གཙོ་ངོས།>> དམངས་སྲོལ།>>དུར་འཇུག

རྩོམ་པ་པོ། མི་གསལ། རྩོམ་སྒྲིག་པ།དབང་ཆེན།ཡོང་ཁུངས།ཀྲུང་གོའི་བོད་ལྗོངས་དྲ་བ། སྤེལ་དུས། ༢༠༢༡ལོའི་ཟླ་བ་༠༦ཚེས་༡༡ཉིན།

༄༅།།མདོ་སྟོད་ཡུལ་ཤུལ་གྱི་གནའ་བོའི་བང་སོའི་སྐོར།

   དེ་ཡང་བོད་ཀྱི་ལོ་རྒྱུས་དེབ་ཐེར་དང་གནའ་རྫས་ཞིབ་འཇུག་པ་མང་པོས་མདོ་དབུས་མཐོ་སྒང་གི་ཡུལ་འདི་ལ་ལོ་ངོ་ཁྲི་ཕྲག་ཡར་སྔོན་ནས་བཟུང་འགྲོ་བ་མི་བྱུང་བར་འདོད་པ་བཞིན། གཙང་ཆེན་འབྲི་ཆུ་སྔོན་པོའི་སྟོད་ལ་ཆགས་པའི་འབྲི་ཡི་རིགས་རྒྱུད་ཀྱང་ལོ་ངོ་ཁྲི་ཕྲག་གི་ཡར་སྔོན་ནས་གོས་སུ་ཤིང་ལོ་གྱོན་ཞིང་། ཟས་སུ་མ་རྨོས་ལོ་ཏོག་ཟོས་ནས་བོད་རང་ས་རང་ཡུལ་ནས་སྐྱེ་འཕེལ་བྱུང་།  དེའི་སྐོར་དགེ་རྒན་དབང་གྲགས་ཀྱིས་བརྩམས་པའི་སྒ་སྐྱ་ལོའི་ཡུལ་མིང་གི་འཕོ་འགྱུར་ལ་དཔྱད་པའི་གཏམ་མཁས་པའི་མགུལ་རྒྱན་ཞེས་པའི་དེབ་དེ་ལས། “ཁ་བ་རི་བོའི་ལྗོངས་འདི་ནི་འགྲོ་བ་མིའི་རིགས་བྱུང་བའི་གནས་གཙོ་བོ་ཞིག་ཡིན་པ་དང་། དེ་ལས་འཕྲོས་ཏེ་སྨར་ཆུང་གཞུང་དང་ཨ་ཆེན་བྱང་ཐང་བཅས་ནས་གསར་དུ་རྙེད་པའི་གནའ་རྫས་ལ་ཞིབ་འཇུག་པས་ཡུལ་ཤུལ་མི་ཞེས་ཐ་སྙད་གསར་བ་བཏགས་པའི་རིག་རྫས་དེ་ཡིས་བྱང་ཨ་ཆེན་གངས་རིའི་ཚུར་ནང་། ནུབ་གདང་ལ་རི་བོའི་མར་ཕྱོགས། འབྲི་ཆུ་སྔོན་མོའི་ཆུ་མགོའི་ཁོར་ཡུག་ཏུ་མི་ལོ་ཆིག་ཁྲི་སྔོན་དུ་མི་ཡི་བསྟན་པ་ཚུགས་ཤིང་དར་རྒྱས་སུ་སོང་བ་རེད་ཅེས་བདེན་དཔང་བྱེད”ཅེས་བསྐལ་བ་ཁྲི་ཕྲག་མང་པོའི་ཡར་སྔོན་ལ་བོད་གདོད་མའི་སྤྱི་ཚོགས་དར་བ་དང་བསྟུན་ནས་ཡུལ་ཤུལ་མི་ཞེས་པའི་རུས་རྒྱུད་ཀྱི་ཚོ་བ་ཆེན་པོ་ཞིག་མདོ་དབུས་མཐོ་སྒང་དུ་འཚོ་སྡོད་བྱས་ཡོད་པར་གདོན་མི་ཟའོ། དེས་ན་གསེར་ལྡན་འབྲི་ཆུ་སྔོན་མོའི་སྟོད་ལ་ཆགས་པའི་ཕ་ཡུལ་ཤུལ་གྱི་ཡུལ་སྡེ་འདིའི་མིང་གི་མཆེད་ཁུངས་ནི་ལྡོང་གི་ཤུལ་ཆེན་བཅོ་བརྒྱད་གྲས་ཀྱི་ཤུལ་ཡིན་པས་ཡུལ་ཤུལ་ཞེས་མིང་བཏགས་པར་གསལ། ཡུལ་ཤུལ་ཁུལ་ནི་མཚོ་སྔོན་ཞིང་ཆེན་གྱི་མདོ་དབུས་མཐོ་སྒང་གི་ལྟེ་བ་རྨ་འབྲི་རྫ་གསུམ་གྱི་འགོ་ཁུངས་སུ་ཡོད་ཅིང་། ཆ་སྙོམས་མཚོའི་ངོས་ནས་མཐོ་ཚད་སྤྱི་ཁྲེ42000ཡན་ཡིན།དེ་ཡང་ཤར་གྱི་གཞུང་ཐིག89°27′~97°39′དང་བྱང་གི་འཕྲེད་ཐིག31°45′~36°10′བར་གནས་ལ། ཁུལ་ཡོངས་ཀྱི་ཤར་ནུབ་ཀྱི་རིང་ཚད་ལ་སྤྱི་ལེ738ཡོད་པ་དང་། ལྷོ་བྱང་གི་ཞེང་ལ་སྤྱི་ལེ406ཡོད་པ་ཡིན། ཡང་ཁུལ་ཡོངས་ཀྱི་སྤྱིའི་རྒྱ་ཁྱོན་ལ་སྤྱི་ལེ་གྲུ་བཞི་མ267000ཡོད་པ་དང་། མཚོ་སྔོན་ཞིང་ཆེན་གྱི་སྤྱིའི་རྒྱ་ཁྱོན་གྱི37.2% ཟིན་ཡོད། ཁྱབ་ཁོངས་སུ་གྲོང་ཁྱེར1དང་། ནང་ཆེན་རྫོང་། ཁྲི་འདུ་རྫོང་། རྫ་སྟོད་རྫོང་། འབྲི་སྟོད་རྫོང་། ཆུ་དམར་ལེབ་རྫོང་བཅས་རྫོང5། གྲོང་རྡལ10། ཡུལ་ཚོ35། སྡེ་བ257བཅས་ཡོད།


          དེ་ལྟར་ཡུལ་ཤུལ་གྱི་ས་ཁུལ་དག་ན་ས་དགེ་བཀའ་རྙིང་སོགས་གྲུབ་མཐའ་སོ་སོའི་དགོན་སྡེ400ལྷག་ཡོད་པའི་བོད་ཀྱི་སྲོལ་རྒྱུན་རིག་གནས་ཀྱི་རྫོང་ཤིན་ཏུ་མཐུག་པ་དང་།  གནའ་བོའི་ལབ་ཙེ་དང་མཆོད་རྟེན་རྙིང་པ། རྡོ་བརྐོས་རི་མོ། བྲག་ཁུང་། གནའ་ཤུལ་བཅས་ཤིན་ཏུ་མང་བའི་མི་ཚད། ད་རུང་འབྲི་ཆུའི་འགྲམ་རྒྱུད་གང་རུང་ན་གནའ་བོའི་བང་སོ་སྟོང་ཕྲག་ལྷག་ཡོད་པ་དང་། དེ་དག་གི་བང་སོའི་ཚོགས་ཁྱུ་གཅིག་ན་མ་མཐར་ཡང་བང་སོ་བཅུ་ཕྲག་ལྷག་གི་ཡན་དང་མང་ཆེ་བར་བང་སོ་བརྒྱ་ཕྲག་ལྷག་གི་གྲུབ་ཡོད་པས་གཞི་ཁྱོན་འདི་འདྲ་ཆགས་པ་ལ་དུས་ཡུན་ཐུང་ངུ་ཞིག་ནང་བྱུང་བ་གཏན་ནས་མི་སྲིད། གྲུ་བཞི་དང་ཟླུམ་དབྱིབས། སྐས་དབྱིབས་ཅན་གྱི་རྣམ་པ་མང་བ་དང་། མང་ཆེ་བ་ས་རྡོ་ཤིང་གསུམ་ལས་གྲུབ་པའི་ཕྱིའི་བཀོད་པ་རྔམ་བརྗིད་ལྡན་པ་བཅས་ཡིན། འོན་ཀྱང་བང་སོ་དེ་དག་དུས་རབས་གང་ལ་བྱུང་བ་སོགས་དེའི་ལོ་རྒྱུས་སྐོར་ད་བར་བཙལ་འཚོལ་ཐུབ་པའི་ལོ་རྒྱུས་དཔྱད་གཞིའི་ཡིག་ཆ་ཁག་གི་ནང་གཏན་ནས་མི་གསལ་ཁར་ས་གནས་དེ་གའི་མི་ཚོས་ཀྱང་བང་སོ་ནི“འདྲེ་ཁང་དང་སོག་རོ”ཡིན་པར་ངོས་འཛིན་བྱས་ནས་ད་ལྟ་བར་ཚང་མས་དོ་སྣང་མ་བྱུང་བར་ལུས། དེར་བརྟེན་ཡུལ་ཤུལ་གྱི་གནའ་བོའི་བང་སོའི་ཚོགས་དེ་རྣམས་ཡང་སྙིང་དུས་རབས་གང་འདྲ་ཞིག་ལ་བྱུང་བ་སོགས་ཞིབ་ཕྲའི་ལོ་དུས་དང་སྐབས་དེའི་ཆབ་སྲིད་ཐོག་གི་གོ་གནས་ཇི་ལྟར་ཡིན་མིན་བཅས་གནད་དོན་མང་པོའི་ཐད་ལ་ཁ་ཚོན་གཅོད་པར་དཀའ། ཡིན་ནའང་བང་སོའི་བཟོ་དབྱིབས་དང་སྐྲུན་ཐབས་སོགས་གང་ཅིའི་ཐོག་ནས་བོད་བཙན་པོའི་དུས་སྐབས་ཀྱི་བང་སོ་དང་དབྱེ་ཁྱད་མེད་པ་མ་ཟད། བང་སོ་མང་ཆེ་བ་སྟེང་ནས་འོག་ཏུ་བྲུས་ནས་དུར་རྫས་རྐུ་འཁྱེར་སོང་བའི་གནས་ཚུལ་ཡང་གཅིག་མཚུངས་ཡིན་པ་དང་། རུལ་སྐྱོན་ཡོང་རྒྱུ་འགོག་ཆེད་བླུགས་པའི་སོལ་བ་རྡོག་པོ་མང་ཙམ་མཐོང་རྒྱུ་ཡོད་པ། དེ་མིན་བང་སོའི་སྟེང་དེའུ་འབུར་བརྩིགས་པ་དང་རྡོ་རྩིག་བསྐོར་བའི་དུར་མཆོད་བྱས་ཤུལ་ཡོད་པ། བང་སོ་ཚོགས་ཀྱི་ཁ་ཕྱོགས་ཀྱང་རང་བྱུང་རི་བོ་གཏད་ཕྱོགས་དང་མཚུངས་ཤིང་། ཁྱོན་ཡོངས་ཀྱི་ཆགས་ཚུལ་ནི་གཅིག་སྡུད་ཆེ་ལ་གྲལ་བསྟར་སྒྲིག་པ་སོགས་ཀྱི་ཁྱད་ཆོས་མངའ་བས། ཡུལ་ཤུལ་གྱི་གནའ་རབས་བང་སོའི་ཚོགས་ནི་བོད་བཙན་པོའི་དུས་སྐབས་ཀྱི་བང་སོ་ཁག་དང་འདྲ་བར་འབངས་གྱེན་ལོག་མ་བྱུང་སྔོན་གྱི་སྤུར་རྒྱལ་བཙན་པོའི་དུས་སུ་བྱུང་བར་འདོད། ད་ནི་བདག་གིས2009ལོར་མཐོང་མྱོང་བའི་ཡུལ་ཤུལ་གྱི་བང་སོའི་སྐོར་ངོ་སྤྲོད་མདོར་བསྡུས་ཤིག་བྱ།



          སྤྱིར་ཡུལ་ཤུལ་གྱི་བང་སོའི་ཚོགས་རྣམས་གཅིག་སྡུད་དུ་གནས་པ་ཙམ་མ་ཡིན་པར་རྫོང་ཁག་སོ་སོ་རུ་མཆེད་ཡོད་པ་དང་། རགས་རྩིས་བྱས་ན། ཡུལ་ཤུག་གྲོང་ཁྱེར་མངའ་ཁོངས་ཀྱི་རོང་པོ་བྱ་ཉ་དང་། སྙེད་ཆེན་གཡག་མགོ་ཐང་། རྒྱ་ལུང་སོགས་སུ་བང་སོ500ལྷག་ཡོད་པ་དང་། ཁྲི་འདུ་རྫོང་གི་དཔེ་རོང་ལུང་བ། སྤང་པ། རྫ་སྟོད་སོགས་སུ་བང་སོ400ལྷག་ཡོད། འབྲི་སྟོད་རྫོང་གི་འབྲུ་ཆུ་དང་སྐེད་ཚལ། སྐྱོ་མདའ་སོགས་སུ་བང་སོ350ལྷག་ཡོད་ལ། ད་རུང་ཆུ་མ་ལེབ་དང་ནང་ཆེན་རྫོང་ཁོངས་སུའང་མི་ཉུང་བ་ཡོད་པར་བཤད། གཞན་ཁྲི་འདུ་རྫོང་སེར་པ་དགོན་པའི་ཉེ་འདབས་ཀྱི་མི་ཚང་ཞིག་གིས་ཁང་པ་ལས་སྐབས་ས་འོག་ནས་ཐོན་པའི་མི་རོ་དང་ལྷན་དུ་རྟ་རུས་དང་། སོག་རུས་རི་མོ་ཅན། རྫ་མ་ལུང་གཉིས་ཅན། དུང་དཀར་ཆུང་ཆུང་གང་མང་། དེ་མིན་མཆོང་དང་ལྕགས་ཆས། ད་རུང་ཟངས་ཀྱི་མེ་ལོང་དང་གཞན་ཟངས་ཀྱི་ཅ་ལག་འབོར་ཆེན་བཅས་རྙེད་ཡོད་ཅིང་། དུར་དུ་སྦ་ཚུལ་དེ་ལ་བརྟགས་ན་གནའ་བོའི་བོན་པོའི་ཆོས་ལུགས་དང་འབྲེལ་བ་ངེས་ཅན་ཞིག་ཡོད་པར་མཐོང་སྟེ། སྐབས་དེར་ཟངས་ལྕགས་བཟོ་རྒྱུའི་ལག་རྩལ་ཧ་ཅང་མཐོན་པོར་སླེབས་ཡོད་པ་ཤེས་ཐུབ། གཞན་ཡུལ་ཤུལ་ཁུལ་ན་བང་སོའི་ཚོགས་བརྒྱད་ལྷག་ཡོད་ལ་དེ་གྲས་ཀྱི་རོང་པོ་མཚོ་སྣའི་གཉན་ཐང་བང་སོའི་ཚོགས(宁塘滩墓群)ནི་ཤར་ནུབ་ཀྱི་རིང་ཚད་ལ་རྨིས763དང་ལྷོ་བྱང་གི་རིང་ཚད་ལ་རྨིས414ཡོད། རྒྱ་ཁྱོན་ལ་སྨི་གྲུ་བཞི་མ315000ཡོད་ཅིང་། བསྡོམས་པས་ས་སྤུངས་ཀྱི་དེའུ་འབུར་ཆེ་ཆུང91ཡོད། ས་སྤུངས་ཀྱི་མཐོ་ཚད་ལ་རྨིས2ནས5བར་ཡིན་པ་དང་། ཞབས་ཀྱི་ཆེ་ཆུང་གཅིག་མཚུངས་མིན་པས། ཆེས་ཆེ་བའི་རིང་ཚད་ལ་རྨིས40×40དང་ཆེས་ཆུང་བའི་རིང་ཚད་ཀྱང་རྨིས4×4ཡོད།དབྱིབས་ནི་གྲུ་བཞི་མ་མང་ཞིང་སྐས་དབྱིབས་ཀྱང་ཉུང་ཙམ་འདུག ས་འདམ་དང་རྡོ་རྩིག་གིས་གྲུབ་པས་དུར་རྫས་རྐུ་འཁྱེར་སོང་བའི་རྟགས་མཚན་མེད་ལ་གཏོར་སྐྱོན་ཚབས་ཆེན་བྱུང་མེད་པས་ཐོག་མའི་རྣམ་པ་ཇི་བཞིན་དུ་གསལ། བང་སོ་ཆེན་པོ་དག་དཀྱིལ་དུ་བཀྲོངས་ངེར་འགྱིངས་ཤིང་བང་སོ་འབྲིང་ཆུང་དག་ཤར་ནུབ་ཕྱོགས་སུ་བསྟར་མར་བསྒྲིགས་ཡོད་པར་གྲལ་རིམ་མཐོ་དམན་གྱི་རིམ་པ་གསལ་བོར་ཕྱེ་ཡོད། བང་སོའི་ཚོགས་འདིས་ཡུལ་ཤུལ་གྱི་བང་སོའི་ཚོགས་མང་པོ་ཞིག་གི་ཚབ་མཚོན་ཐུབ་ཕྱིར་མང་བར་དོགས་ནས་གཞན་དག་རེ་ཞིག་བསྐྱུར་བ་ཡིན།  མདོར་ན་མདོ་སྟོད་ཡུལ་ཤུལ་ནས་རྙེད་པའི་གནའ་བོའི་བང་སོའི་ཚོགས་ནི་གཞི་རྒྱ་ཆེ་བ་དང་། བཟོ་དབྱིབས་རྣམ་པ་མང་བ། གཏོར་སྐྱོན་ཐེབས་ཚད་ཉུང་བ། མཐོ་དམན་གྱི་རིམ་པ་གསལ་བ་བཅས་ཀྱི་ཁྱད་ཆོས་མངའ་བས། གེ་སར་རིག་གནས་ཙམ་ལ་ཞིབ་འཇུག་བྱེད་པའི་རིན་ཐང་ལས་རིང་དུ་འགོངས་ཏེ་གནའ་རབས་བོད་མིའི་སྤྱི་ཚོགས་ཀྱི་ལམ་ལུགས་དང་། བསམ་པའི་འདུ་ཤེས། ཐོན་སྐྱེད་ཀྱི་ནུས་པ། རིག་གནས་དང་ལག་རྩལ་གྱི་ཆུ་ཚད་སོགས་བོད་ཀྱི་ལོ་རྒྱུས་ལ་ཞིབ་འཇུག་བྱེད་རྒྱུར་རྩ་འགངས་ཆེ་བའི་དངོས་པོའི་དཔྱད་གཞི་རིན་ཐང་བྲལ་བ་མཁོ་འདོན་ཐུབ་པ་དང་། མྱུར་བ་མྱུར་བར་ལོ་ངོ་སྟོང་ཕྲག་སྔོན་གྱི་ཡུལ་ཤུལ་གྱི་གནའ་བོའི་བང་སོ་དག་ལ་སྲུང་སྐྱོང་དང་། སྔོག་འདོན། ཞིབ་འཇུག་བཅས་བྱ་ཐུབ་ཚེ། ཡུལ་ཤུལ་ས་ཁུལ་ནི་མཚོ་བོད་མཐོ་སྒང་སྟེང་གི་གནའ་བོའི་མི་རིགས་ཀྱི་བྱ་སྤྱོད་སྤེལ་སའི་རྗེས་ཤུལ་གལ་ཆེན་ཞིག་ཡིན་པ་ར་སྤྲོད་ཐུབ་པ་དང་། ཡུལ་འདིའི་ལོ་རྒྱུས་དང་རིག་གནས་ཐམས་ཅད་ཀྱང་གཙང་ཆེན་འབྲི་ཆུ་སྔོན་མོའི་རླབས་རྒྱུན་དང་འགྲོགས་ཏེ་འཛམ་གླིང་ལོ་རྒྱུས་ཀྱི་ཤོག་ལྷེབ་ངོས་སུ་ཡང་བསྐྱར་སྐར་མ་སྨིན་དྲུག་བཞིན་འོད་ལམ་ལམ་དུ་འཚེར་བར་གདོན་མི་ཟའོ།།

         

39.7K

ཐག་རག་ཡིག་བསྒྱུར་མ་ལག

དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1