གཙོ་ངོས།>> འཕྲོད་བསྟེན།>>བདེ་ཐང་ཤེས་བྱ།

རྩོམ་སྒྲིག་པ།ཚེ་དཔལ། ཡོང་ཁུངས། ཀྲུང་དབྱང་རླུང་འཕྲིན་བརྙན་འཕྲིན་སྤྱི་ཁྱབ་ལས་ཁུངས། སྤེལ་དུས། ༢༠༢༡ལོའི་ཟླ་བ་༠༦ཚེས་༠༣ཉིན།

༄༅།། འདི་འདྲ་བྱས་ཚེ་གློ་སྐྲན་ཕོག་ཚད68%ཟིན་སྲིད།


ཉིན་རེར་ཐ་མག་སྒམ་ཆུང་གཉིས་རེ་འཐེན་ཚེ་གློ་སྐྲན་ཕོག་ཚད་68%ཟིན་སྲིད། 

          ཉིན་ཤས་གོང་རྒྱལ་ཁབ་འཕྲོད་བསྟེན་བདེ་ཐང་ཨུ་ལྷན་གྱིས་སྤྱི་ལོ་2020ལོའི་ཀྲུང་གོའི་ཐ་མག་གནོད་འཚེའི་བདེ་ཐང་སྙན་ཞུ་ཞེས་པ་ཁྱབ་བསྒྲགས་བྱས་པ་ལྟར་ན། རང་རྒྱལ་དུ་ཐ་མག་འཐེན་མཁན་མི་གྲངས་དུང་ཕྱུར་3ལས་བརྒལ་ཡོད་པ་དང་། སྤྱི་ལོ་2018ལོར་རྒྱལ་ནང་དུ་ལོ་15ཡན་གྱི་མི་ཚོགས་ཁྲོད་ཐ་མག་འཐེན་ཚད་26.6%ཟིན་པ་དང་དེའི་ནང་སྐྱེས་པའི་མི་གྲངས་ཀྱིས་50.5%ཟིན་གྱི་ཡོད་པ་རེད། རང་རྒྱལ་དུ་ལོ་ལྟར་ཐ་མག་གི་གནོད་འཚེ་ཕོག་ནས་ཤི་བའི་མི་གྲངས་ཁྲི་100ལྷག་ཟིན་གྱི་ཡོད། གལ་ཏེ་བྱེད་ཐབས་ནུས་ལྡན་མ་སྤྱད་ཚེ་སྤྱི་ལོ་་2030ལོར་སླེབས་སྐབས་ལོ་རེའི་ཐ་མག་གི་གནོད་འཚེས་ཤི་བའི་མི་གྲངས་ཁྲི་200ལ་སླེབས་པ་དང་། སྤྱི་ལོ་2050ལོར་སླེབས་སྐབས་མི་ཁྲི་300ལ་སླེབས་སྲིད་པ་རེད། 

         པེ་ཅིན་ཞེ་ཧོ་སྨན་ཁང་གི་བྲང་ཚན་ཕྱི་ནད་ཚན་ཁག་གི་ཀྲུའུ་རེན་ལི་ཏན་ཆིང་གིས། ཉིན་རེར་ཐ་མག་རྐང་10ནས་20བར་འཐེན་ཚེ་གློ་སྐྲན་ཕོག་ཚད་15%བར་མཐོ་རུ་འགྲོ་བ་དང་། རྐང་20ནས་40བར་འཐེན་ཚེ་གློ་སྐྲན་ཕོག་ཚད་28%བར་མཐོ་རུ་འགྲོ་བ། ཉིན་རེར་ཐ་མག་རྐང་40ལས་བརྒལ་ཚེ་གློ་སྐྲན་ཕོག་ཚད་68%ཟིན་གྱི་ཡོད་ཅེས་གསུངས་ཡོད་པ་རེད།
         སྙན་ཞུའི་ནང་ཐ་མག་དངོས་སུ་འཐེན་མཁན་དང་ཐ་མག་འཐེན་མཁན་དང་མཉམ་དུ་སྡོད་མཁན་གྱི་གནས་ཚུལ་དང་དེ་བཞིན་བདེ་ཐང་ལ་གནོད་འཚེ་ཐེབས་ཚུལ་གྱི་དཔང་རྟགས་གཙོ་གནད་དུ་གསལ་བཤད་བྱས་ཡོད་པ་དང་། ལྷག་པར་དུ་དབུགས་ལམ་མ་ལག་གི་ནད་དང་། སྐྲན་ནད། སྙིང་ཀླད་ཁྲག་རྩའི་ནད་གཞི། གཅིན་པ་མངར་འགྱུར་གྱི་ནད་བཅས་གཅོང་ནད་ཆེན་པོ་བཞིའི་འབྲེལ་བ་བཅས་གཙོ་གནད་ཐོག་གསར་བརྗེས་བྱས་ཡོད་པ་དང་། དུས་མཚུངས་སུ་གློག་རྡུལ་དུ་བས་བདེ་ཐང་ལ་གནོད་འཚེ་བཟོ་བའི་གནས་ཚུལ་སོགས་ཀྱི་ནང་དོན་ཀྱང་ཁ་སྣོན་བྱས་ཡོད།

         སྙན་ཞུའི་ནང་། ཐ་མག་གི་དུ་བའི་ཁྲོད་མ་མཐར་ཡང་སྐྲན་ནད་སློང་བའི་དངོས་རྫས་རིགས་69ཚུད་ཡོད་པས། མིའི་ལུས་ཁམས་སྐྲན་ནད་སློང་བའི་དངོས་རྫས་དེ་དག་དང་འཕྲད་སྐབས་གཟུགས་པོའི་ནང་གི་འགག་རྩའི་རྒྱུད་རྒྱུ་ལ་ཡུན་རིང་རང་བཞིན་གྱི་འཕོ་འགྱུར་འབྱུང་ཞིང་རིམ་གསོག་ཐེབས་པ་དང་། རྒྱུན་ལྡན་གྱི་སྐྱེ་འཚར་སྙོམས་སྒྲིག་ལམ་སྲོལ་འཁྲུག་ཅིང་སྐྲན་ནག་ཐོན་གྱི་ཡོད་པའི་ངོས་འཛིན་བྱས་འདུག དཔང་རྟགས་ཁུངས་བཙན་རྙེད་པ་ལྟར་ན། ཐ་མག་འཐེན་ན་གློ་སྐྲན་དང་། ཨོལ་སྐྲན། ལྒང་བུའི་འབྲས་སྐྲན། ཕོ་བའི་འབྲས་སྐྲན། མངལ་སྐེའི་འབྲས་སྐྲན། བསམ་བསེའུ་འབྲས་སྐྲན། ཤན་རྨེན་འབྲས་སྐྲན། མིད་པའི་འབྲས་སྐྲན། མཁལ་མའི་འབྲས་སྐྲན་སོགས་སློང་ཉེན་ཆེ་བ་དང་། ཐ་མག་འཐེན་ཚད་མང་བ་དང་དུས་ཡུན་རིང་པོ་འཐེན་མཁན་ལ་ནད་འབྱུང་བའི་ཉེན་ཁ་ལྷག་པར་དུ་ཆེ་བ་ཡོད་པ་མ་ཟད། ཐ་མག་འཐེན་ན་མྱུར་གཤིས་ཁྲག་རིལ་དཀར་པོའི་ནད་དང་། སྣ་མིག་འབྲས་སྐྲན། གཞང་དཀར་ནག་གི་འབྲས་སྐྲན། ནུ་མའི་འབྲས་སྐྲན་སོགས་ཕོག་ཉེན་ཆེ་རུ་འགྲོ་གི་ཡོད་པ་རེད།  ཐ་མག་གཅད་ན་འབྲས་སྐྲན་དེ་རིགས་ཕོག་པའི་ཉེན་ཁ་ཆུང་དུ་འགྲོ་བ་མ་ཟད་ཕོག་ཟིན་པའི་སྙུང་གཞིའི་འཕེལ་ཕྱོགས་སྔོག་དཔག་ཀྱང་བྱེད་ཐུབ་ཀྱི་ཡོད་པ་རེད།
39.7K

ཐག་རག་ཡིག་བསྒྱུར་མ་ལག

དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1