གཙོ་ངོས།>> རྩོམ་རིག>>སྒྲུང་གཏམ།

རྩོམ་པ་པོ། བཙན་མི། རྩོམ་སྒྲིག་པ།དབང་ཆེན།ཡོང་ཁུངས།ཁམས་པའི་རིག་གནས་དྲ་བ། སྤེལ་དུས། ༢༠༢༡ལོའི་ཟླ་བ་༠༥ཚེས་༡༣ཉིན།

༄༅།།དཔེ་མཛོད་ཁང་གི་དཔེ་ཆ།

   ཆུ་བཟང་སྡེ་བའི་སློབ་གྲྭར་སློབ་མ་བརྒྱ་ལྷག་འདུག སློབ་གྲྭ་རུ་དཔེ་མཛོད་ཁང་གཅིག་ལས་མེད་ལ་དེའང་ཧ་ཅང་ཆུང་ཆུང་ཞིག་རེད། ནང་དུ་དཔེ་ཆ་བརྒྱ་ལྷག་ལས་མི་འདུག དཔེ་མཛོད་ཁང་དེའི་སྒོ་ཕྱེ་མཁན་ནི་རྒན་པོ་ལོ་ལོན་ཞིག་ཡིན་ལ་ཁོས་དང་ཐོག་དུས་ཚོད་ལྟར་དཔེ་མཛོད་ཁང་གི་སྒོ་ཕྱེས་ཀྱང་། རྗེས་སུ་དཔེ་ཆ་བཀླག་ཏུ་ཡོང་མཁན་གྱི་སློབ་མ་གཅིག་ཀྱང་མེད་པས་རིམ་གྱིས་རྒན་པོས་དཔེ་མཛོད་ཁང་ལ་རྒྱང་ལྟ་ཙམ་ཡང་བྱེད་ཀྱིན་མི་འདུག ནམ་རྒྱུན་རྒན་པོས་དཔེ་མཛོད་ཁང་གི་སྒོ་ཁར་རང་གི་ཨང་གྲངས་ཤོག་ལེབ་ཅིག་གི་ངོས་སུ་བྲིས་ཏེ་བཀར་ཡོད། དེ་རིང་གློ་བུར་དུ་རྒན་པོར་ཁ་པར་མང་བོ་ཞིག་འཕྲོ་རིམ་འཕྲོར་བསླེབ་བྱུང་། ཝེ། ཨ་རོ་རྒན་པོ་གང་ན་ཡོད། རེམ་མར་དཔེ་མཛོད་ཁང་དུ་ཤོག་སློབ་མ་མང་བོ་ཞིག་གིས་དཔེ་ཆ་གཡར་དགོས་པས་དཔེ་མཛོད་ཁང་གི་སྒོ་འགྲམ་དུ་སྒུག་ཡོད། ཡ་ཡ། ཁོ་རང་དེ་མར་གོམ་པ་གྱོལ་བོ་ཞིག་ལེན་གྱིན་སློབ་གྲྭའི་ནང་དུ་བསླེབས་པ་ན། དཔེ་མཛོད་ཁང་གི་སྒོ་འགྲམ་དུ་སློབ་ལྭ་གྱོན་པའི་སློབ་མ་མང་བོ་ཞིག་འདུས་ཏེ་སེམས་སུ་བྲེལ་བ་ལང་པ་འདྲ་བའི་ཚུགས་ཀའི་ཕར་འགྲོ་ཚུར་འགྲོ་བྱེད། རྒན་པོས་གློ་ཡི་ལྡེ་མིག་དེ་བླངས་ཤིང་དཔེ་མཛོད་ཁང་གི་སྒོ་ཕྱེས་པ་ན་སློབ་མ་རྣམས་ཚང་ཁ་རྒྱག་གིན་ནང་དུ་རྒྱུག་ཅིང་དཔེ་ཆ་དག་ཕར་ཀློག་ཚུར་ཀློག་བྱེད། རྒན་པོས་ཁོང་ཚོར་བལྟས་ཏེ་ཡུད་ཙམ་བསྡད་རྗེས། ལོ་ན་ཅུང་ཙམ་ཆུང་བའི་བུད་མེད་སློབ་མ་ཞིག་གི་འགྲམ་དུ་བཅར་ཏེ། ཞི་མོ། དེ་རིང་ཁྱེད་ཚོས་དཔེ་ཆ་ཅི་ཞིག་ལོན་དགོས། ཞེས་དལ་གྱིས་དྲིས། ཨ་ཁུ་དགེན་གྱིས་བཤད་ན་ཉིན་གཉིས་ཀྱི་མཇུག་ནས་གོང་རིམ་ནས་རྒྱུག་ལེན་དུ་འོང་རབས་ཟེར། དེ་བས་ང་ཚོས་སློབ་དེབ་དང་འབྲེལ་བའི་དཔེ་ཆ་འགའ་བཙལ་ནས་བཀླག་དགོས། ཞེས་ཟེར་བཞིན་ཁོ་མོས་རྒན་པོར་ལྟ་ཙམ་ཡང་མི་བྱེད་པར་རྒྱབ་ཤོག་དམར་པོ་ཅན་གྱི་དཔེ་ཆ་ཞིག་ཕར་སློག་ཚུར་སློག་བྱེད་བཞིན་འདུག སློབ་མ་དེས་དཔེ་ཆའི་ཤོག་ལྷེབ་འགའ་ཞིག་འཕྲོ་རིམ་འཕྲོར་གཡོན་པའི་མཐེབ་མཛུབ་ཀྱི་བར་ནས་མགྱོགས་པོར་བཏང་བ་ན་རྒན་པོའི་རྣ་ལམ་དུ་རྡུལ་དྲི་ཁ་བོ་ཞིག་བར་མེད་དུ་ཁྱབ་འོང་།། 

39.7K

ཐག་རག་ཡིག་བསྒྱུར་མ་ལག

དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1