གཙོ་ངོས།>> རྩོམ་རིག>>དཔྱད་རྩོམ།

རྩོམ་པ་པོ། དབལ་ཤུལ་རང་བྱུང་། རྩོམ་སྒྲིག་པ།དབང་ཆེན།ཡོང་ཁུངས།ཁམས་པའི་རིག་གནས་དྲ་བ། སྤེལ་དུས། ༢༠༢༡ལོའི་ཟླ་བ་༠༦ཚེས་༡༧ཉིན།

༄༅།།མིའི་རིགས་ཀྱི་ཤེས་རིག་བྱུང་འཕེལ་རགས་བཤད།

     གོ་ལ་རིལ་མོའི་སྒལ་གཞུང་དང་བྲང་ཁོག་དག་ཏུ་འཛམ་གླིང་ཤེས་རིག་གི་བདག་པོ་སྟེ། ང་ཚོ་འགྲོ་བ་མི་ཞེས་པ་འདིས་འཚོ་གཞིས་བཅས་ཡོད་ལ། དེས་ནི་སྲོག་ཆགས་གཞན་དག་འདྲ་བར་བྱུང་འཕེལ་གྱི་དུས་རིམ་དང་འཕེལ་རྒྱས་ཀྱི་དུས་རབས་དག་བསྟར་ལ་བརྒྱུས་ཏེ་ངོ་མཚར་དང་བཅས་མིའི་རིགས་ཀྱི་ལོ་རྒྱུས་བསྐྲུན་ཡོད། མིའི་རིགས་ཀྱི་རང་ཉིད་བྱུང་བ་ནས་དེའི་རིགས་རྒྱུད་འཕེལ་འགྱུར་དང་བདག་གཞན་གྱི་འདུ་ཤེས།  ཤེས་རིག་གསར་བསྐྲུན།  དད་མོས་དང་བཅས་ཁྲིམས། སྤྱི་ཚོགས་སྒྲིག་གཞི་སོགས་རིམ་གྱིས་བསྐྲུན་ཡོད། དེ་དག་ནི་དོན་ངོ་མར་ནམ་མཁའི་ལྷ་དང་འོག་མའི་ཀླུ། བར་གྱི་གཉན་ཟེར་བ་སོགས་གཞན་སུ་ཀྱང་བསྐྲུན་པ་མ་ཡིན་ཏེ། ཡོད་ཚད་མིའི་རིགས་རང་གི་རྣམ་དཔྱོད་དང་བློ་གྲོས་ནར་སོན་པའི་བརྒྱུད་རིམ་ཁྲོད་རང་གིས་བསྐྲུན་པའི་ངོ་མཚར་འབའ་ཞིག་ཡིན།  མིས་ཤེས་རིག་བསྐྲུན་པ་ནི་སྔ་གཞུག་གི་བརྒྱུད་རིམ་ཞིག་སྟེ། བསྐལ་བའི་ཡ་ཐོག་ཏུ་ཆེས་སྔ་བའི་མིའི་རིགས་འཕེལ་འགྱུར་བྱུང་ཚུལ་ནི། ལོ་ས་ཡ་ལྔ་ཡི་སྔོན་ཙམ་ནས་ཕྱི་ལོ་སྔོན་གྱི་ལོ་ལྔ་སྟོང་བར་དུ་ཆེས་སྔ་བའི་མིའི་རིགས་འཕེལ་འགྱུར་བྱུང་ཡོད་དེ། འཕེལ་འགྱུར་སྨྲ་བའི་ལུགས་ལྟར་ན། དེ་ནི་གཤེར་ལ་གནས་པའི་སྲོག་ཆགས་ནས་སྐམ་ལ་གནས་པའི་སྲོག་ཆགས་བར་འཕེལ་འགྱུར་བྱུང་ཞིང་། ནུར་འགྲོས་དང་གོག་བགྲོད་སྲོག་ཆགས་སོགས་ཀྱིས་མཚོན་པའི་སྐམ་སར་གནས་ཐུབ་པའི་སྲོགས་ཆགས་རིགས་དེའི་ཆ་ཤས་ཤིག་ག་ལེར་འགྱེལ་མ་ལངས་ཀྱིས་འགྲོ་ཐུབ་པ་བྱུང་བ་སྟེ།  ལྡོག་བརྩིས་བྱས་པའི་མི་ལོ་ས་ཡ་༣ལྷག་ཙམ་ནས་ཨ་ཧྥེ་རུ་ཁའི་ལྷོ་ཕྱོགས་ཀྱི་གདོད་མའི་སྤྲ་རིགས་བྱུང་ཞིང་། དེ་དང་དེའི་ཤར་ཕྱོགས་ཀྱི་གདོད་སྤྲ་(古猿)རྣམས་འཕེལ་འགྱུར་བྱུང་ནས། དེང་དུས་ཚན་རིག་པ་དང་མིའི་རིགས་རིག་གནས་པ་དག་གིས་འགྲོ་བ་མིའི་མཆེད་ཁུངས་ཧྥེ་གླིང་ཤར་མའི་གདོད་མིའི་སྤྲ་རིགས་དང་སྤྲ་མི་(猿人)ལ་ཁུངས་གཏུག་ཡོད་པ་དེ་རེད། དབང་པོ་དང་ཡན་ལག གཟུགས་ཕུང་གི་གྲུབ་ཚུལ་སོགས་ཕལ་ཆེར་ང་ཚོ་དང་ཆེར་འདྲ་བའི་སྤྲ་མི་དེ་དག་མིའི་རིགས་ཀྱི་མེས་པོ་ལྟ་བུར་ཆགས་པ་སྟེ། མེས་པོ་དེ་ཚོས་གདོད་སྤྲའི་དུས་རིམ་དང་སྔ་མའི་སྤྲ་མིའི་དུས་རིམ་ནས་ཕྱི་རབས་སྤྲ་མིའི་དུས་རིམ། གནའ་མིས་གནས་སྤོས་རྒྱང་བསྐྱོད་ཆེན་པོའི་དུས་རིམ། སྔ་མའི་ཤེས་ལྡན་མིའམ་གྲུང་མིའི་(智人)དུས་རིམ་ནས་ཕྱིས་འཕེལ་གྲུང་མིའི་དུས་རིམ། རིམ་བཞིན་སྔ་ཕྱིའི་རྡོ་ཆས་གསར་རྙིང་གི་དུས་རབས། མ་རྒྱུད་སྤྱི་ཚོགས་ཀྱི་དུས་རིམ།  ཡ་ཐོག་རྨོ་འདེབས་ཀྱི་དུས་རིམ། ཡ་ཐོག་ཕྱུགས་ལས་དུས་རིམ། ཕ་རྒྱུད་སྤྱིི་ཚོགས་ནས་སྒེར་སྡོམ་ཐོན་སྐྱེད་དང་དམག་དོན་དམངས་གཙོའི་རྒྱལ་ཁབ་དར་བ་ནས་མིའི་ཤེས་རིག་དར་འགོ་ཚུགས་སྟེ། རིག་གནས་དང་ཆབ་སྲིད། དཔལ་འབྱོར་སོགས་རྨང་ཚུགས་ཡོད་པ་རེད།  གནའ་བོའི་ཤེས་རིག་ནི་འཛམ་གླིང་ཤེས་རིག་གི་མ་མ་ཡིན། གནའ་བོའི་ཤེས་རིག་ནི་མིའི་རིགས་ཀྱི་ཕུན་ཚོགས་ཡོངས་གྲུབ་དང་འདོད་དོན་ལེགས་གྲུབ་ཀྱི་རྨང་ཚུགས་སའམ་མགོ་ཁུངས་སུ་ངེས་དགོས་ཏེ། གནའ་བོའི་ཤེས་རིག་བསྐྲུན་ཅིང་འཕེལ་བའི་གྲུབ་འབྲས་ཀྱིས་མིའི་རིགས་འཛམ་གླིང་སྲོག་ཆགས་ཡོངས་ལས་ཡོངས་སུ་རྒྱལ་བའི་གྲོགས་དན་དང་འཛམ་གླིང་འདི་ཡི་བདག་པོ་གཙོ་བོ་རུ་གྱུར་ཐུབ་པའི་རླུང་རྟ་དར་བ་རེད།  ཕྱི་ལོ་སྔོན་གྱི་ལོ་ལྔ་སྟོང་ནས་ཕྱི་ལོ་སྔོན་གྱི་ལོ་ལྔ་བརྒྱའི་བར་ཨེ་ཤེ་ཡ་ནུབ་མ་དང་ཡོ་རོབ་གླིང་། ཧྥེ་གླིང་སོགས་སུ་སོ་སོའི་ལུང་པར་རང་རང་གི་ལོ་རྒྱུས་རང་བཞིན་གྱི་ཤེས་རིག་གི་མྱུ་གུ་བསྐྲུན་ཅིང་རྒྱས་པར་བྱས་པ་སྟེ། ཡ་གླིང་ནུབ་མའི་པ་པི་ལུན་དང་རྒྱ་ནག རྒྱ་གར། ཧྥེ་གླིང་གི་ཨེ་ཅིབ་སོགས་ཀྱིས་སོ་སོའི་ཤེས་རིག་གི་ངོ་མཚར་བསྐྲུན་ནས་མིའི་རིགས་ཡར་རྒྱས་ལ་སྐུལ་འདེད་ཀྱི་ནུས་པ་བླ་མེད་ཐོན་ཡོད།  ཡ་གླིང་ནུབ་མའི་ཤེས་རིག་བསྐྲུན་པའི་ལོ་རྒྱུས་སུ་སུའུ་མེར་གྱི་གྲོང་ཁྱེར་འཛུགས་བསྐྲུན་དང་སུའུ་མེར་གྱི་ གཅིག་འགྱུར་གྱི་ཆབ་སྲིད་མ་ལག་དང་དཔལ་འབྱོར་འཕར་སྣོན་གྱི་སྟོབས་ཤུགས་བྱུང་བ་དང་། གཞན་ཡང་ཆུ་ཆེན་གཉིས་ཀྱི་འབབ་ཡུལ་དུ་གྲགས་པའི་བཙན་རྒྱལ་དག་རིམ་བསྟར་བྱུང་ཞིང་། པ་པི་ལུན་དང་ཡ་ཧྲུའུ་བཙན་རྒྱལ་སོགས་ཀྱི་རྔམ་སྟོབས་དང་ཟིལ་ཤུགས་ཀྱིས་གནའ་བོའི་ཤེས་རིག་གི་སྐྱེ་སྟོབས་འཕེལ་ཡོད། ཆུ་བོ་གཉིས་ཀྱི་འབབ་ཡུལ་གྱི་ཚན་རྩལ་བྱུང་འཕེལ་གྱི་ལོ་རྒྱུས་སུ་པ་པི་ལུན་གྱི་གནམ་དཔྱད་རིག་པ་དང་རྩིས་རིག་གི་གྲུབ་འབྲས་ནི་ཤིན་ཏུ་རྨད་དེ། ད་དུང་གནའ་བོའི་ཕ་ལེ་སི་ཐན་གྱི་གཅིག་འགྱུར་དང་དེས་བསྐྱེད་པའི་ཡིའུ་ཐའེ་ཆོས་ལུགས་ཀྱི་བྱུང་འཕེལ་ཀྱང་གླེང་རིན་ཡོད་པ་ཞིག་ཡིན། གནའ་བོའི་རྒྱ་གར་ཤེས་རིག་ནི་ཧིན་རྡུ་ཆུ་བོའི་འབབ་ཡུལ་དུ་ཧ་ལ་པའི་གྲལ་རིམ་དང་རྒྱལ་ཁབ་ཀྱི་བྱུང་བ། བྲམ་ཟེ་ཆོས་ལུགས་ཀྱི་དར་ཁྱབ་སོགས་ཀྱང་ཡ་གླིང་ནུབ་མའི་གནའ་བོའི་ཤེས་རིག་གི་གྲུབ་ཆ་ངེས་ཅན་ཟིན་ཡོད། རྒྱ་ནག་གི་རྒྱལ་རབས་ཐོག་མ་ཞ་རྒྱལ་རབས་ནས་རིག་གནས་གྲལ་རིམ་གྱི་སྤྱི་ཚོགས་བྱུང་བ་དང་ཧྲང་རྒྱལ་རབས་ཀྱི་ཞིང་ལས་ཐོན་སྐྱེད་དང་ད་དུང་རུས་བརྐོས་ཡི་གེ ཀྲུའུ་ནུབ་མའི་གོང་མའི་མེས་པོའི་མཆོད་ཁང་སོགས་ཀྱིས་ཀྱང་ཡ་གླིང་ཤེས་རིག་འཕེལ་བའི་གཙོ་ཤུགས་ཐོན་པར་བཤད་ཡོད།  ལོ་རྒྱུས་གང་མང་ལ་ཁུངས་གཏུག་ཅིང་། ཚན་རིག་པས་གནའ་རྫས་རྟོག་དཔྱོད་དང་གནའ་ཤུལ་གང་མང་དང་རིག་གནས་ཀྱི་སྣང་ཚུལ་མངོན་པར་འགྲེལ་ན། ལོ་དྲུག་སྟོང་སྔོན་ནས་བྱུང་བའི་རང་རེ་བོད་ཀྱི་ལོ་རྒྱུས་སུ་གྲགས་པའི་མངའ་མཛད་བཅུའི་དུས་རིམ་སོགས་ལ་དཔྱད་ན། བོན་ཆེན་པོའི་དུས་རབས་སམ་གཡུང་དྲུང་བོན་གྱི་བསྟན་པ་གངས་ཏི་སེའི་རྒྱུད་ནས་མཆེད་པའི་དུས་ནི་འཛམ་གླིང་མིའི་རིགས་ཀྱི་ཤེས་རིག་གསར་དུ་དར་འགོ་ཚུགས་པའི་དུས་སྔ་མ་རུ་འཁེལ་ཞིང་།  མངའ་མཛད་བཅུའི་དུས་རབས་ནི་བོད་ཀྱི་ལོ་རྒྱུས་སུ་སྟོད་ལྷ་རབས་ཀྱི་ཁོངས་སུ་གཏོགས་པར་བཤད་ལ། སྐབས་དེ་ཤད་ནི་འཛམ་གླིང་གནའ་བོའི་ལོ་རྒྱུས་སུའང་མི་རྣམས་ཀྱིས་ལྷ་ལ་བཀུར་ཞིང་མཆོད་པར་བྱེད་ཅིང་། མི་ལྷ་རུ་བརྩི་བ་དང་དེ་དག་སྤྱི་ཚོགས་ཁྲོད་དུ་ཀུན་གྱིས་བརྩི་ཞིང་། དེ་ཚོས་སྤྱི་ཚོགས་བཏང་འཛིན་བྱེད་ཅེས་འཁོད་ཡོད། གཅིག་བྱས་ན་ཤེས་རིག་དར་བའི་གནའ་བོའི་རྒྱལ་ཁབ་བཞི་ལས་ཀྱང་སྔ་བའི་གཡུང་དྲུང་བོན་གྱི་ཤེས་རིག་གིས་ཡ་གླིང་ཤེས་རིག་གི་རྣམ་ཤེས་དང་ལུས་ཕུང་། གཤོག་ཟུང་བཅས་བསྐྲུན་པར་བྱས་ཤིང་། དེས་ཀྱང་ཡ་གླིང་ཙམ་དུ་མ་ཟད་གླིང་ཆེན་གཞན་ལའང་ཤེས་རིག་གི་ཤན་ཤུགས་རྣོ་ངར་ཅན་རེ་བཟོས་ཡོད་སྲིད་དེ། བོད་མིའང་མི་རིགས་གཞན་ཞིག་གྲུབ་ཚར་བ་ལས་སླར་རྒྱུད་འཕེལ་བྱུང་བར་འདོད་པ་ནི་མིའི་རིགས་རིག་པ་གནད་དུ་མ་འཁེལ་བའི་སྐྱོན་འབྱུང་ངེས་སྟེ། ཧྥེ་གླིང་གི་སྤྲ་མིས་གནས་སྤོས་རྒྱང་བསྐྱོད་ཆེན་པོའི་དུས་སུ་ཡ་གླིང་ནུབ་མ་ནི་ཧྥེ་གླིང་དང་ཡོ་རོབ་གླིང་གཉིས་ཀྱི་རྒྱུ་འགྲུལ་ས་མཚམས་གལ་ཆེན་ཞིག་ཏུ་གྱུར་ཡོད་ཕྱིན། མིའི་རིགས་རྒྱང་བསྐྱོད་ས་ཁྲ་ལ་མཇལ་ན། ཧྥེ་གླིང་ཤར་མའི་འགྲུལ་བཞུད་པ་དེ་ཚོ་ཐོག་མར་ཡ་གླིང་ནུབ་མའི་ས་མཚམས་ནས་ཐོན་ཏེ་རུ་ཤོག་མང་དུ་གྱེས་པའི་རུ་ཤོག་སྐོར་ཞིག་ཡོ་རོབ་ཕྱོགས་སུ་བསྐྱོད་པའི་ལམ་ཐིག་ཡོད་པར། ཧྥེ་གླིང་ནས་ཐད་ཀར་ཡ་གླིང་ནུབ་རྒྱུད་དུ་ཐོན་ཅིང་། དེ་ནས་ཕྱོགས་བཞིར་གྱེས་པའི་རྒྱང་བསྐྱོད་པ་དེ་ཚོས་སྐོར་ཞིག་གཞིས་སྡོད་དང་སྐོར་ཞིག་མུ་མཐུད་རྒྱང་བསྐྱོད་ཀྱི་རང་གཤིས་བཟུང་སྟེ། བོད་མངའ་རིས་ཕྱོགས་སུ་ཤར་ཐོན་གྱིས་སྐོར་ཞིག་གཞིས་བཟུང་མ་ཤོག་ཏུ་གྱུར་ཅིང་། བུ་ཤོག་སྐོར་ཞིག་མུ་མཐུད་ཨེ་ཤེ་ཡའི་དབུས་དང་ཕྱོགས་བཞི་མཚམས་བརྒྱད་དུ་གྱེས་པ་ནི་ལོ་རྒྱུས་ཀྱིས་ར་སྤྲོད་བྱས་ཡོད། དེ་ལྟར་ན། བོད་མི་ནི་ཆེས་སྔ་བའི་གནའ་བོའི་མི་རིགས་གཞན་དང་དུས་མཚུངས་སུ་མངའ་རིས་སུ་རྒྱུད་འཕེལ་བྱུང་ཡོད་པ་བསྙོན་དུ་མེད། ཡང་གཅིག་བཤད་ན་འཛམ་གླིང་ཡུལ་གྲུ་མང་དག་ཅིག་ཏུ་དུས་མཚུངས་སུ་སྤྲ་རིགས་ལས་མི་འཕེལ་འགྱུར་བྱུང་ཞིང་། བོད་མིའང་དེ་བཞིན་ས་གཞན་ཞིག་ནས་སྤོ་བསྐྱོད་པ་མ་ཡིན་པར། བོད་རང་ས་རུ་སྤྲ་རིགས་བྱུང་ཞིང་དེའི་རྒྱུད་པ་འཕེལ་འགྱུར་བྱུང་བའང་སྲིད་དེ། ཧྥེ་གླིང་དུ་སྤྲ་རིགས་བྱུང་བའི་དུས་མཚུངས་སུ་བོད་ཡུལ་དུའང་རང་སའི་སྤྲ་རིགས་འཕེལ་འགྱུར་བྱུང་ཡོད་པའང་སྲིད་པས་དེའང་དཔྱད་པར་འཚལ།  གངས་ཏི་སེའི་འདབས་ཁུལ་གྱི་མངའ་རིས་པ་དེ་ཚོས་གདོད་མའི་ཕ་ཆོས་སམ་བོན་གྱི་གཞུང་ལུགས་གཏན་ལ་ཕབ་ཏེ་ཡ་གླིང་ཤེས་རིག་གི་མ་མ་ལྟ་བུར་གྱུར་ཡོད་ཅེས་བཤད་ཆོག་ལ། རྒྱ་གར་བའི་སྣང་ངོར་ལྷ་དབང་ཕྱུག་ཆེན་པོ་ནི་ཏི་སེའི་ཕོ་བྲང་དུ་བཞུགས་པར་རློམ་པའང་གནད་འདི་ལ་ཐུག་ཡོད་པར་སེམས། དེ་འདྲའི་ཤེས་རིག་ཅིག་གི་འོད་ཕུང་གི་ཟེགས་མ་འབུམ་དུ་བརྡལ་བ་ལས་འཛམ་གླིང་ཤེས་རིག་གི་བླ་སྲོག་ཅིག་ཅར་དུ་འཁྲུངས་བར་བྱས་ཡོད།  དུས་སྐབས་དེ་ཙམ་དུ་ཧྥེ་གླིང་ལས་གཞན་དུ་མ་གྱར་བའི་ཡུལ་འཁྱམས་པ་དེ་དག་ཀྱང་ཆུ་བོ་ནི་ལེའི་འགྲམ་རྒྱུད་དུ་བསྟུད་མར་གཞིས་ཆགས་ཤིང་། ལོ་༣༥༠༠ཙམ་དེར་ནི་ལེ་ཆུ་བོའི་འབབ་ཡུལ་དུ་རྒྱལ་ཕྲན་དུ་མ་གཅིག་འགྱུར་གྱི་ལོ་རྒྱུས་བྱུང་སྟེ། ཆེ་བཙན་སྟག་མོའི་ངར་ཤུགས་ལ་འདྲན་པའི་ཨེ་ཅིབ་བཙན་རྒྱལ་དབུ་བརྙེས་ཤིང་། རྒྱལ་པོ་དག་ཀྱང་ང་ཁེ་གཞན་ཕམ་གྱི་སྒེར་གཅོད་ཟུག་གཟེར་གྱིས་ཀུན་ནས་བསླངས་ཏེ། མི་སེར་འབོར་ཆེན་བྲན་དུ་བཀོལ་ནས་གཞན་བཀོལ་ངལ་རྩོལ་ཆེན་པོའི་ཁ་ལོ་བསྒྱུར་ཏེ་ལོ་རྒྱུས་སུ་གྲགས་པའི་ཨེ་ཅིབ་སྙུང་གཟུགས་བང་སོ་དག་མི་ཡུལ་དུ་བཞེངས་པ་རེད། ལོ་རྒྱུས་སུ་བལྟས་ན། དུས་དེ་ཙམ་ནས་ལྷ་འདྲེ་སྨྲ་བའི་དད་ཞེན་རིག་གནས་ཤིག་དར་ནས་ཅུང་འགོར་ཡོད་པ་ཤེས་ཐུབ་སྟེ། ཨེ་ཅིབ་རྒྱལ་པོ་དེ་དག་གིས་འབངས་རྣམས་རང་གི་བཀའ་ལ་འདུ་ཆེད་རང་ཉིད་ལྷ་ཡི་ཕོ་ཉ་དང་འདྲེ་ཡི་ཁ་གནོན་དུ་ཁྱབ་བསྒྲགས་བྱས་ཡོད་པས་ཀྱང་མཚོན། འཇིག་རྟེན་ལྷ་ཆོས་རིག་གནས་ནི་ལོ་ངོ་དྲུག་སྟོང་ལྷག་ཡང་ན་དེའི་ཀྱང་སྔ་བའི་དུས་ནས་གངས་ཏི་སེའི་འདབས་ཁུལ་མངའ་རིས་ས་ཁུལ་སྟེ་བོད་ཡུལ་ནས་ཐོག་མར་འབུས་ཡོད་པར་དཔྱད་པའི་གནས་སྟེ། སྔ་རབས་ཀྱི་ལོ་རྒྱུས་ལས་མཚོན་པའི་ལོ་གྲངས་ཀྱི་སྟེང་ནས་གཏན་དུ་འཁེལ་ཅི་ཐུབ་ལ་འབད་པ་ལས། དེང་སྐབས་ཀྱི་གནས་བབ་དང་མིག་སྔའི་དར་རྒུད་ཀྱི་ལས་དབང་གིས་ཐག་གཅོད་རྒྱུ་ཞིག་རྩ་བ་ནས་མིན་པར་འདོད། དེ་ནི་ལོ་རྒྱུས་ལ་བརྩི་བཀུར་གྱི་མ་རྩའི་ཆ་རྐྱེན་སྟེང་ནས་འགྲོ་དགོས་པ་ཞིག་ཡིན།  ཨེ་ཅིབ་ཀྱི་བྲག་བརྐོས་རི་མོ་ལས་ཤེས་རྟོགས་ལྟར་ན་ཨེ་ཅིབ་ཀྱི་འདྲ་གཟུགས་ཡི་གེ་ཀྱང་དུས་སྔ་བའི་ཡི་གེ་རུ་འཇོག་དགོས་ལ། ཧྥེ་གླིང་གི་གནའ་བོའི་ཤེས་རིག་གི་བག་ཆགས་དང་རྣམ་ཤེས་ཀྱི་ས་བོན་དུ་འཁུམས་པ་ནི་བསྙོན་མེད་རེད། ཨེ་ཅིབ་པས་རི་དྭགས་དང་གཅན་གཟན་གྱི་གཟུགས་རིས་འབུར་བརྐོས་དག་ལས་གནའ་བོའི་ཨེ་ཅིབ་པའི་དད་པའི་འདུ་ཤེས་རྟོགས་ཐུབ་ཅིང་། མིའི་རིགས་སྤྱིའི་རྒྱུན་འགྲོས་ལྟར་ཁོ་ཚོར་ཡང་དུས་སྔ་མོ་ནས་དད་པའི་འདུ་ཤེས་རྔམ་མཐུག་པ་ཞིག་ངང་ངམ་ཤུགས་ཀྱིས་འཕེལ་ཡོད་པ་ཤེས་ཐུབ། དེ་ནི་གནའ་བོའི་ཧྥེ་གླིང་མིའི་སྐབས་དེའི་ལྷ་ཆོས་རིག་གནས་ལ་བཟུང་བའི་ལྟ་ཚུལ་དང་དད་འབངས་ཀྱི་འདུ་ཤེས་སྔོག་འདོན་ཐུབ་པའི་ལོ་རྒྱུས་ཀྱི་དན་རྟགས་ཡིན།  ཡོ་རོབ་གླིང་ལའང་ཕྱི་ལོ་སྔོན་གྱི་ལོ་ལྔ་སྟོང་ནས་ཕྱི་ལོ་སྔོན་གྱི་ལོ་ལྔ་བརྒྱའི་བར་ཆེས་ཐོག་མའི་རང་སའི་ཤེས་རིག་དར་ཡོད་དེ། ཡ་མེ་ཤེས་རིག་དང་ལི་ཐེ་རིག་གནས། མའེ་ཞི་རིག་གནས། གནའ་བོའི་ཀེ་རི་སི་སོགས་ཀྱིས་མཚོན་པའི་ངར་ཤུགས་ཅན་གྱི་གནའ་རབས་ཡོ་རོབ་ཤེས་རིག་དག་གིས་ཡོ་རོབ་གླིང་གི་མུན་པ་སངས་ཤིང་། དཔལ་ཡོན་ལྡན་པའི་མིའི་སྤྱི་ཚོགས་བསྐྲུན་པ་ལ་རམ་འདེགས་འགངས་ཆེན་བསྐྲུན་ཡོད། དུས་མཚུངས་སུ་མེ་གླིང་གི་སྔ་མའི་ཤེས་རིག་དར་འཕེལ་ནི་ཡ་གླིང་མིས་མེ་གླིང་དུ་གནས་སྤོར་བྱས་པ་དང་། རིམ་བསྟར་གྱི་ཨའོ་ཨེར་མེས་ཁེའི་རིག་གནས་(Olmec Culture)ཀྱི་བཅུད་འདུས་ནས་དར་ཁྱབ་སོང་། དེ་ལྟར་གླིང་ཆེན་དག་ཏུ་མིའི་སྔ་བ་མཉམ་བྱུང་དང་་རིམ་བསྟར་བྱུང་བའི་ལོ་རྒྱུས་ནས་བརྩམས་ཏེ་སྔ་ཕྱི་ངེས་ཅན་དང་ཕན་ཚུན་ཤན་ཤུགས་ངེས་ཅན་གྱི་རང་བཞིན་ལས་མ་འདའ་བར་ཁྱད་ཆོས་ལྡན་པའི་འཛམ་གླིང་ཤེས་རིག་གི་ལོ་རྒྱུས་སྟེ་མིའི་རིགས་ཀྱིས་སྲོག་ཆགས་གཞན་ལས་ཁྱད་པར་དུ་འཕགས་པའི་སྣ་མང་ཤེས་རིག་གི་ཕུན་ཚོགས་བསྐྲུན་པའོ། །

39.7K

ཐག་རག་ཡིག་བསྒྱུར་མ་ལག

དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1