གཙོ་ངོས།>> སྐྱེ་ཁམས།>>ཤེས་བྱ།

རྩོམ་སྒྲིག་པ།ཚེ་དཔལ། ཡོང་ཁུངས།འཛམ་གླིང་ཡང་རྩེའི་ཚན་སྤེལ་སྐད་འཕྲིན་སྤྱི་སྟེགས། སྤེལ་དུས། ༢༠༢༡ལོའི་ཟླ་བ་༠༥ཚེས་༣༡ཉིན།

༄༅།། མདོ་དབུས་མཐོ་སྒང་གི་ཆར་བ་ནི་ཇི་ལྟར་གྲུབ་པ་ཡིན་ནམ།



        མདོ་དབུས་མཐོ་སྒང་གི་ཆར་བ་ཇི་ལྟར་གྲུབ་པ་ཡིན་ནམ་ཞེས་པའི་གནད་དོན་འདི་གསལ་བར་བྱེད་ན། ཐོག་མར་མདོ་དབུས་མཐོ་སྒང་དུ་འདུས་པའི་ཆུ་རླངས་ནི་གང་ནས་བྱུང་བ་ཡིན་པ་ཤེས་དགོས།
        མདོ་དབུས་མཐོ་སྒང་འདི་འཛམ་གླིང་གི་ཡང་རྩེ་ཡིན་པའི་ཆ་ནས། ལྟེ་བའི་ས་ཆ་ཡི་ལོ་རེའི་ཆ་སྙོམས་དྲོད་ཚད་ནི་0℃གྱི་མན་ན་ཡོད་པ་དང་། ལྟེ་བ་མ་ཡིན་པའི་ས་ཆ་མང་ཤོས་ཀྱི་ཆེས་དྲོད་དུས་ཀྱི་ཆ་སྙོམས་དྲོད་ཚད་ཀྱང་10℃ཡི་ཡན་མིན་པ་རེད། དེར་བརྟེན། མདོ་དབུས་མཐོ་སྒང་གི་ཆར་བ་ནི་རང་ས་ཆའི་ཆུ་རླངས་ལས་བྱུང་བ་ཡིན་ཞེས་པའི་བཤད་ཚུལ་ལ། བདེན་ཁ་ཆེན་པོ་མེད་པ་རེད།


མདོ་དབུས་མཐོ་སྒང་། པར་རིས་པའེ་ཏུའུ་པའེ་ཁོ་ལས་དྲངས།
        ཚན་རིག་པའི་ཞིབ་འཇུག་ལས་གསལ་བ་ལྟར་ན། མདོ་དབུས་མཐོ་སྒང་གི་ཆར་བ་ནི་རང་ས་ཆ་ནས་རླངས་འགྱུར་བྱུང་བའི་ཆུ་རླངས་དང་ཧིན་རྡུ་རྒྱ་མཚོའི་ཆུ་རླངས། ནུབ་རྒྱ་མཚོ་ཆེན་མོའི་ཆུ་རླངས། ཨེ་ཤ་ཡ་དང་ཡོ་རོམ་གླིང་སྐམ་སའི་ཆུ་རླངས་བཅས་མཉམ་དུ་འདུས་པ་ལས་གྲུབ་ཅིང་། དེའི་ནང་ནས་མདོ་དབུས་མཐོ་སྒང་རང་ས་ནས་བྱུང་བའི་ཆུ་རླངས་ཀྱིས་23%ཙམ་ལས་ཟིན་མེད་པ་རེད།

འཛམ་གླིང་རྒྱལ་ཁབ་ཡོངས་ཀྱི་ཆར་ཆུ་འབབ་ཚད། པར་རིས་དྲ་ཐོག་ནས་དྲངས།
        དེ་ན། མདོ་དབུས་མཐོ་སྒང་ནས་མ་ཡིན་པའི་ཆུ་རླངས་འདི་ཚོ་སྟེ་ཧིན་རྡུ་རྒྱ་མཚོ་དང་ནུབ་རྒྱ་མཚོ་ཆེན་མོ། ཨེ་ཤ་ཡ་དང་ཡོ་རོམ་གླིང་སྐམ་ས་བཅས་ཀྱི་ཆུ་རླངས་ཅི་ཕྱིར་མདོ་དབུས་མཐོ་སྒང་དུ་ཐོན་པ་ཡིན་ནམ་ཞེ་ན། འདི་ནི་མདོ་དབུས་མཐོ་སྒང་མཁའ་དབྱིངས་ཀྱི་ཨེ་ཤ་ཡའི་དུས་རླུང་དང་མྱུར་རྒྱུག་ནུབ་རླུང་གི་དབང་གིས་ཡིན་པ་དང་། དུས་མཚུངས་སུ། མདོ་དབུས་མཐོ་སྒང་ནས་ཀྱང་མདོ་དབུས་མཐོ་སྒང་མཁའ་དབྱིངས་ཀྱི་མཁའ་དབུགས་ཇེ་དྲོར་བཏང་ནས་ཨེ་ཤ་ཡ་ལྷོ་ཡི་དབྱར་དུས་རླུང་དང་ཨེ་ཤ་ཡ་ཤར་གྱི་དབྱར་དུས་རླུང་གཉིས་ལ་རོགས་འདེགས་བྱས་ཏེ་བལྟོས་རྒྱུག་བང་རིམ་(对流层)གྱི་དམའ་ཁུལ་དུ་མདོ་དབུས་མཐོ་སྒང་ལ་བསྐོར་བའི་ལྡོག་རྒྱུ་རླུང་འཁྱིལ་གྱི་འཁོར་རྒྱུན་(逆时针气旋式环流)ཞིག་ཆགས་ནས་སའི་གོ་ལའི་འཕྲེད་ཐིག་དམའ་སའི་རླན་གཤེར་མཁའ་དབུགས་མདོ་དབུས་མཐོ་སྒང་དུ་རྒྱུ་བར་སྐུལ་འདེད་བྱས་ཡོད་པ་རེད།


ཨེ་ཤ་ཡ་ཤར་དང་ལྷོའི་དུས་རླུང་། པར་རིས་ཀྲུང་གོའི་ཚན་རིག་གླིང་གི་དྲ་བ་ལས་དྲངས།

        ཆུ་རླངས་འདི་ཚོ་ཡང“ལམ་ཁ་ཧ་ཅང་བདེ་བ”ལྟར་མདོ་དབུས་མཐོ་སྒང་དུ་ཐོན་པ་ཞིག་མིན་ལ། དེ་ཚོ་དུས་རླུང་འཁོར་རྒྱུན་གྱིས་རི་བོ་ཧི་མ་ལ་ཡའི་འདབས་རོལ་དུ་བསྐྱལ་རྗེས། ས་བབ་མཐོ་ཚད་ལ་སྨི་8000ཙམ་ཡོད་པའི་རི་བོར་བརྒལ་བ་ན། ད་གཟོད་མདོ་དབུས་མཐོ་སྒང་གི་མཁའ་དབྱིངས་སུ་ཐོན་པ་རེད།

ཧི་མ་ལ་ཡའི་རི་རྒྱུད། པར་རིས་པའེ་ཏུའུ་པའེ་ཁོ་ལས་དྲངས།
        མདོ་དབུས་མཐོ་སྒང་ལྷོ་རྒྱུད་ཀྱི་ཧི་མ་ལ་ཡའི་རི་རྒྱུད་འདི་འཛམ་གླིང་གི་ཆེས་མཐོ་བ་དང་རི་ཚོགས་ཆེས་མང་བ་ཞིག་ཡིན་ལ། ས་གཤིས་གྲུབ་ཚུལ་ཡང་ཧ་ཅང་རྙོག་འཛིང་ཆེ་བ་རེད། ཧི་མ་ལ་ཡའི་ས་དབྱིབས་ལ་འཕྲད་པ་ལས་བྱུང་བའི་བལྟོས་རྒྱུག་ཆར་ཆུ་མང་བའི་དབང་གིས། ས་ངོས་ཀྱི་ཚ་བ་དང་ཆར་བ་བབས་པ་ལས་ཚ་བ་ཕྱིར་གཏོང་བ་གཉིས་ཀྱི་བྱེད་ནུས་འོག མདོ་དབུས་མཐོ་སྒང་ཡོངས་དང་ལྷོ་རྒྱུད་ཚང་མ་ཚ་འབྱུང་ལྟེ་གནས་(热源中心)ཤིག་ཏུ་གྱུར་ཡོད།

ཆར་བ་འབབ་པའི་རྣམ་པ། པར་རིས་དྲ་ཐོག་ནས་དྲངས།
        ཚན་རིག་པ་ཚོ་ལྟར་ན། བལྟོས་རྒྱུག་བང་རིམ་གྱི་དམའ་སའི་ཆུ་རླངས་རྣམས་སྔོན་ལ་མདོ་དབུས་མཐོ་སྒང་ལྷོ་རྒྱུད་ཀྱི་ཚ་འབྱུང་བྱེད་ནུས་ཀྱི་འོག་མཉམ་དུ་ཡར་འཕགས་པ་དང་། དེ་ནས་མཐོ་སྒང་གི་ཚ་བ་ལ་བརྟེན་ཏེ་རིམ་པ་མཐོ་བའི་བལྟོས་རྒྱུག་བང་རིམ་ནང་ལ་བསྐྱལ་ཅིང་། མཇུག་མཐར་མཐོ་དབུས་མཐོ་སྒང་གི་མཁའ་དབྱིངས་ཀྱི་སྤྲིན་དང་ཆར་བར་གྱུར་པ་རེད། “ཡར་འཕགས་པ་དང་ཕར་བརྒལ་བ”གཉིས་ཀྱི་གོ་རིམ་ནང་དུ། ཆུ་རླངས་རྣམས་མདོ་དབུས་མཐོ་སྒང་གི་ལྷོ་ནུབ་རྒྱུད་དུ་བལྟོས་རྒྱུག་སྤྲིན་དུ་གྱུར་པ་དང་། དེ་ནས་རླུང་རྒྱུན་གྱི་སྣེ་འཁྲིད་འོག་མདོ་དབུས་མཐོ་སྒང་དུ་དངོས་སུ་ཐོན་པར་འདོད་པ་རེད།


པར་རིས་ཀྲུང་གོའི་ཚན་རིག་གླིང་གི་དྲ་བ་ལས་དྲངས།
        ཀྲུང་གོའི་ཚན་རིག་གླིང་གི་མཁའ་དབུགས་དངོས་ལུགས་ཞིབ་འཇུག་སུའོ་ཡི་ཞིབ་འཇུག་པ་ཀྲོའུ་ཐེན་ཅུན་གྱིས་ཤེས་རྟོགས་བྱུང་བ་ལྟར་ན། ཨེལ་ནི་ནོ་(厄尔尼诺 El Niño)སྣང་ཚུལ་ཇེ་ཞན་དུ་གྱུར་པའི་དབྱར་དུས་ལ། ཧིན་རྡུ་རྒྱ་མཚོ་བྱང་མ་ནས་ཞི་བདེ་རྒྱ་མཚོའི་ནུབ་བྱང་བར་གྱི་མཁའ་དབྱིངས་སུ་བལྟོས་རྒྱུག་བང་རིམ་དམའ་ཁུལ་གྱི་མཐོ་གནོན་ལྡོག་འཁྱིལ་གྱི་རླུང་རྒྱུན་མི་འདྲ་བ་ཞིག་གཞི་རྒྱ་ཆེན་པོར་ཡོད་པ་དང་། དེ་ཡིས་རྒྱ་གར་གླིང་ཕྱེད་བྱང་རྒྱུད་ཀྱི་ཆར་ཆུ་འབབ་ཚད་ལ་ཚོད་འཛིན་བྱེད་བཞིན་ཡོད་པ་རེད། ཡིན་ནའང་། དེ་དང་མཉམ་དུ། ལྡོག་འཁྱིལ་རླུང་རྒྱུན་མི་འདྲ་བ་འདིའི་བྱང་ངོས་ཀྱི་ནུབ་རྒྱུ་རླུང་གིས་མདོ་དབུས་མཐོ་སྒང་ལ་ཆུ་རླངས་སྐྱེལ་ཚད་ཇེ་དྲག་ཏུ་གྱུར་ནས། མདོ་དབུས་མཐོ་སྒང་གི་ཤར་ལྷོ་རྒྱུད་ཀྱི་ཆར་ཆུ་འབབ་ཚད་ཇེ་མང་ཡིན་པ་དང་། དེ་ཡིས་མདོ་དབུས་མཐོ་སྒང་གི་དབྱར་དུས་ཀྱི་ཆར་འབབ་འཁོར་རྒྱུན་ཚད་ཀྱང་ཇེ་ཆུང་དུ་བཏང་ཡོད་པ་རེད།

39.7K

ཐག་རག་ཡིག་བསྒྱུར་མ་ལག

དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1