གཙོ་ངོས།>> གསར་འགྱུར།>>རྒྱལ་སྤྱི་གསར་འགྱུར།

རྩོམ་སྒྲིག་པ།ཚེ་དཔལ། ཡོང་ཁུངས།མི་དམངས་དྲ་བ། སྤེལ་དུས། ༢༠༢༡ལོའི་ཟླ་བ་༠༦ཚེས་༡༦ཉིན།

མོ་སི་ཁོས་སྨན་ཁབ་རྒྱག་མཁན་ལ་བྱ་དགའ་རླངས་འཁོར་སྤྲོད་རྩིས་འདུག

     ཟླ་6ཚེས་14ཉིན་ཤིན་ཧྭ་གསར་འགྱུར་ཁང་པེ་ཅིང་ནས་གློག་འཕྲིན་འབྱོར་གསལ། ཏོག་གསར་རིམས་འགོག་སྨན་ཁབ་རྒྱག་རྒྱུར་སྐུལ་འདེད་གཏོང་ཆེད། ཚེས་13ཉིན། ཨུ་རུ་སུའི་རྒྱལ་ས་མོ་སི་ཁོ་གྲོང་ཁྱེར་གྱི་འགོ་འཛིན་ཤེར་ཀེ•སུའོ་པི་ཡ་ཉིང་གིས་མོ་སི་ཁོ་ཡིས་རིམས་འགོག་སྨན་ཁབ་རྒྱག་མཁན་ལ་ཁ་ཕྱོགས་ནས་བྱ་དགའ་འཐེན་པའི་བྱེད་སྒོ་སྤེལ་ཏེ་གཟའ་འཁོར་རེར་བྱ་དགའ་ཐོབ་མཁན་5འཐེན་ནས་མི་རེར་རླངས་འཁོར་ཆུང་བ་རེ་སྤྲོད་རྒྱུ་ཡིན་ཞེས་ཁྱབ་བསྒྲགས་བྱས་པ་རེད།
     སུའོ་པི་ཡ་ཉིང་གིས་སྤྱི་ཚོགས་འབྲེལ་བའི་སྨྱན་སྦྱོར་ཐོག“ང་ཚོར་རིམས་འགོག་སྨན་ཁབ་བརྒྱབ་ཟིན་པའི་ལོ་60ཡན་གྱི་མོ་སི་ཁོའི་གྲོང་མིར་བྱ་དགའ་སྤྲོད་རྒྱུའི་རྣམ་གྲངས་ཡོད། ད་ཆ་ལོ་18ཡན་གྱི་རིམས་འགོག་སྨན་ཁབ་རྒྱག་མཁན་ཚང་མར་ཁ་གཏད་པའི་སྐུལ་ལྕག་བྱ་ཐབས་ཤིག་ཁ་སྣོན་བྱས་ཡོད”ཅེས་བྲིས་ཡོད་པ་རེད།
     ཨུ་རུ་སུའི་སྲུང་སྐར་གསར་འགྱུར་ཁང་གིས་གནས་ཚུལ་སྤེལ་བར་གཞིགས་ན། སྐུལ་ལྕག་གི་བྱེད་ཐབས་འདི་གཞིར་བཟུང་ཟླ་6ཚེས་14ཉིན་ནས་ཟླ་7ཚེས་11ཉིན་བར་ཏོག་གསར་རིམས་ནད་འགོག་ཁབ་ཐེངས་དང་པོ་བརྒྱབ་པའི་ལོ་18ཡན་གྱི་མོ་སི་ཁོའི་གྲོང་མི་རང་འགུལ་ངང་བྱ་དགའ་འཐེན་པའི་བྱེད་སྒོར་ཞུགས་ཆོག་ཅིང་། བྱ་དགའ་ནི་ཁྲོམ་རའི་ཐོག་རིན་གོང་ཕལ་ཆེར་ལུའུ་པུའུ་ཁྲི་100(ཕལ་ཆེར་མི་དམངས་ཤོག་སྒོར་ཁྲི་8.9)ཡི་རླངས་འཁོར་གཅིག་ཡིན་པ་རེད།
     ཟླ་6ཚེས་23ཉིན་ནས་བཟུང་། མོ་སི་ཁོའི་ས་གནས་དེ་གའི་བརྙན་འཕྲིན་ཁང་ཞིག་གིས་གཟའ་འཁོར་རེའི་གཟའ་ལྷག་པར་བྱ་དགའ་ཐོབ་མཁན་ཁྱབ་བསྒྲགས་བྱ་རྒྱུ་རེད།
     སུའོ་པི་ཡ་ཉིང་གིས་ད་དུང་བཤད་རྒྱུར། རིམས་འགོག་སྨན་ཁབ་བརྒྱབ་ཟིན་པའི་མི་དེ་ཚོར་མཚོན་ན། “ཐོབ་ཟིན་པ་ནི་རླངས་འཁོར་ཆུང་ངུ་གཅིག་ལས་བརྒལ་ཡོད། གང་ལེགས་ཤེ་ན། ཁོ་ཚོར་བདེ་ཐང་དང་བློ་བདེ་པོ་ཐོབ་ཡོད།”
     ཨུ་རུ་སུའི་རིམས་ནད་ཉེ་དུས་བསྐྱར་ལོག་བྱུང་ཞིང་། ཚེས་13ཉིན། མོ་སི་ཁོ་གྲོང་ཁྱེར་དུ་ཏོག་གསར་འགོས་ནད་ཀྱི་ནད་དཔེ་གསར་བ་7000ལས་བརྒལ་བ་ཐོན་པ་དེ་ཉེ་བའི་ཟླ་དྲུག་ནང་ཆེས་མང་ཤོས་ཡིན་པ་རེད། མོ་སི་ཁོ་གྲོང་ཁྱེར་གྱིས་རིམས་ནད་སྔོན་འགོག་བྱ་ཐབས་དམ་དུ་བཏང་སྟེ་མི་དེ་བས་མང་བ་ཞིག་ལ་རིམས་འགོག་སྨན་ཁབ་རྒྱག་དགོས་པའི་རེ་འབོད་བྱས་པ་རེད།

39.7K

ཐག་རག་ཡིག་བསྒྱུར་མ་ལག

དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1