གཙོ་ངོས།>> ཞིབ་འཇུག>>སྐད་ཡིག

རྩོམ་པ་པོ། གཡང་རྒྱལ་ཚེ་རིང་། རིན་ཆེན་བྱམས། རྩོམ་སྒྲིག་པ།དབང་ཆེན།ཡོང་ཁུངས།ཀྲུང་གོའི་བོད་ལྗོངས་དྲ་བ། སྤེལ་དུས། ༢༠༢༡ལོའི་ཟླ་བ་༠༦ཚེས་༡༥ཉིན།

༄༅།།བོད་སྐད་དང་འཛམ་གླིང་གི་གཙོ་རྒྱུགས་སྐད་རིགས21ཕན་ཚུན་སྒྱུར་ཐུབ་པའི་ཐོན་མིའི་ཡིག་སྒྱུར་མ་ལག

  ཀྲུང་གོའི་བོད་ལྗོངས་དྲ་བའི་འཕྲིན།  ཟླ8པའི་ཚེས5ཉིན་གྱི་སྔ་དྲོར།  རྒྱལ་ཡོངས་བོད་ཡིག་སྨྱན་སྦྱོར་མཐུན་སྦྱོར་ཚོགས་འདུ་སྐབས་ཉི་ཤུ་པའི“སྨྱན་སྦྱོར་གཅིག་མཐུན་སྒོས་གོང་སྤེལ་གྱི་ཉམས་མྱོང་བརྗེ་རེས་ཚོགས་འདུ”ཞེས་པ་དེ་མཚོ་སྔོན་ཞིང་ཆེན་མཚོ་ལྷོ་བོད་རིགས་རང་སྐྱོང་ཁུལ་གུང་ཧོ་རྫོང་དུ་གནས་པའི་མཚོ་ལྷོ་ཁུལ་བོད་ཡིག་ཆ་འཕྲིན་ཞིབ་འཇུག་ལྟེ་གནས་སུ་འཚོགས་ཤིང་།  ཚོགས་འདུའི་སྟེང་དུ་ཐོན་མིའི་ལོ་ཙཱའི་ལས་སྒོ་གསར་འབྱེད་པ་སྟག་ལྷ་འབུམ་གྱིས་ཐོན་མིའི་ཡིག་སྒྱུར་མ་ལག་གི་སྒྲིག་རིམ་ངོ་སྤྲོད་བྱས་པ་དང་།  བོད་ཡིག་སྨྱན་སྦྱོར་ལས་གཉེར་པ100ལྷག་དང་འབྲེལ་ཡོད་འགོ་ཁྲིད་ཀྱིས་གསན་གཟིགས་གནང་རྗེས་དགའ་བསུ་དང་གདེང་འཇོག་ཚད་མེད་ཐོབ། 

 
 སྟག་ལྷ་འབུམ་གྱིས་ཚོགས་འདུའི་སྟེང་དུ་ཡིག་སྒྱུར་མ་ལག་ངོ་སྤྲོད་གནང་བཞིན་པ།  
          སྟག་ལྷ་འབུམ་གྱིས“ཐོན་མིའི་ཡིག་སྒྱུར་གྱི་མ་ལག་འདི་ནི་བོད་ཡིག་ཆ་འཕྲིན་ལག་རྩལ་འཕེལ་རྒྱས་ཁྲོད་ཀྱི་མིས་བཟོས་རིག་སྟོབས་ཀྱི་གྲུབ་འབྲས་མངོན་གསལ་བླངས་པའི་སྐད་ཡིག་བརྗེ་རེས་ཀྱི་ཉེར་སྤྱོད་མ་ལག་ཅིག་ཡིན་ལ།  མ་ལག་འདིས་འཛམ་གླིང་གི་གཙོ་རྒྱུགས་སྐད་རིགས་ཉེར་གཅིག་སྟེ།  བོད་དང་རྒྱ།  དབྱིན་ཇི་དང་ཉི་ཧོང་།  ཁོ་རེ་ཡ་དང་ཧྥ་རན་སི།  སི་ཕེན།  ཨུ་རུ་སུ།  ཨ་རབ།  ཐེ་ལན།  ཕོར་ཐིའུ་ཀལ།  སོག་པོ།  འཇར་མན།  ཧིན་རྡུ་ཉི་ཞི་ཡ།  རྒྱ་གར།  ཡུ་གུར།  མ་ལེ་ཞི་ཡ།  དབྱི་ཐ་ལི།  ཀེ་རི་སེ།  ཧོ་ལན།  བལ་པོ་བཅས་ཀྱི་ཡི་གེ་ཕན་ཚུན་ལ་སྒྱུར་ཐུབ་པ་དང་།  བོད་སྐད་རང་རྒྱལ་གྱི་སྤྱི་སྐད་དང་སོག་སྐད།  ཡུ་གུར་སྐད་བཅས་ལ་སྐད་ཆའི་ལམ་ནས་སྒྱུར་ཐུབ་པས།  སྐད་རིགས་བརྗེ་རེས་ཀྱི་ཚ་རླབས་དྲག་ཏུ་འཕྱུར་བའི་དེང་གི་འཚོ་བའི་ཁྲོད་ཀྱི་མི་རྣམས་ལ་བེད་སྤྱོད་ཀྱི་རིན་ཐང་གལ་ཆེན་བསྐྲུན་ཡོད”ཅེས་གསུངས།  
 
ཀུང་སིའི་ལས་བཟོ་བས་ཚོགས་ཞུགས་མི་སྣ་ལ་ཡིག་སྒྱུར་མ་ལག་ངོ་སྤྲོད་གནང་བཞིན་པ།  
 
ཀུང་སིའི་ལས་བཟོ་བས་ཚོགས་ཞུགས་མི་སྣ་ལ་ཡིག་སྒྱུར་མ་ལག་ངོ་སྤྲོད་གནང་བཞིན་པ།  
          གསར་འགོད་པས་ཚོགས་འདུའི་སྟེང་དུ་རྒྱུས་ལོན་བྱུང་བ་ལྟར་ན།  མ་ལག་འདི་ནི་མཚོ་སྔོན་ཐོན་མིའི་ཆ་འཕྲིན་ཚན་རྩལ་ཚད་ཡོད་སྤྱི་གཉེར་ཁང་གིས་ལོ་ངོ་དུ་མའི་རིང་ཞིབ་འཇུག་བྱས་ནས་གསར་སྤེལ་བྱས་པ་ཞིག་རེད་ལ།  ད་ལྟ་མ་ལག་འདི་བོད་ལྗོངས་དང་བོད་འབྲེལ་ལས་དོན་གཙོ་གནད་ཞིང་ཆེན་དུ་སྤྱོད་ཚད་ཆེས་མང་ཞིང་ནུས་པ་ཆེས་ཕུན་སུམ་ཚོགས་པའི་ཡིག་སྒྱུར་མ་ལག་ཅིག་ཏུ་གྱུར་འདུག མ་འོངས་པར་མུ་མཐུད་དུ་བོད་ཡིག་ཆ་འཕྲིན་ལག་རྩལ་ཞིབ་འཇུག་དང་གསར་སྤེལ།  གཞི་གྲངས་འཛུགས་སྐྲུན།  མཉམ་འབྲེལ་དྲ་རྒྱའི་ཚོང་གཉེར།  རྒྱ་བོད་ཡིག་སྒྱུར་སོགས་ཀྱི་ལས་སྒོ་ལ་སྔར་ལས་ལྷག་པའི་ནུས་ཤུགས་གདོན་རྒྱུ་རེད།  
 
ཀྲུང་གོ་བོད་ཀྱི་དྲ་བའི་སྤྱི་ཁྱབ་རྩོམ་སྒྲིག་པ་རམས་ཚེ་བྷོ་ལགས་ཀྱིས་བསམ་ཚུལ་བརྗོད་བཞིན་པ།  མཚོ་སྔོན་ཉིན་རེའི་ཚགས་པར་ཁང་གི་ཀྲུང་གོ་བོད་ཀྱི་དྲ་བའི་སྤྱི་ཁྱབ་རྩོམ་སྒྲིག་པ་ཚེ་བྷོ་ཡིས“ཡིག་སྒྱུར་མ་ལག་འདི་ཉིད་མཐོང་བས་ཤིན་ཏུ་དགའ་བྱུང་།  ང་ཚོ་ལ་འདི་དང་འདི་ལྟ་བུའི་དེང་རབས་ཆ་འཕྲིན་ལག་རྩལ་གྱི་ཐོན་རྫས་བྱུང་བ་ཤིན་ཏུ་ཡག་པོ་རེད།  མ་འོངས་པར་སྐད་མཛོད་འཚོལ་སྡུད་དང་འཛུགས་སྐྲུན་གྱི་ཐད་ལ་འབད་པ་ལྷུར་ལེན་བྱས་ཏེ།  ནང་དོན་སྔར་ལས་ལྷག་པར་འཐུས་ཚང་དུ་བཏང་ནས།  འགྱུར་སྐྱོན་མི་འབྱུང་བར་འབད་བརྩོན་བྱོས”ཞེས་སྐུལ་མ་ནན་ཏན་གནངས།  

   སྟག་ལྷ་འབུམ་གྱིས་ཀུང་སིའི་ནང་ཡིག་སྒྱུར་མ་ལག་ངོ་སྤྲོད་གནང་བཞིན་པ། དཀར་མཛེས་ཉིན་རེའི་ཚགས་པར་ཁང་གི་སྤྱིའི་རྩོམ་སྒྲིག་པ་གངས་དབང་ལགས་ཀྱིས“མཚོ་སྔོན་ས་ཆའི་བོད་ཡིག་ཆ་འཕྲིན་ལག་རྩལ་གྱི་གོམ་སྟབས་ཤིན་ཏུ་མགྱོགས་པ་དང་།  ང་ཚོས་རྗེས་ནས་འདིའི་ཐད་དུ་སློབ་སྦྱོང་དང་བསམ་བློ་བརྗེ་རེས་བྱེད་དགོས་འདུག  མ་འོངས་པར་སྔར་ལས་ལྷག་པར་ཡིད་ཆེས་ཡོད”ཅེས་གསུངས་པ་དང་།  “ཐོན་མིའི་ཡིག་སྒྱུར་མ་ལག་འདི་ནི་ཤིན་ཏུ་སྟབས་བདེ་ཞིང་།  ནང་དོན་ཕུན་སུམ་ཚོགས་པ་ཞིག་རེད།  འདི་ནི་བོད་སྐད་དང་བོད་ཡིག་རྒྱལ་སྤྱིའི་སྟེང་གི་སྐད་རིགས་སྣ་ཚོགས་དང་དཔུང་བ་མཉམ་གཤིབ་བྱེད་པ་དང་།  བོད་ཡིག་ཆ་འཕྲིན་ལག་རྩལ་དེང་རབས་ཅན་དང་རྒྱལ་སྤྱི་ཅན་དུ་འཕེལ་རྒྱས་སུ་བཏང་ནས།  བོད་ཀྱི་གཙུག་ལག་རིག་གནས་འདི་ཉིད་འཛམ་གླིང་ཡོངས་ལ་སྤེལ་བའི་གོམ་པ་གལ་ཆེན་ཞིག་རེད”ཅེས་གསུངས།  ཐོན་མིའི་ཡིག་སྒྱུར་མ་ལག་གི་ཐད་དུ་ད་དུང་གསར་འགོད་པ་དང་སྨྱན་སྦྱོར་ལས་གཉེར་པ་མང་པོ་ཞིག་གིས་རང་རང་གི་བསམ་ཚུལ་ལྷུག་པོར་བརྗོད་དེ།  ཚོགས་འདུ་ཧྲིལ་པོར་མཁས་བརྒྱ་འགྲན་གླེང་དང་མེ་ཏོག་མཉམ་བཞད་ཀྱི་རྣམ་པ་ཞིག་ཤར།  
 
ཐོན་མིའི་ཡིག་སྒྱུར་མ་ལག་གི་པར་དབང་།  
          རྒྱུས་ལོན་བྱུང་བ་ལྟར་ན།  2020ལོའི་ཟླ5པར།  ཐོན་མིའི་ཡིག་སྒྱུར་མ་ལག་ལ་ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་པར་དབང་ཅུས་ནས་པར་དཔང་ཐོབ་པ་དང་།  ད་ལྟར་འདི་ཉིད་ཁྲིམས་མཐུན་གྱི་མ་ལག་འཐུས་སྒོ་ཚང་བ་ཞིག་རེད།  
          ཐོན་མིའི་ཡིག་སྒྱུར་མ་ལག་ལ་བྱེད་ནུས་དང་ཁྱད་ཆོས་འདི་དག་ཡོད་དེ།  གཅིག་ནི་བོད་ཡིག་འཛམ་གླིང་གི་གཙོ་རྒྱུགས་སྐད་རིགས21ལ་སྦྲེལ་ཡོད་པ།  གཉིས་ནི་བོད་སྐད་རང་རྒྱལ་གྱི་སྤྱི་སྐད་དང་སོག་སྐད་སོགས་ལ་སྦྲེལ་ཡོད་པ།  གསུམ་ནི་ཐ་སྙད་དང་ཚིག་གྲུབ་གཉིས་ཀ་སྒྱུར་ཐུབ་པ།  བཞི་ནི་སྒྱུར་ཐེངས་རེར་ཡིག་འབྲུ་200སྡེབ་གཅིག་ལ་སྒྱུར་ཐུབ་པ།  ལྔ་ནི་འགྱུར་ཡིག་གི་དག་ཚད་ཕལ་ཆེར80%ལ་སླེབས་ཐུབ་པ།  དྲུག་ནི་སྒྲ་དང་ཡི་གེ་ཟུང་འབྲེལ་སྒོས་སྒྱུར་ཐུབ་པ།  བདུན་ནི་པར་ངོས་རྒྱ་བོད་གང་རུང་ལ་བརྗེ་སྒྱུར་བྱ་ཆོག་པ།  བརྒྱད་ནི་རང་ཉིད་ཀྱི་ཡིག་སྒྱུར་ཟིན་ཐོ་ཉར་ཚགས་བྱ་ཐུབ་ལ་བསུབ་ཀྱང་ཆོག་པ་བཅས་སོ།  །ཐོན་མིའི་ཡིག་སྒྱུར་མ་ལག་བཀོལ་སྤྱོད་བྱ་ཐབས་འདི་ལྟ་སྟེ།  ཐོག་མར་རང་གི་སྐད་འཕྲིན་དང་སྦྲེལ་རྗེས་ཁ་འབྱེད་ཨང་གྲངས་བླངས་ནས་ཐོ་ཨང་དང་གསང་གྲངས་ཐོ་འཇུག་བྱས་ན་ད་གཟོད་བཀོལ་སྤྱོད་བྱ་ཐུབ།  
39.7K

ཐག་རག་ཡིག་བསྒྱུར་མ་ལག

དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1