱལ་པོ། ལྡེ་སྤྲིན་བཙན་བཅས་ལ་བར་གྱི་ལྡེ་བརྒྱད་ཟེར་ཞིང་། དེ་རྣམས་ཀྱི་བང་སོ་ནི་ཆུ་བོའི་གཞུང་ལ་བཏབ་སྟེ། མཚོ་ལ་ཁ་བ་བབས་པ་འདྲའོ་ཞེས་གྲགས།

ཙན་ལྔའི་བང་སོ།

  བཙན་ལྔའི་བང་སོ་འཕྱིང་ཡུལ་དུ་བཏབ་ཅིང་། སའི་ཕུང་པོ་སྤུངས་ནས་སྦྲ་ཕུབ་པ་ལྟ་བུའི་བང་སོ་བཏབ་པར་གྲགས། འདིར་སྔོན་བྱོན་གྱི་མཁས་པ་ལོ་རྒྱུས་སྨྲ་བ་རྣམས་ལ་བཞེད་ཚུལ་མི་མཐུན་པ་མཆིས་པ་ནི། རྒྱལ་ཏོ་རི་ལོང་བཙན་དང་། ཁྲི་བཙན་ནམ། ཁྲི་སྒྲ་དཔུང་བཙན། ཁྲི་ཐོག་རྗེ་མཚན། ལྷ་ཐོ་ཐོ་རི་གཉན་བཙན་བཅས་ལ་འོག་གི་བཙན་ལྔ་ཟེར་བ་ནི《མཁས་པའི་དགས་སྟོན》དང《དེབ་ཐེར་སྔོན་པོ》《དཔྱིད་ཀྱི་རྒྱལ་མོའི་གླུ་དབྱངས》སོགས་ཀྱི་བཞེད་པ་མཚུངས་ཤིང་། 《རྒྱལ་རབས་གསལ་བའི་མེ་ལོང》དུ། ཁྲི་བཙན་ནམ་དང་། ཁྲི་སྒྲ་དཔུང་བཙན། ཁྲི་ཐོག་རྗེ་བཙན་བཅས་གསུམ་ལ་འོག་གི་བཙན་གསུམ་ཟེར་ཏེ“བཙན་གསུམ་བང་སོ་གངས་དཀར་རྩེ་ལ་བཏབ། དེ་ཡང་གངས་ལ་ན་བུན་ཆགས་པ་འདྲ”ཅེས་ཞེས་བཙན་གསུམ་དུ་འདོད་ཅིང་། ལྷ་ཐོ་ཐོ་རི་གཉན་བཙན་ལོགས་སུ་འཆད་འདུག་པས། གནད་འགག་ནི་རྒྱལ་ཏོ་རི་ལོང་བཙན་མི་འབྱུང་བས་ན། རྩོམ་པ་པོ་འཁྲུལ་བའམ་ཡང་ན་འབྲི་བཤུ་དང་པར་བརྐོས་སོགས་ཀྱི་སྐབས་སུ་ཆད་པ་འདྲ་ཡིན་ནམ་སྙམ། གང་ལྟར་མི་མཐུན་པ་ཞིག་འདུག བློ་ལྡན་རྣམས་ཀྱིས་དཔྱད་པར་འཚལ།

          ཅ། ཁྲི་གཉན་གཟུང་བཙན་གྱི་བང་སོ།

བཙན་པོ་དེ་ཉིད་ཀྱི་བང་སོ་དོན་མཁར་མདའ་རུ་བརྩིགས་ཤིང་། དེ་ནི་འཕུལ་མེད་པ་ས་ཕུང་བརྡལ་བ་སྟེ་བཀྲམ་པ་ལྟ་བུའི་བང་སོའོ།

 ཆ། འབྲོ་གཉན་ལྡེའུའི་བང་སོ།

 བཙན་པོ་དེ་ཉིད་ལ་ཀླུ་ནད་དམ་མཛེ་ནད་བྱུང་བས་ཞང་མདར་བང་སོ་བརྩིགས་པར་ཡབ་ཡུམ་གསོན་པོར་བང་སོར་བཞུགས་སྐད་དོ། བང་སོའི་མིང་ལ་གསོན་མཆད་ཟླུམ་པོར་གྲགས།

 ཇ། སྟག་རི་གཉན་གཟིགས་ཀྱི་བང་སོ།

བཙན་པོ་དེ་ཉིད་ཀྱི་བང་སོ་དོན་མཁར་མདའ་རུ་བརྩིགས་ཏེ། དེ་ཡང་འཕུལ་མེད་པ་ས་ཕུང་བརྡལ་བ་ལྟ་བུའི་བང་སོའོ།

 ཉ། གནམ་རི་སྲོང་བཙན་གྱི་བང་སོ།

བཙན་པོ་དེ་ཉིད་ཀྱི་བང་སོ་ནི་གྲུ་བཞིར་བརྩིགས་ཤིང་། མིང་དུ་གུང་རི་སོགས་ཀར་བཏགས་པར་གྲགས།

ཏ། སྲོང་བཙན་སྒམ་པོའི་བང་སོ།

བང་སོའི་དཀར་ཆག་ནང་།“སྲོང་བཙན་གྱི་བང་སོ་མཆིང་ཕུར་བཏབ། ཕྱི་དབྱིབས་གྲུ་བཞི། ནང་དུ་རེའུ་མིག་དགུ། ལྷ་ཁང་ལྔ། དབུས་སུ་རིང་ཚད་ཁྲེ་ཙེ་བརྒྱད་ཙམ་ཡོད་པའི་བྱུ་རུའི་སྡོང་པོ་རྒྱུན་བཀང་གི་མཚོན་བྱེད་དུ་བྱས། ཟུར་བཞིའི་མཆོད་ཁང་རིན་པོ་ཆེ་སྣ་ཚོགས་ཀྱིས་བཀང་། ནང་སྐྱ་རྡོ་ལེབ་གྲུ་བཞི་མ་ཀུན་ནས་བསྒྲིགས་པ། ཕྱི་སྐྱ་གྱང་ས་མཐུག་པོ་བསླངས། བང་སོའི་སྒོ་མོ་ནུབ་ལ་གཏད། བང་སོའི་ཕྱིར་ས་སྨུག་པོ་དང་རྡོ་ཧྲུག་གིས་བཤབ་ནས་དེའུ་འབུར་ཞིག་ཏུ་གྱུར། མུ་མཐའ་སོ་སོར་ཞེང་ཚད་གོམ་པ་བརྒྱ་ལྷག་ཙམ་དང་མཐོ་ཚད་གཞུ་འདོམ་བཅུ་གཉིས་ཙམ་ཡོད། བང་སོའི་ཡང་སྟེང་དུ་ལྷ་ཁང་ཆུང་ངུ་བཞེངས”  ཞེས་འཁོད་འདུག ཡང་དེ་ཉིད་ལས།  སྲོང་བཙན་བང་སོ་འཕྱོང་ཕུའི་མདའ་རུ་ཡོད། ། ཆེ་ཆུང་ཚད་ནི་དཔའ་ཆེན་མདའ་རྒྱང་གང༌།། ཞེང་གི་ཚད་ནི་ཉང་གི་རྡོ་རྒྱང་གང༌། ། ནང་ན་ལྷ་ཁང་ལྔ་ཡང་བཞུགས་སུ་གསོལ།། བང་སོ་ནང་རྒྱན་ཅན་དུ་གྲགས་པ་ཡིན།། གསང་བའི་མཚན་ནི་སྨུ་རི་སྨུག་པོ་ཞེས།། འཛམ་བུ་གླིང་གི་ནོར་ཕུད་ལན་གསུམ་བསྡུས། །ཞེས་གསུངས་པས་འཕྱོང་བོའི་མདའ་རུ་བརྩིགས་པའི་བང་སོ་ལས་ཆེ་བ་སྔ་བ་སྲོང་བཙན་གྱི་བང་སོ་ཡིན་ཞིང་མིང་གཞན་ལ་བང་སོ་དམར་པོ་ཞེས་ཀྱང་བྱ། ཁ་དོག་གི་ངོས་ནས་བཤད་ན་མདོག་དམར་པོ་ནི་བོད་རིག་པས་འདོད་པའི་ཞི་རྒྱས་དབང་དྲག་གི་ལས་བཞི་ལས་དབང་གི་ལས་མཚོན་ཞིང་། བཙན་པོ་སྲོང་བཙན་སྟོབས་ཀྱི་འཁོར་ལོའི་བསྒྱུར་བའི་རྒྱལ་པོ་ལྟ་བུ་ཞིག་ཡིན་པར་མཚོན་པར་སེམས།

ཐ། གུང་སྲོང་གུང་བཙན་གྱི་བང་སོ།

བཙན་པོ་དེ་ཉིད་ཀྱི་བང་སོ་ནི་དོན་མཁར་མདའ་རུ་བརྩིགས་ཤིང་། གྲལ་ནི་གནམ་རི་སྲོང་བཙན་གྱི་བང་སོའི་གཡོན་ན་ཡོད་དེ། བང་སོའི་མིང་ལ་གུང་ཆེན་རི་ཞེས་བཏགས་པར་གྲགས།

ད། ཁྲི་མང་སྲོང་མང་བཙན་གྱི་བང་སོ།

བཙན་པོ་དེ་ཉིད་གཙང་གི་བར་སྣང་སྒང་དུ་འདས་ནས། བང་སོ་སྲོང་བཙན་གྱི་བང་སོའི་གཡོན་དུ་བརྩིགས་ཤིང་། ནང་དུ་རིན་ཆེན་ནོར་གྱིས་བཀང་སྟེ། མིང་ལ་སྔོ་གཞེར་ཧྲལ་པོ་བཏགས་པར་གྲགས།

ན། ཁྲི་འདུས་སྲོང་གི་བང་སོ།

བཙན་པོ་དེ་ཉིད་འཇང་གི་ཡུལ་དུ་འདས་ནས་བང་སོ་ཁྲི་མང་སྲོང་མང་བཙན་གྱི་བང་སོའི་གཡོན་དུ་བརྩིགས་ཤིང་། མིང་ལ་ལྷ་རི་ཅན་ཞེས་བཏགས་པ་དང་། བང་སོ་དེ་ལ་ལྕགས་རི་ཡོད་པ་ཧོར་གྱི་མི་སྡེས་བརྩིགས་པར་གྲགས། འདིར་ཧོར་གྱི་མི་སྡེ་ཞེས་པའི་ཧོར་ནི་ལི་ཡུལ་དང་། གྲུ་གུ་སོགས་ལ་གོ་དགོས་ཤིང་། དེར་བལྟས་ན་དེའི་དུས་ནས་བོད་དང་མི་རིགས་དེ་དག་བར་གྱི་འབྲེལ་བ་དམ་པོ་ཡོད་པས་མ་ཚད་ཁོ་ཚོས་ཁྲི་འདུས་སྲོང་ལ་བརྩི་བཀུར་ཆེན་པོ་བྱེད་པར་མངོན།

པ། ཁྲི་ལྡེ་གཙུག་བརྟན་གྱི་བང་སོ།

ཁྲི་ལྡེ་གཙུག་བརྟན་ཏེ་མེས་ཨག་ཚོམ་ནི་ཡར་འབྲོག་སྦ་ཚལ་མཁར་དུ་འདས་ཤིང་། བང་སོ་མུ་ར་རི་ལ་བརྩིགས་ཏེ། ཁྲི་འདུས་སྲོང་གི་བང་སོའི་གཡོན་ན་ཡོད་ཅིང་། མིང་ལ་ལྷ་རི་གཙུག་ནམ་ཞེས་བྱ་བར་བཏགས་ཞེས་གྲགས།

ཕ། རྒྱལ་པོ་ཁྲི་སྲོང་ལྡེ་བཙན་གྱི་བང་སོ།

 རྒྱལ་པོ་དེ་ཉིད་འཚོ་བཞུགས་ཀྱི་སྐབས་ནས། རྒྱལ་སྲིད་ལྷ་སྲས་ཐུ་བོ་མུ་ནེ་བཙན་པོ་ལ་གཏད་དེ། རང་ཉིད་ཟུར་མཁར་སྨྱུག་མའི་ཚལ་དུ་བྱོན་ཏེ་བཞུགས་སྐབས་འདས་ཤིང་། བང་སོ་མུ་ར་རི་ལ་བརྩིགས་ཏེ། གྲལ་ནི་ཡབ་མེས་ཨག་ཚོམ་གྱི་བང་སོའི་རྒྱབ་ངོས་གཡས་ན་ཡོད་ཅིང་། གཞན་དང་མི་འདྲ་བའི་ཁྱད་ཆོས་ནི། བང་སོ་དེ་བཙན་པོ་རང་ཉིད་མ་འདས་གོང་ནས་བརྩིགས་པ་ཞིག་ཡིན་ཞིང་། ནང་དུ་གསེར་དངུལ་རིན་ཆེན་གྱིས་བཀང་སྟེ། མིང་ལ་འཕྲུལ་རི་གཙུག་སྣང་ཞེས་བྱ་བར་བཏགས། ལྷག་པར་དུ་བང་སོ་དེའི་རྩ་བར་རྡོ་རིང་ཡི་གེ་ཅན་ཞིག་ཀྱང་བཙུགས་པར་གྲགས།

བ། མུ་ནེ་བཙན་པོའི་བང་སོ།

བཙན་པོ་དེ་ཉིད་ཕོ་བྲང་ཡུམ་བུར་འདས་ཤིང་། བང་སོ་ནི་མེས་ཨག་ཚོམ་གྱི་བང་སོའི་གཡས་ངོས་མདུན་དུ་བརྩིགས་ཤིང་། མིང་ལ་ལྷ་རི་ལྡེམས་པོ་ཞེས་བཏགས་པར་གྲགས།

མ། ཁྲི་ལྡེ་སྲོང་བཙན་གྱི་བང་སོ།

ཁྲི་ལྡེ་སྲོང་བཙན་ཏེ་སད་ན་ལེགས་མཇིང་ཡོན་གྱི་བང་སོ་ནི། བཙན་པོ་དེ་ཉིད་སྦྲགས་ཀྱི་ཕུར་འདས་ཤིང་། བང་སོ་ཁྲི་འདུས་སྲོང་གི་བང་སོའི་མདུན་དུ་བརྩིགས། ཡུམ་གྱི་ཆག་གང་བསྐོངས་བས་ནངས་ཀྱི་མཐོ་ཟེར། ནང་དུ་རིན་ཆེན་ནོར་གྱིས་བཀང་སྟེ། མིང་ལ་རྒྱལ་ཆེན་འཕྲུལ་རི་ཞེས་བཏགས་པར་གྲགས།

ཙ། ཁྲི་གཙུག་ལྡེ་བཙན་གྱི་བང་སོ།

ཁྲི་གཙུག་ལྡེ་བཙན་ཏེ་རྒྱལ་པོ་ཁྲི་རལ་པ་ཅན་ནི། མལ་གྲོ་ཞམ་པའི་ཕོ་བྲང་དུ་བཀྲོངས་ཤིང་། བང་སོ་དོན་མཁར་མདའི་གཡོན་ཟུར་དུ་བརྩིགས་ཏེ་ནང་དུ་རིན་ཆེན་ནོར་གྱིས་བཀང་། མིང་ལ་ཁྲི་སྟེང་རྨང་རི་ཞེས་བཏགས་པར་གྲགས།

 ཚ། རྒྱལ་པོ་གླང་དར་མའི་བང་སོ།

 དར་མ་འུ་དུམ་བཙན་ལྷ་ལུང་དཔལ་གྱི་རྡོ་རྗེས་ལྷ་སར་བཀྲོངས་ཏེ་བང་སོ་ཁྲི་འདུས་སྲོང་གི་བང་སོ་དང་སད་ན་ལེགས་མཇིང་ཡོན་གྱི་བང་སོའི་བར་དུ་བརྩིགས། མིང་ལ་བང་རིམ་འཁོར་ལོ་ཅན་ཞེས་བཏགས་ཏེ་རྩིག་འཕྲོར་ལུས་པར་གྲགས།


མདོར་ན་རྗེ་གྲི་གུམ་བཙན་པོ་ནས་གླང་དར་མའི་བར་དུ་སྟོད་ཀྱི་སྟེང་གཉིས། ས་ལ་ལེགས་དྲུག བར་གྱི་ལྡེ་བརྒྱད། འོག་གི་བཙན་ལྔ། སྐྱིད་པའི་གདུང་རབས་བརྒྱད། ཤིན་ཏུ་སྐྱིད་པའི་གདུང་རབས་ལྔ། སྨད་ཀྱི་སྟེང་གཅིག་བཅས་བཙན་པོ་སུམ་ཅུ་སོ་ལྔ་རིམ་པར་བྱོན་པ་ཀུན་ལ་བང་སོ་མཆིས་ཀྱང་། དེ་དག་དུས་སྐབས་དང་སོ་སོའི་མཛད་འཕྲིན་ཆེ་ཆུང་སོགས་ལ་བརྟེན་ནས་ཁྱད་ཆོས་མི་འདྲ་བ་དུ་མ་སྣང་སྟེ། 《མཁས་པའི་དགའ་སྟོན》 དུ“ སྟེང་གཉིས་བང་སོ་རྫ་དང་གཡའ་ལ་བཏབ”ཅེས་རི་སྒང་གི་ཆེས་མཐོ་སར་བཏབ་པ་དང་། “ལེགས་དྲུག་བང་སོ་གཡའ་སྤང་མཚམས་སུ་བཏབ”ཅེས་སྔ་མ་ལས་ཅུང་ཟད་ཕབ་སྟེ་བཏབ་པ་དང་། “ལྡེ་བརྒྱད་བང་སོ་ཆུ་བོའི་གཞུང་ལ་བཏབ”ཅེས་ཆུ་ནང་བསྐྱུར་པ་དང་། “བཙན་ལྔ་མན་ཆད་བང་སོ་འཕྱིང་ཡུལ་བཏབ”ཅེས་ས་འོག་ཏུ་སྤས་པ་སོགས་འདིར་བཙན་པོ་རྣམས་ཀྱི་བང་སོ་མཐོ་ས་ནས་དམའ་སར་རིམ་བཞིན་ཕབ་པའི་གོ་རིམ་མ་འཁྲུལ་པ་ཞིག་བྱུང་བ་དེ་ནི་སྟབས་ལེགས་ཀྱིས་འཁེལ་བ་ཞིག་མིན་པར། དེ་ནི་དེའི་དུས་སུ་བོན་པོའི་ཆོས་ལུགས་དར་བས། བོན་པོ་རྣམས་ཀྱིས་བཙན་པོ་རྣམས་ནི་གནམ་ནས་བབས་པའི་ལྷའི་བུ་ཡིན་ཟེར་བས་ན། བཙན་པོ་རྣམས་ཀྱི་བང་སོ་ཡང་ཐོག་མར་གནམ་ལ་བཏབ་ཟེར།དེ་ནས་རི་མཐོ་སར་བཏབ། དེ་ནས་མར་ཕབ་ནས་མཐར་ས་འོག་ཏུ་སྦས་པ་ཡིན་པར་མངོན་ནོ།བང་སོའི་བཟོ་དབྱིབས་ལ་ཡང་སྣ་ཚོགས་ཡོད་པ་ནི《མཁས་པའི་དགའ་སྟོན》 དུ“བཙན་ལྔའི་མཆད་པ་ས་ཕུང་སྦྲ་འདྲར་ཡོད། འཕུལ་མེད་མཆད་པ་གྲུ་བཞི་མི་ཤེས་སྐད”ཅེས་གྲུ་བཞི་བརྩིགས་མི་ཤེས་པས་ས་ཕུང་སྤུངས་ནས་སྦྲ་ཕུབ་པ་ལྟ་བུའི་བང་སོ་དང་། “ཁྲི་གཉན་མཆད་པ་དོན་མཁར་མདའ་རུ་བརྩིགས། དེ་ཡང་འཕུལ་མེད་ས་ཕུང་བརྡལ་བ་འདྲ”ཞེས་ཁྲི་གཉན་གཟུང་བཙན་གྱི་བང་སོ་ནི་ས་ཕུང་བརྡལ་བ་སྟེ་བཀྲམ་པ་ལྟ་བུའི་བང་སོ་དང་། “ཞང་མདའི་བང་སོ་གསོན་མཆད་ཟླུམ་པོར་གྲགས”ཞེས་འབྲོ་གཉན་ལྡེའུའི་བང་སོ་ནི་དབྱིབས་ཟླུམ་པོའི་བང་སོ་དང“བང་སོ་གྲུ་བཞིར་བརྩིགས་པ་དེ་ནས་བྱུང”ཞེས་གནམ་རི་སྲོང་བཙན་གྱི་བང་སོ་ནི་གྲུ་བཞི་མའི་བང་སོ་དང་། “བང་སོ་གྲུ་བཞིར་རེའུ་མིག་དགུ་ཅན”ཞེས་སྲོང་བཙན་སྒམ་པོའི་བང་སོ་ནི་རེའུ་མིག་དགུ་ཅན་གྱི་བང་སོ་ལ་སོགས་པའོ། དེ་དག་ཐོག་མར་སྟབས་བདེ་ཙམ་དང་། དེ་ནས་རིམ་བཞིན་ཟླུམ་པོ་དང་གྲུ་བཞི་དང་རེའུ་མིག་ཅན་སོགས་བཟོ་དབྱིབས་ངོ་མཚར་ཅན་བྱུང་བ་དེའི་ཐོག་ནས། སྐབས་དེའི་བོད་ཀྱི་སྤྱི་ཚོགས་ཀྱི་འཕེལ་རྒྱས་དེ་དུས་རིམ་ངེས་ཅན་ཞིག་གི་ཐོག་ཏུ་སླེབས་པར་མཚོན་པ་དང་། ལྷག་པར་དུ་དུས་སྐབས་དེར་བོད་ཀྱི་ས་ཆར་བཟོ་ལས་དང་ཞིང་ལས་སོགས་ཀྱི་ཐད་འཕེལ་རྒྱས་ཆེན་པོ་ཞིག་བྱུང་བ་ནི། བོད་ཡུལ་འཕྲུལ་བློན་མཛངས་པའི་མི་བདུན་གྱི་ཐོག་མར་གྱུར་པ་རུ་ལས་སྐྱེས་དེ་ཉིད་ཀྱིས་མཛངས་པའི་ལས་སུ་ཤིང་བསྲེགས་ནས་སོལ་བ་ཕུད། དེ་ཡིས་གཏེར་རྡོ་བཞུས་ནས་གསེར་དངུལ་ཟངས་ལྕགས་ཕྱུང་། ཤིང་ལ་མིག་ཕུག་སྟེ་གཤོལ་མདའ་དང་གཉའ་ཤིང་བཟོས། ས་གཞི་བརྐོས་ནས་ཕུ་ཆུ་ཡུར་དུ་དྲངས། རྨོ་ཟོག་གི་དོར་སྡེབས་ནས་སྤང་ཐང་ཞིང་དུ་རྨོས། བརྒལ་བས་མི་ཐར་བའི་ཆུ་ལ་ཟམ་པ་བཙུགས་པ་སོགས་ཐོན་སྐྱེད་ཀྱི་བྱ་བ་མགྱོགས་མྱུར་གོང་འཕེལ་བྱུང་བ་དང་། ལྷག་པར་ངོ་མཚར་བ་ཞིག་ལ། ལྕགས་རིགས་བཞུ་བར་མ་མཐར་ཡང་དྲོད་ཚད་ཏུའུ་ཉིས་སྟོང་ཡན་ལ་མེད་ན་མི་འགྲུབ་པས་རང་ཅག་གི་མེས་པོ་རྣམས་ཀྱིས་ལོ་ངོ་ཉིས་སྟོང་གི་ཡར་སྔོན་ནས་གསེར་དངུལ་ཟངས་ལྕགས་བཞུ་བའི་ལག་རྩལ་ཁོང་དུ་ཆུད་པ་དེ་ནི་མིའི་རིགས་ཀྱི་ཤེས་རིག་འཕེལ་བའི་ལོ་རྒྱུས་ཐོག་གི་འོད་ཟེར་འཕྲོ་བའི་ལེའུ་ཞིག་ལགས་སོ།

39.7K

ཐག་རག་ཡིག་བསྒྱུར་མ་ལག

དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1