གཙོ་ངོས།>> ཞིབ་འཇུག>>སྐད་ཡིག

རྩོམ་པ་པོ། སྟོབས་ལྡན། རྩོམ་སྒྲིག་པ།དབང་ཆེན།ཡོང་ཁུངས།ཀྲུང་གོའི་བོད་ལྗོངས་དྲ་བ། སྤེལ་དུས། ༢༠༢༡ལོའི་ཟླ་བ་༠༥ཚེས་༢༦ཉིན།

༄༅།།སཾ་བྷོ་ཊ་ཞེས་པའི་ཐ་སྙད་ཀྱི་བྱུང་བ་ལ་བསྐྱར་དུ་དཔྱད་པ།

བོད་ཀྱི་ལོ་རྒྱུས་སྤྱི་དང་བྱེ་བྲག་ཏུ་བོད་ཀྱི་ཡི་གེ་བྱུང་འཕེལ་ཀྱི་ལོ་རྒྱུས་གླེང་སྐབས་བོད་ཀྱི་ཡི་གེའི་བྱེད་པོ་ནི་སློབ་དཔོན་ཐོན་མི་སཾ་བྷོ་ཊ་ཞེས་ཀུན་གྱིས་རྩོད་མེད་དུ་སྨྲ་བ་ཡིན་མོད། དོན་དུ་སཾ་བྷོ་ཊ་བྱ་བའི་བརྡ་འདི་ཉིད་ཀྱི་ཚབ་ཏུ་བོད་སྔ་རབས་པའི་ཡིག་ཚང་ཁག་ཏུ་སམ་བོ་ར་ཞེས་དང་། སཾབྷོ་ཌ། སམྦྷོ་ཌ། སམ་བྷོ་ཏྲ། སམ་པོ་རེ། བསམ་པོ་ཊ། གསམ་པོ་ར། སཾ་བ་ར། བསམ་བུ་ཞེས་པ་སོགས་འབྲི་ཚུལ་ཅི་རིགས་སུ་སྣང་བ་མ་ཟད། ཐོན་མི་བྱ་བ་ལའང་མཐོན་མྱི་དང་། འགོན་མྱི། འཐོན་མྱི། ཐོན་མི། ཐུ་མི་ཞེས་ཅི་རིགས་སུ་བྱུང་བ། དེ་མིན་ཁོང་གི་མཚན་ལ་ཨ་ནུ་དང་། ཨ་ནུའི་བུ། མི་ཆུང་ཞེས་པ་ལྟ་བུ་སོགས་སྦྱར་བའང་མང་དུ་མཐོང་རྒྱུ་ཡོད། སློབ་དཔོན་ཁོང་གི་མཚན་ལ་འབོད་སྟངས་དང་འབྲི་ཚུལ་མི་འདྲ་བ་སྣ་ཚོགས་བྱུང་བ་དེ་རིགས་བྱེ་བྲག་ཏུ་ཕྱེ་ནས། དེ་དག་གི་གོ་དོན་དང་ཡི་གེའི་ཁྱད་ཆོས་སོགས་ཀྱི་སྐོར་ལ་རིགས་པ་ཞིབ་མོས་དཔྱད་བརྗོད་བྱས་པ་ཞིག་ནི་དེ་སྔ་འིན་ཏུ་ཉུང་བ་དང་། དེ་འདྲའི་གནས་ཚུལ་འོག ཡི་གེའི་བྱེད་པོ་འདི་ཉིད་ཀྱི་རིགས་རུས་ཆོ་འབྲང་དང་། འཁྲུངས་ཡུལ་སོགས་ཀྱི་སྐོར་ལའང་བཞེད་ཚུལ་མི་འདྲ་བ་མང་པོ་ཞིག་བྱུང་དང་འབྱུང་བཞིན་ཡོད་པ་མ་ཟད། དེའི་སྐོར་ལ་རིགས་པ་ཡང་དག་དང་། བདེན་པ་མཐའ་ཆོད་པའི་གཏམ་ཡིད་ཆེས་པ་ཞིག་དེ་སྔ་ཕན་སུས་ཀྱང་བཤད་དཀའ་བར་གྱུར་ཡོད། དེས་ན་འདིར་སྔོན་གྱི་ཡིག་ཚང་ཁྲོད་དུ་བྱུང་བའི་འབྲེལ་ཡོད་ལོ་རྒྱུས་དང་མཚན་མི་འདྲ་བ་སྣ་ཚོགས་ཕན་ཚུན་ཞིབ་བསྡུར་གྱིས་བརྗོད་ན། བརྗོད་བྱ་དེ་ཉིད་ཀྱི་སྐོར་ལ་གོ་དོན་མི་འདྲ་བ་ཞིག་སྐྱེ་ངེས་སྙམ།

                                                                      དང་པོ། སྔོན་གྱི་ཡིག་ཚང་ཁྲོད་དུ་བྱུང་བའི་མཚན་གྱི་རྣམ་གྲངས་སྐོར།
        ཐོན་མིའི་མཚན་གྱི་རྣམ་གྲངས་ལ་སྔོན་གྱི་མཁས་པའི་ཁྲོད་དུ་བཞེད་ཚུལ་མི་མཐུན་པ་སྣ་ཚོགས་ཤིག་ཡོད་དེ། 《ཟླ་བའི་རིགས་ཀྱི་རྒྱལ་རབས་》ལས། “གསུམ་དུ་འཛངས་པ་ནི། མཐོན་མྱིན་སམ་པོ་རེ་། །དེས་ལས་ཅི་བྱས་ཤེ་ན། །ཀ་ཀ་ཀི་ཀི་གུ་གུ་ཞབས་བསྐྱེད་བཅས། །ར་ར་རི་རི་རྩང་གི་ཡིག་མ་རོན། །ཤད་ཀྱིས་བཅད་ནས་ཚེག་གིས་སྨྲ་བར་བྱེད། །དང་པོ་དེ་ལྟར་བྱེད་པའི་ཕྱ་མཁན་ནི། །ཀ་ཀ་ཀི་ཀི་མཐོན་མྱིན་སམ་པོ་རེ། །དེའི་ཡོང་བོད་ན་ཡིག་རྩིས་མྱེད། །”①ཅེས་བོད་ཀྱི་ཡི་གེའི་བྱེད་པོ་ལ་མཐོན་མྱིན་སམ་པོ་རེ་ཞེས་བྲིས་པ་ལ་《ལྡེའུ་ཆོས་འབྱུང་བསྡུས་པ་》ལས། “གསུམ་དུ་འཛངས་པ་མཐོན་མྱི་བསམ་པོ་ཊ། །ཀ་ཀ་ཀི་ཀི་ཀུ་ཀུ་ཞབས་ཁྱུད་བྱས། །ར་ར་རི་རི་གཙང་གི་ཡིག་མ་རོ། །ཤད་ཀྱིས་བར་བཅད་ཚག་གིས་སྨྲ་བར་བྱེད། །དེའི་གོང་ན་བོད་ལ་ཡི་གེ་མེད། །”②ཅེས་བསམ་པོ་ཊ་ཞེས་ཏེ།  རེ་ཡིག་ཊ་ཡིག་ཏུ་བྲིས་པ་དང་།   《དབའ་བཞེད་》ལས། “རྒྱ་གར་གྱི་ཆོས་དང་ཡི་གེའི་དཔེ་ལེན་པར་འཐོན་མི་གསམ་པོ་ར་ལ་བཀའ་སྩལ་ཏེ་བཏང་ནས། ཡིག་མཁན་རྒྱ་གར་གྱི་ལི་བྱིན་ཞེས་བགྱི་བ་ཞིག་ཀྱང་ཁྲིད་དེ་མཆིས། ཆོས་དཀོན་མཆོག་སྤྲིན་དང་དགེ་བ་བཅུ་བཙལ་ནས་མཆིས་ཏེ། ཆོས་ནི་ཕྱིང་བའི་ཕྱག་མཛོད་དུ་ཕྱག་རྒྱས་སྩལ་ཏེ་བཞག་”③ཅེས་མིང་མཐའི་ཡི་གེ་ར་ཡིག་ཏུ་བྱས་པ་དང་། ཡང་བཅོམ་ལྡན་རིག་པའི་རལ་གྲིས། “དེང་སང་བོད་ལས་གྲགས་པའི་མིང་། །བཀའ་བཅད་ཡུལ་སྐད་འཕྲལ་སྐད་གསུམ། །བཀས་བཅད་ལའང་དང་པོ་དང་། །བར་དང་མཐའ་མ་༣མི་མཐུན། །ཆོས་བསྒྱུར་བ་ན་རྒྱལ་བློན་དང་། ། ལོ་པཎ་དང་བརྡའ་ལ་མཁས་པ་རྣམས་འདུས་ཏེ་ཡུལ་ཐ་དད་ན་མིང་དུ་མ་ཡོད་ཀྱང་འདིའི་མིང་ནི་འདིར་འཐད་དོ་ཅེས་བཀས་བཅད་པ་ནི་བཀས་བཅད་དེ་ཡང་གསུམ་མོ།  །དེ་ལ་འགོན་མི་སཾ་བ་ར་དང་། བཙན་པོ་ཁྲི་སྲོང་ལྡེ་བཙན་གྱི་དུས་དང་པོར་བྱས་པའི་འགྱུར་རྣམས་ནི་དང་པོ་བྱས་པའི་བཀས་བཅད་ཀྱིས་བསྒྱུར་སྟེ་སངས་རྒྱས་ཕལ་མོ་ཆེ་དང་ལུང་སྡེ་བཞི་དང་།  མདོ་སྡེ་ཁ་ཅིག་དང་ཤེར་ཕྱིན་གྱི་མདོ་སྡེ་ཁ་ཅིག་སྐད་བཅད་ཀྱིས་གཏན་ལ་ཕབ་པ་རྣམས་སོ་”④ཞེས་འགོན་མི་སཾ་བ་ར་ཞེས་བྲིས་པ་ལ་སྐྱོགས་སྟོན་ཀྱིས། “ཐུ་མི་ས་འབོར་དང་།  བཙད་པོ་ཁྲི་སྲོང་སྡེ་བཙན་གྱི་དུས་དང་པོར་བྱས་པའི་འགྱུར་རྣམས་ནི། དང་པོའི་བཀས་བཅད་ཀྱིས་བསྒྱུར་བ་སྟེ། སངས་རྒྱས་ཕལ་པོ་ཆེ་དང་། ལུང་སྡེ་བཞི་དང་། མདོ་སྡེ་ཁ་ཅིག་དང་ཤེར་ཕྱིན་གྱི་མདོ་ཁ་ཅིག་སྟེ། སྐད་གསར་བཅད་ཀྱིས་གཏན་ལ་མ་ཕབ་པ་རྣམས་སོ་”⑤ཞེས་འགོན་མི་ལ་ཐུ་མི་དང་། སཾ་བ་ར་ལ་ས་འབོར་ཞེས་སྔ་མའི་བཅོམ་ལྡན་རིག་རལ་གྱི་གསུངས་ལ་དག་བཅོས་དང་ཁ་སྣོན་ཅུང་ཙམ་མཛད་པ་དང་།  《ཉང་ཆོས་འབྱུང་》དུ། “དེ་ནས་ཐོན་མི་བསམ་བུ་ཞེས་པ་བློ་གསལ་ལ་ཡིད་གཞུངས་པས་མི་ཆུང་སམ་བྷོ་ཌ་ཞེས་པ་ཕ་མ་ལ་རྫས་མང་པོ་བྱིན་ནས་རྒྱལ་པོས་བཀའ་སྩལ་ཏེ་”⑥ཞེས་དང་། ས་སྐྱ་བསོད་ནམས་རྒྱལ་མཚན་གྱིས། “དེ་ནས་ཐོན་མི་ཨ་ནུའི་བུ། ཐོན་མི་སམྦྷོ་ཊ་ཞེས་པ་ཡིད་གཞུངས་པ་དབང་པོ་རྣོ་བ། ཡོན་ཏན་དུ་མ་དང་ལྡན་པ་ཅིག་ཡོད་པ་ལ་”⑦ཞེས་དང་།  རྒྱལ་བ་ལྔ་པ་ཆེན་པོས། “ཐོན་མི་ཨ་ནུའི་བུ་སམྦྷོ་ཊ་བྲན་དང་བཅས་པར་གསེར་ཕྱེ་བྲེ་གང་དང་གསེར་གྱི་པ་ཊ་སོགས་རིག་བྱེད་སྨྲ་བའི་སྟོན་པ་ཡིད་རང་དབང་དུ་བྱེད་པའི་དངོས་པོ་དང་བཅས་ནས་འཕགས་ཡུལ་དུ་ཡི་གེ་སློབ་པར་བཀས་གནང་སྟེ་”⑧ཞེས་ཏེ། ཨ་ནུའི་བུ་ཞེས་བྲིས་ཡོད་ཀྱང་། བོད་ཀྱི་ཡི་གེའི་ཕྱི་མོ་《རྟགས་ཀྱི་འཇུག་པའི་གཞུང་》ལས། “ཅེས་ཕྱྭ་ཀ་ར་ཎའི་རྩ་བ་སུམ་ཅུ་པ་དང་། རྟགས་ཀྱི་འཇུག་པ་གཉིས་སློབ་དཔོན་ཨ་ནུས་མཛད་པ་རྫོགས་སོ་”⑨ཞེས་སྔ་མའི་ཨ་ནུའི་བུ་བྱ་བའི་ཚབ་ཏུ་ཨ་ནུ་ཞེས་བྱུང་། འདི་ལ་བསམས་ན། བཙན་པོ་སྲོང་བཙན་གྱི་སྐུ་དུས་སུ་རྒྱ་གར་དུ་ཡི་གེ་སློབ་པར་བཏང་བ་ནི་ཨ་ནུའི་བུ་དང་།  བོད་ཀྱི་ཡི་གེ་དང་ཡི་གེའི་ཕྱི་མོ་མཛད་པ་པོ་ནི་ཨ་ནུ་སྟེ། དེ་གཉིས་གང་ཟག་གཉིས་སུ་འདོད་དགོས་པར་སྙམ་ཞིང་། དེ་ལྟར་ན། མགར་ཁྲི་འབྲིང་བཙན་བྲོད་ལ་སྟོང་བཙན་གྱི་བུ་དང་།  ཞང་སྣང་ལ་ཙེང་སྐུའི་བུ། ངག་རེ་ཆུང་ལ་ཟུ་ཙེའི་བུ་ལྟ་བུར་འབོད་དགོས་པར་འགྱུར། དེ་མིན་སྟག་ཚང་དཔལ་འབྱོར་བཟང་པོས། “འཐོན་མི་ཨ་ནུའི་བུ་སམ་བྷོ་ར་མི་ཆུང་བྱ་བ་དེ། བློ་གསལ་བས། གསེར་བསྐུར་ནས་རྒྱ་གར་དུ་ཡི་གེ་དང་།  ཆོས་སློབ་པ་ལ་བཏང་”⑩ཞེས་ཏེ། བོད་སྔ་རབས་ཀྱི་ཡིག་ཚང་རྣམས་སུ་བོད་ཀྱི་ཡི་གེའི་མཁན་པོ་ལ་མཚན་གྱི་འདོགས་ཚུལ་འདྲ་མིན་སྣ་ཚོགས་ཤིག་ཡོད་པ་ལ་གཞི་བཅོལ་བ་དང་སྦྲགས། ཁོང་རང་ཉིད་ཀྱི་བློ་གྲོས་ཀྱི་འཇུག་པ་ཆེས་ཆེར་བསྐྱེད་དེ་འཐོན་མི་དང་།  ཨ་ནུ། སཾ་བྷོ་ར། མི་ཆུང་ཞེས་པ་སོགས་དཀྱུས་གཅིག་ཏུ་བསྡེབས་ནས་བཀོད་ཡོད། དེ་ནི་ཐོན་མིའི་མཚན་གྱི་རྣམ་གྲངས་ཀྱི་རྙོག་གྲ་ལས་གཡོལ་ཕྱིར་ཡིན་ནམ་སྙམ།
                                                                       གཉིས་པ། སྔོན་གྱི་ཡིག་ཚང་ལས་སམ་བོ་ར་བྱ་བ་ཕྱིས་སུ་སཾ་སྟོ་ཊར་འགྱུར་བའི་སྐོར།
        གོང་གསལ་དཔེ་མང་དུ་དྲངས་པ་དེ་དག་གིས་བོད་ཀྱི་ཡི་གེའི་བྱེད་པོ་ལ་བོད་དང་ལེགས་སྦྱར་སོགས་ཀྱི་མཚན་འདོགས་ཚུལ་མང་པོ་ཞིག་བྱུང་ཡོད་པ་རྟོགས་ཐུབ་ནའང་། དེ་དག་རེ་རེ་བཞིན་ལ་རྒྱུ་མཚན་ཟབ་མོས་གསལ་ཁ་གཏོད་པ་ཞིག་ཧ་ལམ་མེད་པའི་ཚོད་དུ་སྣང་། དེང་སང་ནི་བོད་ཀྱི་ཡི་གེའི་བྱེད་པོ་ལ་སཾ་བྷོ་ཊ་ཞེས་ཀུན་ལ་ཡོངས་སུ་གྲགས་མོད། སཾ་བྷོ་ཊ་བྱ་བ་འདི་ལ་སྔོན་གྱི་བརྡ་དང་ཡི་གེ་རྙིང་པ་དག་ཏུ་སམ་བོ་ར་ཞེས་བྱུང་ཞིང་། དེ་ལྟར་ཡི་གེ་འབྲི་སྟངས་མི་འདྲ་བ་གཉིས་བྱུང་བ་ལ་རིགས་བྱེ་བྲག་ཏུ་ཕྱེ་ནས་བློ་ངོ་ལ་ཤོང་བདེ་བ་ཞིག་དེ་སྔ་སུས་ཀྱང་བཀྲལ་མེད།
                                                                                གཅིག སམ་དང་སཾ་གཉིས་ཀྱི་ཡི་གེའི་འགྱུར་བ།
        འདི་ལ་《ཞྭ་ལྷ་ཁང་གི་རྡོ་རིང་ཡི་གེ་》ལས། “གཞན་གྱྀས་མནྡ་ཏཾ། སྟཾ་ལས་ཆད་ན། བྐ་ནོན་བླ་ནས་མཛད་པ་དྔ། ཉེས་ཡྔ་དག་པ་མ་ཡྀན་ན། འཕྲ་མ་མྱི་གསྩན། སྟཾས་ལས་མྱྀ་གཅད་པ་དྔ། སྣང་བཟྔ་འདུས་ཀྔོ་གི་བུ་ཚ་འཕེལ་རྒྱུད། ལ་ལ་ཞྀག་གིས་སྐུ་དང་ཆབ་སྲིད་ལ་ང་རིངས་སཾ། ཉེས་པ་གཞན་ཞྀག་བྱས་ན་ཡྔ། གང་གྀས་ཉྶེ་པ་ལ་རྨ་”⑾ཞེས་པ་ལྟ་བུ་མཐའ་རྟེན་གྱི་མ་ཡིག་འགའ་ཞིག་ནི་སྟེང་དུ་ང་རོའི་ཚུལ་དུ་བྲིས་པ་དང་། 《ལྷ་བླ་མ་ཡེ་ཤེས་འོད་ཀྱི་རྣམ་ཐར་》ལས། “བརྒྱད་སྟོང་བ་ལ་སྲང་ལྔ། སླད་མ་མདོ་སྡེ་གན་ལ། བཾ་པོ་གསུཾ་ཡནད་པའི་སྡེ་ཆེ་བ་ལ། བཾ་པོ་རེ་རེ་ལ་ཞོ་ཕྱེད་༢་༢  དེ་མན་ཆད་བཾ་ཞོ་ཐང་དུ་བཙལ་”⑿ཞེས་དང་།  《རྦ་བཞེད་》ལས། “ལྷ་ས་དང་བསཾ་ཡས་ལསོགས་པ་མཁས་བཙུན་བཏངས་འབུལ་གྱི་གྲ་དྲུག ཡེར་པ་དང་མཆིམས་ཕུ་ལསོགས་པ་སྒོམ་གྲ་༡༢ཏེ་ཆོས་གྲ་ཆེན་པོ་སུམ་བཅུར་ཆོས་ཀྱི་ཁོས་ཆེན་པོ་བཤཾས་ཤིང་། དམ་པའི་ཆོས་ཐཾད་སྐད་གསར་བཅད་ཀྱིས་བཅོས་ཤིང་གཏན་ལ་ཕབ་”⒀ཅེས་པ་སོགས་བམ་པོ་ལ་བཾ་པོ་དང་།  གསུམ་ལ་གསུཾ། བསམ་ཡས་ལ་བསཾ་ཡས། ཁོས་བཤམས་ལ་ཁོས་བཤཾས་ལྟ་བུ་མཐའ་རྟེན་གྱི་མ་ཡིག་རྣམས་ལེགས་སྦྱར་གྱི་ལུགས་བཞིན་དུ་བྲིས་པ་མང་ཞིང་། དེ་བཞིན་སྣར་ཐང་བའི་《སྔགས་བཀླག་ཐབས་》ལས། “ཨཱོཾ་དང་ཧཱུཾ་ནི་མ་དང་ང་། ། ཚིག་གྲོགས་དག་ལ་བལྟོས་པ་མིན། །”⒁ཞེས་ལེགས་སྦྱར་ལ་སྟེང་གི་ང་རོ་ཨཱོཾ་ལ་མ་དང་ཧཱུཾ་ལ་ང་ཡིག་ཏུ་ཀློག་དགོས་པར་བཞེད་ཀྱང་། ཏུན་ཧོང་བོད་ཡིག་ཤོག་དྲིལ་P. T.47དང་།    P. T.69ལྟ་བུ་སོགས་ཡིག་ཚགས་ཅུང་སྔ་བ་དག་ཏུ་ཨཱོཾ་ལ་ཨཱོཾའམ་དང་ཧཱུཾ་ལ་ཧུའམ་སོགས་ཤ་སྟག་ཏུ་བྲིས་ཡོད་ལ། 《ཕུ་རིའི་ཡིག་ཚངས་》སུ། “གི་ཀུ་གེ་ཀོ་ཀམ། ། ཁི་ཁུ་ཁེ་ཁོ་ཁམ། ། གི་གུ་གེ་གོ་གམ། ། ངི་ངུ་ངེ་ངོ་ངམ། །”⒂ཞེས་གསལ་བྱེད་སུམ་ཅུའི་རྗེས་སུ་ཨཱ་ལིའི་ཡི་གེ་དང་འདྲ་བར་མ་ཡིག་གི་ང་རོ་འཇུག་ཚུལ་གསལ་བ་སོགས། གོང་གསལ་དེ་དག་ལ་གཞིགས་ན། སམ་ལ་སཾ་ཡིག་ཏུ་འབྲི་བའི་ལུགས་དེ་ནི་དུས་ཕྱིས་ཀྱི་ཚེ་བྲིས་གཟུགས་རང་ལེགས་སྦྱར་ལ་དཔེ་བྱས་པ་དང་། སྒྲ་ནི་བོད་རང་གི་ཁྱད་ཆོས་སུ་བྱས་ཏེ། མ་ཡིག་གི་ཀློག་ཁོ་ན་ཉིད་དུ་འབྱིན་པར་མཐོང། དེང་སང་ཡང་ཁ་ཅིག་གིས་སྣ་ལྡན་གྱི་ཡི་གེ་ལ་མ་སྐོང་ཅན་ཞེས་འབོད་པ་        འདི་ཡང་ཆེས་གནའ་དུས་ཀྱི་ཡི་གེའི་ཁྱད་ཆོས་ཁ་ཤས་མ་ཉམས་པར་སྐད་ལ་རང་ཆས་སུ་གནས་པའི་རྟགས་སུ་མངོན།
                                                                                   གཉིས། བོ་དང་སྟོ་གཉིས་ཀྱི་ཡི་གེའི་འགྱུར་བ།
        《ཆབ་མདོ་བྲག་གཡབ་ལྡན་མའི་བྲག་བརྐོས་ཡི་གེ་》ལས། “སྐུ་བླ་དང་།  དར་མ་གཉན་པ་འདིའ་ལ། ཕྱག་འཚལ་ཞྀང་མཆོད་པ། བྱས་ན་”⒃ཞེས་དང་།  《ཡུལ་ཤུལ་པེེ་ཁོག་བྲག་བརྐོས་ཡི་གེ་》ལས། “དགེ་སློང་ལོ་ཆེན་ཡེ་ཤེས་དབྱངས་ཀྱྀས་བགྱིསྟེ། བཟོ་བོ་དགེ་སློང་རྀན་སྣང་མཛད་དང་རྒྱལ་བཟང་དང་དཔལ་ལྡན་དང་ལག་དཔོན་ཐམས་ཅད་དགེ་ལེགས་སུ་བྱེད་པ་གཙུག་ནས་བླ་ལ་མྱོ་སྟོབས་ལྡན་རྣམ་སྡེ། །བྲག་ལ་སྐུ་གཟུགས་དང་དར་མ་འདི་རྣམས་བྲིས་པ་དང་”⒄ཞེས་པ་དང་། ཡང་། ཏུན་ཧོང་ཤོག་དྲིལ་P. T. 134སྟེ།《བཙན་པོ་ལྷ་སྲས་འྭུའ་དུན་བརྟན་ཀྱྀ་སྐུ་ཡོན་དུ་བསྔོ་བའྀ་སྨོན་ལཾ་དུ་གསོལ་པཱ་》ལས། “དཀོན་མཆོག་གསུཾ་གྱྀ་མཆོད་རྟེན་དང་།  ། སྐུ་གཟུགས་དང་།  གཙུག་ལག་ཁང་དང་།  དར་མ་ལ་སྩོགསྟེ། བཤྀག་ཅྀང་དྲལ་པ་དང་།  དགེ་འདུན་ཀྱྀ་བཤེས་ཉེན་ཕྲལ་བ་དྔ། ཚེ་རབས་གྱྀ་ཤ་མཁོན་གྱྀ་བུ་ལོན་དང་།  སེམས་ཅན་ཆེ་ཕྲ་བཀུཾ་བ་ལ་སྩོགསྟེ་”⒅ཞེས་པ་སོགས་དྷརྨ་ལ་དར་མ་ཞེས་བྲིས་པ་དེ་བོད་བཙན་པོའི་དུས་སུ་བྱུང་བའི་ཡིག་རྙིང་དག་ན་བགྲངས་ཀྱིས་མི་ཆོད་པ་མ་ཟད། ཏུན་ཧོང་ཤོག་དྲིལ་P.T.69Vལས། “ན་མོ་འབོ་ཐ་ཡ། ན་མོ་དར་མ་ཡ་། སང་འག་ཡ་རད་ན་ཏྲ་ཡ་། བ་ག་བ་ཏེ། བ་ཙེ་ར་པྲ་མ་རྟི་ཏ་ཐ་ག་ཏ། ཨ་ར་ཧད་ཏེ་”⒆ཞེས་བྱུང་བ་ལྟར། དེང་སང་བུདྷ་ཞེས་འབྲི་བ་ལ་འབོ་ཐ་དང་། དྷརྨ་ལ་དར་མ། སང་གྷ་ལ་སང་འག་ལྟ་བུ་སྒྲ་ལྕི་བར་འབྲི་བའི་མཐུག་པོའི་ཡི་གེ་གྷ་དྷ་བྷ་ཛྷ་ལྔ་ལ་སྔོན་གྱི་དུས་སུ་ག་ད་ཌ་ད་ཛ་སོགས་སུ་བྲིས་པ་མཐོང་ཐུབ། ཤོག་དྲིལ་ཡིག་རྙིང་འགའ་ཞིག་ཏུ་དེ་ལས་ལྡོག་སྟེ་མཐུག་པོའི་ཡི་གེ་རེ་རེ་ལ་ཧ་བཏགས་པ་མ་ཟད། རྙྷེད་དང་། རྫོགས་སྷོ་ལྟ་བུ་ལའང་ཧ་ཡིག་འབྲི་བའི་སྲོལ་ཞིག་དར་ཡོད། སྲོལ་འདི་རིགས་ལ་སྟག་ཚང་ལོ་ཙཱ་བས་བཅོམ་ལྡན་རིག་རལ་གྱི་རྗེས་སུ་འབྲངས་ནས། “བཀས་བཅད་གསུམ་པས་ད་དྲག་དང་ཧ་སྒྲ་བཞག་པ་ནི། མི་ཐོབ་ནས་བཞག་པ་མིན་གྱི། རྟགས་འཇུག་ཏུ་ཕོ་ཡིས་ཕོ་ཡི་མིང་མཐའ་དྲངས། །ཞེས་སོགས་བཤད་པས་ཕ་རོལ་ཏུ་ཞེས་པ་ལ་ཕ་རོལད་ཏུ་ཞེས་དང་། ཕྱིན་པ་ལ་ཕྱིནད་པ་ཞེས་མི་འདྲི་ཞིང་མི་ཀློག་པ་སོགས་བྱེད་པ་གཞིར་བྱས་ནས། ད་ཡིག་མང་པོ་ཞིག་བཞག་པས་ཚེགས་ཆུང་ཞིང་། ཡི་གེ་ཉུང་བར་གཟིགས་པས་ཡིན་”⒇ཞེས་ལོ་ཙཱ་བ་ཆེན་པོ་རིན་ཆེན་བཟང་པོའི་དུས་ཙམ་ནས་ཧ་ཡིག་བཞག་པར་བཞེད་མོད། དོན་དངོས་སུ་དུས་རབས་བཅུ་གཅིག་པའི་ཕྱིས་སུ་བྱུང་བའི་ཡིག་ཚང་དག་ན་ཡང་འཇུག་ད་ཡིག་དང་ཧ་ང་རོ་ལ་འབྲི་བའི་སྲོལ་ཤིན་དུ་རྒྱུགས་ཆེ་སྟེ། དཔེར་ན་《རྦ་བཞེད་ཞབས་བཏགས་མ་》ལས། བན་དྷེ་བློ་གྲོས་དབང་ཕྱུག བན་དྷེ་དཔལ་གྱི་ལྷུན་པོ། བན་དྷེ་ལྷའི་ཟླ་བ། བན་དྷེ་བཟང་སྐྱོང་། བན་དྷེ་དགེ་བའི་དཔལ། བན་དྷེ་རིན་ཆེན་འཚོ། བན་དྷེ་ཆོས་གྲུབ། བན་དྷེ་རྣམ་པར་མི་རྟོག་པ། བན་དྷེ་ཡེེསྡེ་﹙21﹚ཞེས་སོགས་བྱུང་བ་ལྟ་བུ་དང་། རྔོག་ལོ་ཙཱ་བའི་དག་ཡིག་ཏུ། རྙེད་ལ་རྙྣྷེད་ཅེས་བྲིས་པ་དང་། ཚལ་པའི་《དེབ་དམར་》དུ། “ལོ་ཙཱ་བ་བྷེ་རོ་ཙ་ན། ཀ་བ་དཔལ་བརྩེགས། ཅོག་རོ་གླུའི་རྒྱལ་མཚན། བན་དྷེ་ཡེ་ཤེས་སྡེ་” ﹙22﹚ཞེས་བེེ་རོ་ཙ་ན་བྱ་བ་ལ་བྷེ་རོ་ཙ་ན་དང་། བན་དེ་ལ་བན་དྷེ་སོགས་སུ་བྲིས་པ་ལྟ་བུ་ཡིན། དེ་དག་ལ་བསམས་ན། བོ་ལ་བྷོ་ཞེས་ཧ་བཏགས་པ་འདི་ཕྱིས་ཀྱི་ཡི་གེའི་ཁྱད་ཆོས་ཤིག་ཡིན་པ་འདྲ།
                                                                                       གསུམ། ར་དང་ཊ་གཉིས་ཀྱི་ཡི་གེའི་འགྱུར་བ།
        ར་དང་ཊ་ཕན་ཚུན་རེས་མོས་ཀྱིས་བརྗེ་བའི་སྐོར་ལ་སྣར་ཐང་ལོ་ཙཱ་བས། “རུ་ཏུ་ར་ཥ་མེ་ཡི་ཁམས། །སྤྱི་བོ་དག་ལས་སྐྱེབ་ཡིན། །”ཞེས་པའི་འགྲེལ་དུ།  “དབྱངས་རྀ་རཱྀ་གཉིས་དང་། གསལ་བྱེད་ཊ་ཋ་ཌ་ཌྷ་ཎ་དང་ར་ཥ་རྣམས་བསྟན་ཅིང་། ཡི་གེ་དེ་དག་འབྱུང་བ་མེའི་ཁམས་དང་། སྐྱེ་ཚུལ་ལྕེ་རྩེ་སྤྱི་བོའི་ཕྱོགས་སུ་སྟེང་དུ་ཡར་བཀུགས་ནས་རྐན་ལ་སྦྱར་བར་བྱས་པ་དག་ལས་གདངས་སྐྱེབ་ཡིན་”﹙23﹚ཞེས་པ་དང་། རོམ་ཟོམ་ཆོས་བཟང་གི་《སྨྲ་སྒོའི་འགྲེལ་པ་》ལས། “ཊའི་སྡེ་དང་ར་ཥ་་རྣམས་སྤྱི་བོ་ལས་འབྱུང་བ་ཡིན་ནོ་”﹙24﹚ཞེས་བྱུང་བས། སྔོན་གྱི་ཚེ་དུས་འགའ་ཞིག་ཏུ་ར་ཡིག་གི་ཀློག་འབྱིན་སྐབས་རྗེས་འཇུག་ལ་ར་དང་མིང་གཞི་ལ་ཊ་ཡིག་གི་སྒྲ་བཞིན་ཀློག་པ་མཐོང་ཐུབ། དེ་ཡང་《ཟླ་བའི་རིགས་ཀྱི་རྒྱལ་རབས་》སུ།  མངའ་རིས་པུ་རེངས་བྱ་བ་ལ་“སྤུ་ཧྲེངས་”དང་།  “སྤུ་ཧྲངས་”“སྤུ་ཏྲངས་”﹙25﹚ཞེས་ཡི་གེ་མི་འདྲ་བ་བྱུང་བ་ལ། 《རྦ་བཞེད་》དུ་“སྤུ་རངས་”﹙26﹚ཞེས་དང་། 《ལྷ་བླ་མ་ཡེ་ཤེས་འོད་ཀྱི་རྣམ་ཐར་》དུ་“པུ་རང་”﹙27﹚ཞེས་དང་།  ཡང་《ཉང་ཆོས་འབྱུང་》ལས། ཉང་བྲན་ལ་“ཉང་རན་”﹙28﹚ཞེས་དང་། 《སྔོན་གྱི་གཏམ་མེ་ཏོག་ཕྲེང་བ་》ལས། བྷོ་བྲག་ལ་“བྷོ་རག་”﹙29﹚ཅེས་པ་ལྟ་བུ་སོགས་ར་ཡིག་ཁོ་ན་བྲིས་པ་དང་།  གཞན་《རྦ་བཞེད་》ལས། “ཐེག་པ་ཆེན་པོ་མངོན་པའི་བསྟན་བཅོས་རིལ་བསྒྱུར་”﹙30﹚ཞེས་དང་།  ཏུན་ཧོང་ཤོག་དྲིལ་I.O.737Cསྟེ། 《ར་མ་ནའི་རབས་》ལས། “རྣམ་ཐོས་སྲས་ཀྱིས་རིལ་བཀུམ་ནས་”﹙31﹚ཞེས་བྱུང་བའི་རིལ་ནི་དེང་སང་ཧྲིལ་ཞེས་འབྲི་བའི་ཧ་ཡིག་ཟུར་ཉམས་པ་དང་།  དེ་བཞིན་ཞོལ་རྡོ་རིང་ལས། “བློན་སྟག་སྒྲ་ཀླུ་ཁོང་”﹙32﹚བྱ་བ་ལ་《དབའ་བཞེད་》དུ། “བློན་ཏ་ར་ཀླུ་གོང་”﹙33﹚ཞེས་ཏེ། ཏ་དང་ར་ཡིག་རྐྱང་པར་བྲིས་པ་ལྟ་བུའི་དཔེ་འདི་འདྲ་བ་དེང་སང་ཨ་མདོའི་ཡུལ་སྐད་དུ་ཨ་པྲ་ལ་ཨབ་ར་དང་།  གྲོགས་ལ་རོགས། སྦྲ་ནག་ལ་ར་ནག དུག་སྦྲུལ་ལ་དུག་རུལ་ལྟ་བུ་དང་།  ལྷ་སའི་སྐད་དུ་བྲན་ལ་རན་ཏེ། ཉང་བྲན་བྱ་བ་ལ་ཉང་རན་དུ་འདོན་པ་ལྟ་བུ་སྔ་མར་ཊ་ཡིག་ཏུ་ཀློག་པ་འགའ་ཞིག་ཕྱི་མའི་ཁྲོད་དུ་ར་ཡིག་རང་དུ་འདོན་པ་རྣམས་ཤིན་དུ་མཐུན། དེ་མིན་སྔོན་གྱི་ཚེ་ར་ཡིག་གི་སྒྲ་ཚུལ་ཇི་ལྟར་ཀློག་པའི་སྐོར་ལ་བཀའ་གཙིགས་ཀྱི་ཡི་གེ་ཞིབ་མོ་ལས། “བྱན་མོ་ན་རེ། ཞང་བློན་ཆེན་པོ་བཤུམས་པ་ཅི་ནོངས་ཟེར། ང་ལ་ནད་ཆེན་པོ་བྱུང་ངོ་ཞེས་རྒྱལ་བློན་ཀུན་གླེང་ན་ཟེར། རྒྱལ་འབངས་ཀྱི་ཁ་ན་ར་མ་མེད་ཅང་མི་བདེན་ཟེར་བས། ཞང་གི་མེ་ལོང་ལ་བལྟས་པས་རྒྱལ་ཁམས་ཀྱི་ཁ་ན་ཡེ་ཤེས་ཀྱི་སྤྱན་ཡོད་ཟེར་བ་བདེན་ཟེར་ནས་མྱ་ངན་ཆེན་པོ་བྱེད་”﹙34﹚ཅེས་བྱུང་བའི་ཁ་ན་ར་མ་མེད་ནི་ཁ་ན་གྲ་མ་མེད་པ་སྟེ། ཁ་ན་བཀྲ་ཤིས་པ་མེད་པ་ལ་གོ་བ་ཡིན། དེ་བཞིན་ར་དང་ཊ་དང་།  གྲ་གསུམ་སྒྲ་ཤེད་མཚུངས་པར་ཀློག་དགོས་ཚུལ་སྐོར་ལ་ཏུན་ཧོང་ཡིག་རྙིང་ལས། “དཔལ་འཚོགས་གྲ་ཤིས་གཞལ་ཡས་འདིར། །བླ་མྱིད་མཆོད་པ་བརྒྱ་བཤམས་སྟེ། །མཐ་ཡས་སེམས་ཅན་ཏོན་སླད་དུ། །”﹙35﹚ཞེས་དང་།  ཡང་དེ་ཉིད་ལས། “དཔལ་རྒྱལ་ཆེན་འཕག་སྐྱེས་པོ། །ཕྱག་ན་གྲ་ཤྀས་བཞུ་སྣམ་ཞྀང་། །མ་རྀག་ཉོན་མོངས་སྒྲོལ་མཛད་པ། །གཤྀན་རྗེ་རྣམས་ལ་དབང་སྒྱུར་བ། །”﹙36﹚ཞེས་བྱུང་བའི་གྲ་ནི་དེང་གི་བཀྲ་སྟེ། ཤིས་དང་ལེགས་པའི་དོན་ལ་འཇུག་པ་ཤིན་ཏུ་གསལ། དེ་ལྟར་ཆེས་གནའ་དུས་སུ་ར་དང་ཊ་གཉིས་ཀྱི་ཀློག་སྒྲ་ཤིན་ཏུ་ཉེ་བ་ལ་བསམས་ན། དེང་སང་ར་བཏགས་ཅན་དུ་ཀློག་པ་འདི་རིགས་མིང་གཞིའི་ཡི་གེ་རྣམས་ཟུར་ཉམས་ནས་ར་ཡིག་གི་སྒྲ་རྐྱང་པ་ཙམ་ཀློག་འབྱིན་པའི་ཁྱད་ཆོས་ཉིད་དུ་ངེས།
        གཞན་ཊ་ཡིག་གི་བྲིས་གཟུགས་ཀྱི་སྐོར་ལ་ཏུན་ཧོང་བོད་ཡིག་ཤོག་དྲིལ་P. T.47ལས། “ཙིན་དྷ་ཙིན་དྷ། བྀན་དྷ་བྀན་དྷ་། ཧུའུམ་ཧུའུམ་ཕཏ་ཕཏ་སཱ་ཧཱ། །ཧེ་ཧེ་ཕཏ་། ཧོ་ཧོ་ཕཏ། ཨ་མོ་གེ་ཕཏ་། །ཨ་པྲ་ཏྀ་ཧ་ཏ་ཕཏ་། བ་ར་བྲ་ཏ་ཕཏ་། ཨ་སུ་ར་བྀ་དྲ་བ་ཀ་ཕཏ་། ས་རྦ་དེ་བེ་བྷྱ་ཕཏ་། ས་རྦ་ན་གྷེ་བྷྱ་ཕཏ་། ས་རྦ་ཡ་གྷེ་བྷྱ་ཕཏ་། ས་རྦ་ཡ་ཀྴེསེ་བྷྱ་ཕཏ། ས་རྦ་གྷན་དྷ་བེ་བྷྱ་ཕཏ་། ས་རྦ་པྲེ་ཏེ་ཕཏ་། ས་རྦ་པུ་ཏེ་བྷྱ་ཕཏ།་ ས་རྦ་པུ་ཏ་ནེ་བྷྱ་ཕཏ་། ས་རྦ་ཀ་ཏ་པུ་ཏ་ནེ་བྷྱ་ཕཏ་”﹙37﹚ཞེས་དང་། ཤོག་དྲིལp. T.342ལས། “ཨཱོཾ་ཨཱ་མྲི་ཏ་ཨཱ་མྲེ་ཏ་ག་རྦ་སད་ར་ཀྴནི། །ཨཱ་ཀར་ནི་ཧྲཱོ་ཧྲཱོ་ཕཏ་ཕཏ། ། སྭ་ཧཱ། ། ཨཱོཾ་བི་མ་ལི་ཛ་ཡ་བ་ནི་ཨཱ་མྲི་ཏ་ཤོ་ད་ནི་ཧཱོ་ཧཱོ་ཕཏ་ཕཏ།  ཨཱ་བ་ར་བ་ར་སམ་བ་ར་སམ་བ་ར་ཨཱིན་དྲི་ཡ་བི་ཤོ་ད་ནི་ཧཱོ་ཧཱོ་ཕཏ་ཕཏ་། དུ་རུ་ཙ་ལི་སྭ་ཧཱོ་ཨཱོཾ་ནི་བ་རི་བཛྲ་ནི་ཧཱོ་ཧཱོ་ཕཏ་སྭ་ཧཱ་”﹙38﹚ཞེས་དང་། ཤོག་དྲིལ་P. T.321ལས། “ཤར་ཕྱོགས་སུ་སིང་འག་མུ་ཀ་། ཁ་དོག་སེར་མོ། སེང་འགེ་འི་མགོ་ཅན་། ཕྱག་གཉྀས་རྡོ་རྗེ་ཁུ་ཚུར་བཅངས་ཏེ་དཔུང་མགོར་བསྣོལ་། ཞིང་ཆུ་དུ་ཁ་ན་ཐོགས། ། ཕཊ་ཅེས་བརྗོད་པས། ལྷོ་ཕྱོགས་སུ་བྱ་ཀྲ་མུ་ཀྲ་། ཁ་དོག་དམར་མོ་། སྟག་གྀ་མགོ་ཅན། ཕྱག་གཉྀས་འཁྲྀག་མར་བསྣོལ་ནས། ཞྀང་བམ་བ་ལ་འབྲྀ་ཚུགས་སུ་ལྟ་བ་། ། ཕཊ་ཅེས་བརྗོད་པས་། ནུབ་ཕྱོགས་སུ་སྣྲི་ལ་ཀ་མུ་ཀ་། ཁ་དོག་གནག་མོ་འྭ་འི་མགོ་ཅན་། །ཕྱག་གཉིས་ཞིང་ཁོང་དྲལ་བ་ལ་ལྕེས་ལྡག་པ་། ། ཡང་ཕཏ་ཅེས་བརྗོད་པས་། བྱང་ཕྱོགས་སུ་ཤྭ་ན་མུ་ཀ་། ཁ་དོག་ནག་མོ་ཁྱི་མགོ་ཅན་། ཕྱག་གཉིས་ཞིང་ཆུ་ངུ་བཟུང་ནས་། ཁ་དྲལ་བ་ལ་ལྟ་བ་། །ཕཏ་ཅེས་བརྗོད་པས་། ཤར་བྷོ་མཚམས་སུ་ཀྲི་ཏ་མུ་ཀ་ཁ་དོག་དམར་གནག་། བྱ་རྒོད་མགོ་ཅན་།
        ༄། ། ཕྱག་གཡས་ན་གྲི་ཐོགས་། གཡོན་བན་ད་རག་ཏས་བཀང་བ་འོ། །ཁ་ན་ཞིང་དུམ་བུ་ཐོགས་པ་། །ཕཏ་ཅེས་བརྗོད་པས་། བྷོ་ནུབ་ཀྱི་མཚམས་ན་ཀང་ཀ་མུ་ཀ་། ཁ་དོག་དཀར་དམར་། བྱ་ཀང་ཀ་འི་མགོ་ཅན་ཟེ་བ་དམར་ཐོར་ཏོ་གུག་། །ཕྱག་གཡས་ན་གྲྀ། གཡོན་ཞྀང་ཆུང་ངུ་ཕྲག་པ་ལ་བཀལ་། །ཕཊ་ཅེས་བརྗོད་པས་། ནུབ་བྱང་གི་མཚམས་སུ་། ཀ་ཀ་མུ་ཀ་ཁ་དོག་ནག་མོ་། བྱ་རོག་མགོ་ཅན་། ཕྱག་གཡས་ན་གྲྀ་ཐོགས་གཡོན་བན་ད་རག་ཏས་བཀང་བ་འཛིན་། །ཕཏ་ཅེས་བརྗོད་པས་།  བྱང་ཤར་མཚམས་སུ་ཧུ་ལུ་ཀ་མུ་ཀ་། ཁ་དོག་ལྗང་ཀུ་འུག་པའི་མགོ་ཅན་། ཕྱག་གཡས་རྡོ་རྗེ་ལྕགས་ཀྱུ་། གཡོན་བན་ད་རག་ཏས་བཀང་བ་འཛྀན་། །”﹙39﹚ཞེས་བྱུང་བ་སོགས། ཏུན་ཧོང་ཤོག་དྲིལ་འདི་གསུམ་གོ་བསྡུར་ན། དེང་སང་ཕཊ་ཞེས་འབྲི་བ་ལ་སྔོན་གྱི་ཚེ་ཕཏ་དང་། ཀྵ་ལ་ ཀྵ། དེ་བཞིན་རཱ་མ་ཎ་ལ་ར་མ་ན། པཎ་དེ་དང་བན་དྷེ་ལ་བན་དེ་སོགས་སུ་བྲིས་པ་མཐོང་ཐུབ་པས། དེ་དག་ལ་གཞིགས་ན། ལེགས་སྦྱར་གྱི་ཊ་སྡེ་སོགས་དེང་སང་ཡི་གེ་ལོག་པར་འབྲི་བ་འགའ་ཞིག་ནི་དུས་ཕྱིས་ཀྱི་ཚེ་རིམ་གྱིས་དར་བར་སྙམ།
                                                                    གསུམ་པ། སྔོན་གྱི་ཡིག་ཚང་ལས་སཾ་བྷོ་ར་བྱ་བའི་མི་སྣའི་གནས་བབས་དངོས་ཀྱི་སྐོར།
        གོང་དུ་དྲངས་པའི་བཅོམ་ལྡན་རིག་རལ་གྱི་“དེ་ལ་འགོན་མི་སཾ་བ་ར་དང་། བཙན་པོ་ཁྲི་སྲོང་ལྡེ་བཙན་གྱི་དུས་དང་པོར་བྱས་པའི་འགྱུར་རྣམས་ནི་དང་པོ་བྱས་པའི་བཀས་བཅད་ཀྱིས་བསྒྱུར་སྟེ་”ཞེས་པའི་ཚིག་ཟིན་ལ་གཞིགས་ཏེ། འགོན་མི་སཾ་བ་ར་བྱ་བ་དེ་ཉིད་བཙན་པོ་ཁྲི་སྲོང་ལྡེ་བཙན་སྐུ་དུས་ཀྱི་མི་སྣ་ཞིག་དང་བཀས་བཅད་དང་པོ་ཡང་ཁྲི་སྲོང་ལྡེ་བཙན་གྱི་སྐུ་དུས་རང་དུ་བྱས་པར་གོ་ན་དོན་ལ་འགལ་བ་ཆེན་པོ་མི་འབྱུང་བར་སྙམ་པ་དང་། ལྷག་པར་《རྦ་བཞེད་ཕྱོགས་བསྒྲིགས་》 ལས། “ཆོས་ལ་ལ་རྒྱ་ནག་པོའི་སྐད་དུ་སྨྲ། ཆོས་ལ་ལ་རྒྱ་དཀར་པོའི་སྐད་དུ་སྨྲ། ཆོས་ལ་ལས་བལ་པོ་ཨུ་རྒྱན་གྱི་སྐད་དུ་སྨྲ་བས། མེས་ཀྱི་ལྷ། དམ་པའི་ཆོས་ལུགས་དང་། ཆོས་སྐད་སྣ་ཚོགས་སུ་བྱུང་བ་འདི་མ་ལེགས་ཏེ། སངས་རྒྱས་རྒྱ་དཀར་པོར་བྱོན་ནས་ཆོས་དང་པོ་རྒྱ་དཀར་པོར་གསུངས་པ་ཡིན་པས། ང་ཡང་ཆོས་ཐམས་ཅད་རྒྱ་དཀར་པོའི་ལུགས་སུ་མགྲིན་ཅིག་བྱེད་ཅེས་བཀའ་སྩལ་ནས། བོད་ཕྲུག་བློ་རྣོ་བ་བཅུ་དྲུག་གསེར་བསྐུར་ནས་ལོ་ཙྪ་སློབ་དུ་བཏང་སྟེ། ལ་ལས་སྒྲ་མ་ཤེས། ལ་ལ་ཚད་པས་གུམ། ལ་ལ་ཐ་ཏྲེ་རྣམ་༣ལ་རྡུགས། དཀའ་བ་དཔལ་བརྩེགས་དང་། སྣ་ནམ་ཡེ་ཤེས་སྡེ་དང་། ཅོག་རོ་ཀླུའི་རྒྱལ་མཚན་དང་༣གྱིས་ལོ་ཙྪ་སྒྲ་མཁས་པ་བསླབས་ནས། པཎ་ཊི་ཏ་འཛི་ན་མི་ཏྲ་དང་། ཤི་ལེན་ཏྲ་བོ་དྷི་དང་། ད་ན་ཤི་ལ་དང་༣སྤྱན་དྲངས་ཏེ། སྒྲ་བསྒྱུར་རྒྱ་གར་གླིང་དུ་རྐྱེན་བླ་ནས་སྦྱར་ནས། མྱེས་ཀྱི་ལྷ་ཁང་ན་བཞུགས་པ་དང་། བོད་ཀྱི་ཡུལ་ན་ཡོད་པའི་གསུང་རབ་ཀྱི་མ་ལུས་པ་སྤྱན་དྲངས་ནས་སྒྲ་བསྒྱུར་ནས། སྒྲ་ཐམས་ཅད་རྒྱ་དཀར་པོའི་འགྱུར་དུ་བཅོས། སྐད་གསར་བཅད་ཀྱིས་གཏན་ལ་ཕབ་ནས། ཀྱི་ཤོད་ཤོ་མ་རར་གཏན་ལ་ཕབ་”﹙40﹚ཅེས་སྐ་ཅོག་ཞང་གསུམ་སོགས་བོད་ཕྲུག་བློ་རྣོ་བ་བཅུ་དྲུག་རྒྱ་གར་ལ་ལོ་ཙཱ་དང་ཡི་གེ་སློབ་པར་གཏོང་ཚུལ་གསལ་བ་འདི་དང་《མ་ཎྀ་བཀའ་འབུམ་》ལས། “ཐོན་མི་ཨ་ནུའི་བུ་སཾ་བྷོ་ཊ་འཁོར་བཅུ་དྲུག་དང་བཅས་པ་ལ་གསེར་ཕྱེ་བསྐུར་ནས་རྒྱ་གར་དུ་ཆོས་དང་ཡི་གེ་སློབ་ཏུ་བཏང་ངོ་”﹙41﹚ཞེས་པ། 《བུ་སྟོན་ཆོས་འབྱུང་》ལས། “ཐོན་མི་ཨ་ནུའི་བུ་ལ་འཁོར་བཅུ་དྲུག་དང་བཅས་པ་ཡི་གེ་བསླབ་ཏུ་བཏང་བས་པཎྜི་ཏ་ལྷའི་རིག་པ་སེང་གེ་ལ་སྒྲ་བསླབས་ཏེ་བོད་ཀྱི་སྐད་དང་བསྟུན་ནས་གསལ་བྱེད་སུམ་ཅུ། ཨཱ་ལི་བཞིར་བསྡུས་ཏེ་གཟུགས་ཁ་ཆེའི་ཡི་གེ་དང་བསྟུན་ནས་ལྷ་སའི་སྐུ་མཁར་མ་རུར་བཅོས་”﹙42﹚ཞེས་པ་སོགས་མང་དུ་བྱུང་བ་དེ་དག་གི་ཚིག་འགྲོས་དང་བརྡའི་གོ་དོན་རྣམས་ཤིན་དུ་མཚུངས་ཤིང་། དེ་མིན་སྐ་ཅོག་ཞང་གསུམ་སོགས་ཀྱིས་ཀྱི་ཤོད་ཤོ་མ་རར་﹙43﹚སྐད་གསར་བཅད་ཀྱིས་གཏན་ལ་ཕབ་པ་དང་།  ཐོན་མིས་སྐུ་མཁར་མ་རུར་ཡི་གེ་གསར་བཟོ་མཛད་པ། སྔ་མའི་ཡིག་ཚང་དུ་བོད་ཕྲུག་ཅེས་བྱུང་བ་ལ་ཕྱི་མ་དག་ཏུ་ཨ་ནུ་ཞེས་བྲིས་པ། ད་དུང་འཁོར་བཅུ་དྲུག་བྱ་བ་སོགས་ཏེ། སྟེས་དབང་གི་བརྡ་ཆད་འགའ་གཞི་གཅིག་ཏུ་འགྲིག་པ། 《ཆོས་འབྱུང་མཁས་པའི་དགའ་སྟོན་》དུ། “བོད་ཀྱི་བློན་པོ་བློ་རྣོ་བ་བཅུ་དྲུག་ལ་གསེར་བསྐུར་ནས་རྒྱ་གར་དུ་ཡི་གེ་སློབ་ཏུ་བཏང་བས་ལ་ལ་ཐང་འདྲེ་ཅན་རྣམ་པ་གསུམ་ལ་བརྡུགས་ནས་འགྲོ་མ་ནུས། ལ་ལ་ཚད་པས་ཤི ལ་ལ་རྒྱ་སྐད་མ་ཤེས་པར་ལོག་སྐད། དེ་ནས་བློན་ཆེན་ཐོན་མི་ཨ་ནུའི་བུ། །ཐོན་མི་སམྦྷོ་ཊ་ཞེས་མཁས་ཤིང་མཛངས། །ཡིད་གཞུངས་བློ་རྣོ་དབང་པོ་སྐྱེ་མཆེད་གསལ། །ཡོན་ཏན་དུ་མ་ལྡན་པ་ཅིག་ལ་ནི། །བཀའ་བསྐོས་གསེར་དང་ཡོ་བྱད་བསྐུར་ཏེ་བཏང། །”﹙44﹚ཞེས་པ་ལྟ་བུ་ཕྱི་མ་ཕྱི་མ་ནི་སྔ་མ་སྔ་མའི་བརྡ་གསེད་བཀྲོལ་ལྟ་བུར་འགྱུར་བ། ཁྱད་པར་ཨ་ནུ་ཞེས་མིང་གི་ཐོག་མར་ཨ་ཡིག་འདྲེན་པའི་ལུགས་ནི་དུས་ཕྱིས་ལེགས་སྦྱར་གྱི་གདངས་བོད་ཡིག་ཏུ་འབྲི་སྐབས་མ་གཏོགས། དུས་རབས་བཅུ་པའི་ཡན་གྱི་ཡིག་ཚང་ཁུངས་བཙུན་རྣམས་སུ་ཤིན་ཏུ་མཐོང་དཀོན་པས། དེས་ན་ཡི་གེ་ལ་མེད་ཚེ་ཐ་སྙད་ལའང་མ་གྲགས་ཕྱིན། ཨ་ནུ་བྱ་བའི་བརྡ་ནི་དུས་ཕྱིས་ཀྱི་ལོ་རྒྱུས་མཁན་པོ་དག་གིས་གསར་དུ་མཛད་པ་ཞིག་སྟེ། དེ་ལྟར་མ་ཡིན་ཚེ། སཾ་བྷོ་ཊ་དང་ཨ་ནུ་ཞེས་པ་ནི་ལེགས་སྦྱར་གྱི་སྐད་དོད་རང་དུ་ངོས་འཛིན་དགོས་པར་འགྱུར་བས། བོད་ཀྱི་ཡི་གེ་མཛད་པོ་ལ་ལེགས་སྦྱར་གྱི་ཡི་གེར་བྲིས་པའི་མཚན་གྱི་རྣམ་གྲངས་འདི་གཉིས་ཙམ་མ་གཏོགས་བོད་རང་ཉིད་ཀྱིས་བཏགས་པའི་མཚན་ཞིག་གང་དུ་ཡང་རྙེད་མི་ཐུབ་པའི་སྐྱོན་ཆེན་པོ་འབྱུང་བ་དང་།  གཞན་ཡང་ཏུན་ཧོང་ཡིག་རྙིང་དུ་ཡར་གྱི་ཆུ་ལ་ཡར་ཆབ་དང་། ཡར་དུ་སྐྱེས་པའི་མི་ལ་ཡར་མྱི་ཞེས་བྱུང་བ་དང་།  《བེེ་རོའི་རྣམ་ཐར་འདྲ་འབག་ཆེན་མོ་》ལས། “དེའི་སྲས་སྲོང་བཙན་སྒམ་པོའི་སྐུ་དྲིན་ལ་རྒྱ་གར་མཁས་པ་ལི་བྱིན་སྤྱན་དྲངས། ཐོན་གྱི་མི་ཆུང་སམ་བྷོ་ཏྲས་ཡི་གེ་བསྒྱུར་”﹙45﹚ཞེས་ཏེ། ཐོན་གྱི་མི་ཆུང་ཞེས་བྱུང་བ་སོགས་ལ་གཞིགས་ན། “ཐོན་མི་”﹙46﹚ནི་ཐོན་བྱ་བའི་ཡུལ་གྱི་མི་ཞིག་ལ་གོ་ན་རིགས་པ་ལ་གནོད་པ་ཅི་ཡང་མི་འབྱུང་བ་སོགས། མདོར་ན། གོང་དུ་དྲངས་པའི་བཅོམ་ལྡན་རིག་རལ་གྱི་དགོངས་པ་དང་།  《རྦ་བཞེད་》ལས། “བསྒྱུར་བའི་ཚུལ་ནི་བཀས་བཅད་ཆེ་འབྲིང་དང་སྐད་གསར་ཆད་ནས་བྱུང་ངོ་”﹙47﹚ཞེས་པ་གཉིས་གཞི་གཅིག་ཏུ་དྲིལ་ཏེ། སམ་བོ་ར་བྱ་བ་ནི་ཁྲི་སྲོང་ལྡེ་བཙན་སྐུ་དུས་ཀྱི་མི་སྣ་ཞིག་ཡིན་པར་བྱས་ན་ཅུང་དོན་དངོས་དང་མཐུན་པར་སྙམ
        སཾ་བྷོ་ཊ་བྱ་བའི་མཚན་གྱི་སྐོར་ལ་བོད་ཀྱི་མཁས་པའི་ཁྲོད་དུ་དུས་སྔ་མོ་ཞིག་ནས་དོགས་སློང་མཛད་མཁན་ཧ་ཅང་མང་སྟེ། སྐྱོགས་སྟོན་པས། “ལྷོ་གཉལ་གྱི་ཐུ་མི་སྣང་གྲགས་ཀྱི་བུ་ཨ་ནུ་སྟེ། སབྷོཊདང་།  སམྦྷདྲ་སོགས་རྒྱ་སྐད་དུ་བཞེད་པ་བྱུང་ཡང་། འདི་གཉལ་ན་ཡོད་པ་ས་འབུར་པོ་ཞིག་འདུག་པས། ས་འབོ་ར་ཡིན་པ་འདྲ་”ཞེས་དོན་དངོས་ལ་ཁ་ཚོན་མ་ཆོད་པའི་གཏམ་གསུངས་གནང་བ་དང་།  མཁས་པའི་དབང་པོ་ཚེ་ཏན་ཞབས་དྲུང་མཆོག་གིས། “སྔོན་གྱི་གཞུང་ཁ་ཅིག་ཏུ་སམྦྷོཊ་སྟེ་བྷོ་ཊ་བོད་དང་སཾ་ཡང་དག་པ་དང་།  སཾ་བྷ་དྲའམ་ས་མདྟ་བྷ་དྲ་སྟེ་ཀུན་དུ་བཟང་པོ་དང་། སཾ་བསྔགས་པ་དང་བྷོ་ཊ་བོད་དེ་བོད་བསྔགས་པ་ཞེས་འདོད་པ་དང་”﹙48﹚ཞེས་བྷོ་ཊ་ནི་བོད་དང་།  སཾ་ནི་ཡང་དག་པ་དང་བསྔགས་པ་སོགས་སུ་འགྲེལ་བའི་ཚུལ་འགའ་བྱུང་ཚུལ་བསྟན་གནང་བ་ལྟ་བུ་ཡིན། དེང་སང་ཆེས་རྒྱུན་ཆགས་སུ་གྱུར་བའི་བརྡའི་ཁྲོད་དུ་ནི་སཾ་བོད་དང་རྒྱ་བོད་ལྟ་བུ་ལས་སཾ་རྒྱ་གར་དང་། བྷོ་ཊ་བོད་དེ། སཾ་བྷོ་ཊ་ཞེས་པས་རྒྱ་གར་དང་བོད་ཀྱི་དོན་དུ་འཇུག་པ་ཡོད། ལི་བྱིན་ཀ་ར་ནི་ལི་བི་ཀ་རའི་སྒྲ་ཟུར་ཆག་པ་སྟེ། “ལི་བི་ཞེས་པ་ཡིག་གཟུགས་དང་། ཀ་ར་ཞེས་པ་བྱེད་པ་པོའམ་བྱེད་མཁན་གྱི་སྐད་དོད་ཡིན་”﹙49﹚པས། དེ་ལྟར་ན་སཾ་བྷོ་ཊ་དང་ལི་བི་ཀ་ར་གཉིས་གཅིག་ཏུ་བསྡུས་ཚེ། དོན་དུ་རྒྱ་བོད་ཀྱི་ཡི་གེ་མཁན་པོ་ལ་གོ་དགོས་པར་འགྱུར། དེ་བཞིན་སྔོན་གྱི་དུས་མདོ་རྒྱུད་དང་བསྟན་བཅོས་ཀྱི་གཞུང་བསྒྱུར་བ་དང་སྐད་དཀའ་བ་རྣམས་བཀས་བཅད་བྱེད་སྐབས་རྒྱ་བོད་གཉིས་ཀྱི་པཎྜི་ཏ་རྣམས་ངེས་པར་གདན་འཛོམས་བྱ་དགོས་པ་ནི་《སྒྲ་སྦྱོར་བམ་གཉིས་》ལས། “རྒྱ་གར་མཁན་པོ་ཛི་ན་མི་ཏྲ་དང་། སུ་རེནྟ་བོ་དྷི་དང་། དཱ་ན་ཤཱི་ལ་ལ་སོགས་པ་དང་། བོད་ཀྱི་ལོ་ཙྪ་བ་རཏྣ་རཀྵི་ཏ་དང་། དྷརྨྨ་ཏཱ་ཤི་ལ་དང་། ཛ་ཡ་རཀྵི་ཏ་ལ་སོགས་པས་སྐད་དཀའ་བ་རྣམས་བཀས་བཅད་པ་ཐོག་ཐག་བཤད་པའོ་”﹙50﹚ཞེས་དང་། 《དེབ་ཐེར་དམར་པོ་》ལས། “རྒྱ་གར་མཁན་པོ་ལི་བྱིན་དང་། ཧ་ཤང་མ་ཧ་དེ་བ་སྤྱན་དྲངས་ནས། ལོ་ཙཱ་བ་ཐོན་མི་སཾ་བྷོ་ཊ་དང་། དེའི་འཆན་བུ་དྷརྨ་ཀོ་ཤ་དང་། ལྷ་ལུང་རྡོ་རྗེ་དཔལ་རྣམས་ཀྱིས་ཆོས་ཅི་རིགས་སུ་བསྒྱུར་ཅིང་གཏན་ལ་ཕབ་”﹙51﹚ཅེས་པ་སོགས་《དབའ་བཞེད་》ཀྱི་དགོངས་པ་དང་ཤིན་དུ་མཐུན་པར་བྱུང་བ་ལྟར་ཡིན། འོན་ཀྱང་ཕྱིས་ཀྱི་ལོ་རྒྱུས་སྨྲ་བས་འདིའི་ཁྲོད་ཀྱི་ལོ་ཙཱ་བ་ཐོན་མི་སཾ་བྷོ་ཊ་བྱ་བ་ཉིད་སྲོང་བཙན་ཀྱི་སྐུ་དུས་སུ་བཞག་པ་འདྲ་སྟེ། དཔེ་འདི་དང་འདྲ་བ་ནི་ཏུན་ཧོང་ཡིག་རྙིང་ཁྲོད་ཀྱི་or.8210《སྦ་བཞེད་》དང་། 《སྒྲ་སྦྱོར་བམ་པོ་གཉིས་པ་》 བོད་ལྗོངས་བོད་ཡིག་དཔེ་རྙིང་དཔེ་སྐྲུན་ཁང་གིས་དཔེ་སྐྲུན་བྱས་པའི་《དབའ་བཞེད་》གསུམ་ག་ནས་ཞལ་མཐུན་པར“ཨཱ་ནན་ཏ་”﹙52﹚བྱ་བ་ནི་བཙན་པོ་ཁྲི་སྲོང་ལྡེ་བཙན་དུས་ཀྱི་ལོ་ཙཱ་བ་ཞིག་ཡིན་པར་བཞེད་པ་ལ། ཕྱིས་ཀྱི་ཡིག་ཚང་འགའ་ཞིག་ཏུ་﹙53﹚ཐོན་མི་དང་དུས་མཉམ་པར་སྲོང་བཙན་གྱི་དུས་སུ་དྲངས་པ་ལྟ་བུ་སོགས་ཤིན་དུ་མང་། དེ་མིན་སྔོན་གྱི་ཚེ་མཚན་གྱི་འདོགས་ཚུལ་སྐོར་ལ་《བེེ་རོའི་འདྲ་འབག་》ལས། “མདོ་བསྒྱུར་ནང་དུ་ཡེ་ཤེས་སྡེ་ཞེས་བྲིས། །སྔགས་བསྒྱུར་ནང་དུ་བེེ་རོ་ཙ་ན་བྲིས། །བོན་བསྒྱུར་ནང་དུ་གན་ཇགས་ཐང་ཏ་བྲིས། །རྩིས་བསྒྱུར་ནང་དུ་ཨིན་ཏྲ་བེེ་རོ་བྲིས། །སྨན་བསྒྱུར་ནང་དུ་ཆོས་འབར་བྱ་བ་བཅུག །ཆོས་མདོ་མ་ལུས་ཕལ་ཆེར་བོད་དུ་བསྒྱུར། །”﹙54﹚ཞེས་བྱུང་བ་ལ་བསམས་ན། གནའ་དུས་ཀྱི་པཎྜི་ཏ་གཅིག་ལ་མཚན་གྱི་རྣམ་གྲངས་དུ་མ་ཡོད་པར་འཁུམས།
                                                                                  མཇུག་བསྡུའི་གཏམ།
        དེ་སྔ་བོད་ཀྱི་ཡི་གེའི་བྱེད་པོ་ལ་སཾ་བྷོ་ཊ་ཞེས་པའི་མཚན་གྱི་འདོགས་ཚུལ་དང་། ཡང་ན་རྒྱུ་མཚན་གང་གིས་དང་། སུ་ཞིག་གིས་བཏགས་པ་སོགས་ལ་དོགས་སློང་མཛད་མཁན་ཤིན་དུ་ཉུང་བས། བདག་ལྟ་བུ་མི་ཆུང་ཞིག་གིས་དེའི་སྐོར་ལ་གཏམ་ཆེན་པོ་བཤད་ན། སྔ་ལུགས་ལྟར་ཕན་ཐོགས་མེད་པའི་ཁར། ཚིག་རྩོད་འབྱུང་ཉེན་ལ་དོགས་ནས་དུས་རེ་ཙམ་ཞིག་རྩོམ་འཕྲོར་ལུས་མོད། དོན་ལ་ཞིབ་ཏུ་བསམས་རྗེས། སཾ་བྷོ་ཊ་མེད་པས་བོད་ཀྱི་ཡི་གེ་མེད་པར་མི་འགྱུར་བས། རི་བོང་གནམ་བརྡིབས་ཀྱི་དོགས་པ་ལ་དགོས་པ་ཆུང་བར་སྙམ་པ་དང་། ལྷག་པར་རིན་ཆེན་དབྱིག་ལ་དཔྱད་པའི་བྱི་དོར་ལེགས་པར་བགྱིས་ཐུབ་ན། རིན་ཐང་ཇེ་ཆེར་འཕེལ་ངེས་བསམས་ནས་ད་ཐེངས་རྩོམ་ཡིག་འདི་འདྲ་ཞིག་འབྲི་ཁུལ་བྱས་པ་ཡིན། དེ་ལྟར་ནའང་ད་དུང་ཐོན་མིས་ཅ་ཆ་ཇ་དང་ཞ་ཟ་འ་སོགས་ཡི་གེ་གསར་བཟོ་མཛད་ཚུལ་དང་། ལེགས་སྦྱར་གྱི་མདོ་རྒྱུད་བསྟན་བཅོས་ཇི་ཙམ་ཞིག་བོད་དུ་བསྒྱུར་མིན་སོགས་ཀྱི་ཐད་བོད་སྔ་རབས་ཀྱི་ཡིག་ཚང་དག་ན་དེ་བས་ནང་འགལ་ཅན་གྱི་དཔེ་མང་པོ་འདྲེན་རྒྱུ་ཡོད་པ་དེ་དག་ལ་རིགས་པ་ཞིབ་མོས་བརྡར་ཤ་མ་སོང་ཕྱིན། སྐབས་དོན་གྱི་གླེང་བར་བྱ་བ་གང་ལ་ཡང་ཁ་ཚོན་གཅོད་དཀའ་བས། ཕྱོགས་སུ་མ་ལྷུང་བའི་རིགས་པ་སྨྲ་བ་རྣམས་ཀྱིས་རྩོམ་ཡིག་འདིའི་མ་རྟོགས་ལོག་རྟོག་གི་ཆ་ལ་དགོངས་འཆར་ལྷུག་པོ་ཡོང་བར་ཞུ། །
 
39.7K

ཐག་རག་ཡིག་བསྒྱུར་མ་ལག

དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1