གཙོ་ངོས།>> གསར་འགྱུར།>>རྒྱལ་ནང་གསར་འགྱུར།

རྩོམ་སྒྲིག་པ།ཚེ་དཔལ། ཡོང་ཁུངས།ཀྲུང་དབྱང་རླུང་འཕྲིན་བརྙན་འཕྲིན་སྤྱི་ཁྱབ་ལས་ཁུངས། སྤེལ་དུས། ༢༠༢༡ལོའི་ཟླ་བ་༠༦ཚེས་༢༥ཉིན།

ཞི་ཅིན་ཕིང་གིས་འཇིག་རྟེན་འཕུར་སྐྱོད་པ་ཚོ་དང་བཀའ་མོལ་གནང་བ།


       འདི་ག་ལས་ཁུངས་ནས་སྤེལ་བའི་གནས་ཚུལ། ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི། རྒྱལ་ཁབ་ཀྱི་ཀྲུའུ་ཞི། ཀྲུང་དབྱང་དམག་ཨུད་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་སྤྱི་ཚེས་23ཉིན་གྱི་སྔ་དྲོ་པེ་ཅིང་མཁའ་སྐྱོད་འཕུར་སྐྱོད་ཚོད་འཛིན་ལྟེ་གནས་སུ་ཕེབས་ནས། ཐེན་ཧོ་ལྟེ་བའི་གྲུ་ཚང་དུ་ལས་འགན་སྒྲུབ་བཞིན་པའི་ལྷ་གྲུ་བཅུ་གཉིས་པ་རྟགས་ཅན་གྱི་འཇིག་རྟེན་འཕུར་སྐྱོད་པ་ཉེ་ཧའེ་ཧྲེང་དང་། ལིའུ་པོ་མིང་། ཐང་ཧུང་པོ་བཅས་དང་བྱམས་བརྩེའི་བཀའ་མོལ་གནང་བ་དང་། ཏང་ཀྲུང་དབྱང་དང་། རྒྱལ་སྲིད་སྤྱི་ཁྱབ་ཁང་། ཀྲུང་དབྱང་དམག་ཨུད་བཅས་ཀྱི་ཚབ་ཞུས་གནང་བ་དང་། རྒྱལ་ཡོངས་མི་རིགས་ཁག་གི་མི་དམངས་ཀྱི་ཚབ་ཞུས་གནང་ནས་ཁོང་ཚོར་ལྷག་བསམ་དག་པའི་འཚམས་འདྲི་ཞུས་གནང་ཡོད་པ་རེད།
       ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུས་ཀྱི་རྒྱུན་ལས་ཨུ་ཡོན། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་གཞོན་པ་ཧན་ཀྲེང་བྱེད་སྒོར་ཞུགས་གནང་ཡོད།
       ལྷ་གྲུ་བཅུ་གཉིས་པ་རྟགས་ཅན་གྱི་འཕུར་གྲུ་དེ་སྤྱི་ཟླ་6པའི་ཚེས་17ཉིན་མཁའ་དབྱིངས་སུ་འཕེན་གཏོང་བྱས་པ་ནས་བཟུང་། ཞི་ཅིན་ཕིང་གིས་འཇིག་རྟེན་འཕུར་སྐྱོད་པ་གསུམ་པོའི་སྐུ་གཟུགས་དང་ལས་འགན་ལེགས་སྒྲུབ་བྱེད་ཚུལ་ལ་ཐུགས་ཁུར་གཟབ་བཞེས་གནང་བ་དང་། སྤྱི་ཚེས་23ཉིན་ཆེད་མངགས་པེ་ཅིང་མཁའ་སྐྱོད་འཕུར་སྐྱོད་ཚོད་འཛིན་ལྟེ་གནས་སུ་ཕེབས་ནས་འཇིག་རྟེན་འཕུར་སྐྱོད་པ་ཚོ་དང་བཀའ་མོལ་གནང་བ་རེད།
       སྔ་དྲོའི་ཆུ་ཚོད་9དང་སྐར་མ་35ཡི་ཐོག ཞི་ཅིན་ཕིང་སོགས་བཀོད་འདོམས་ཚོམས་ཆེན་དུ་ཕེབས་ནས། ཡུལ་དངོས་ཀྱི་བརྙན་ཤེལ་ཆེན་པོ་བརྒྱུད་ཐེན་ཧོ་ལྟེ་བའི་གྲུ་ཚང་དང་ལྷ་གྲུ་བཅུ་གཉིས་པ་རྟགས་ཅན་གྱི་འཕུར་གྲུའི་སྡེབ་སྒྲིག་ཡོ་བྱད་འཁོར་སྐྱོད་གནས་ཚུལ་དང་མཁའ་སྐྱོད་པ་ཚོའི་ཕྱག་ལས་སྒྲུབ་ཚུལ་ལ་གཟིགས་ཡོད་པ་རེད། བརྙན་ཤེལ་ཐོག་ནས་ཐེན་ཧོ་ལྟེ་བའི་གྲུ་ཚང་ནང་གི་གནས་ཚུལ་གསལ་པོར་མཐོང་ཐུབ་པ་སྟེ། ཉེ་ཧའེ་ཧྲེང་དང་། ལིའུ་པོ་མིང་། ཐང་ཧུང་པོ་བཅས་ཀྱིས་ཁག་སོ་སོར་འཕྲུལ་འཁོར་དཔུང་པའི་འཁོར་ཐོག་སྦྱོར་བརྡར་རྣམ་གྲངས་ལག་བསྟར་དང་། གྲུ་ཚང་ཕྱི་རོལ་གྱི་མཁའ་སྐྱོད་གྱོན་ཆས་སྒྲིག་འགོད་དང་ལྟ་ཞིབ་བྱེད་པ་སོགས་གྲུ་ཚང་ལས་མ་ཐོན་གོང་གི་གྲ་སྒྲིག་ལས་ཀ་དག་སྒྲུབ་བཞིན་ཡོད་པ་རེད།
       ཆུ་ཚོད་9དང་སྐར་མ་40ཡི་ཐོག ཞི་ཅིན་ཕིང་ཡར་བཞེངས་ནས་མདུན་ཕྱོགས་ཀྱི་བཀོད་འདོམས་སྟེགས་བུའི་ཐོག་ཕེབས་པ་དང་། ཉེ་ཧའེ་ཧྲེང་དང་། ལིའུ་པོ་མིང་། ཐང་ཧུང་པོ་བཅས་འཇིག་རྟེན་འཕུར་སྐྱོད་པ་གསུམ་པོས་སེམས་ཤུགས་རབ་ཏུ་འཕེལ་བའི་ངང་ཞི་ཅིན་ཕིང་ལ་གུས་འདུད་ཞུས་པ་རེད།
       ཞི་ཅིན་ཕིང་གིས། བློ་མཐུན་ཧའེ་ཧྲེང་དང་། བློ་མཐུན་པོ་མིང་། བློ་མཐུན་ཧུང་པོ། ཁྱེད་ཚོ་སྐུ་ལས་ཁག་སོང་། ང་རང་ནས་ཏང་ཀྲུང་དབྱང་དང་། རྒྱལ་སྲིད་སྤྱི་ཁྱབ་ཁང་། ཀྲུང་དབྱང་དམག་ཨུད་བཅས་ཀྱི་ཚབ་ཞུས་པ་དང་། རྒྱལ་ཡོངས་མི་རིགས་ཁག་གི་མི་དམངས་ཀྱི་ཚབ་ཞུས་ནས་ཁྱེད་ཚོར་ལྷག་བསམ་དག་པའི་འཚམས་འདྲི་ཞུ་རྒྱུ་ཡིན་ཞེས་གསུངས་ཡོད་པ་རེད།
       ཉེ་ཧའེ་ཧྲེང་གིས། སྤྱི་ཁྱབ་ཧྲུའུ་ཅིར་ཐུགས་རྗེ་ཆེ་ཞུ་རྒྱུ་དང་རྒྱལ་ཡོངས་མི་དམངས་ལ་ཐུགས་རྗེ་ཆེ་ཞུ་རྒྱུ་ཡིན་ཞེས་གསུངས་པ་རེད།
       ཞི་ཅིན་ཕིང་གིས། ཁྱེད་ཚོ་ནི་ཐེན་ཧོ་ལྟེ་བའི་གྲུ་ཚང་དུ་བཞུགས་མཁན་འཇིག་རྟེན་འཕུར་སྐྱོད་པ་ཁག་དང་པོ་ཡིན་པ་དང་། བར་སྣང་ཁམས་སུ་དུས་ཡུན་ཟླ་བ་གསུམ་སྡོད་རྒྱུ་རེད། ཁྱེད་ཚོའི་བར་སྣང་ཁམས་ཀྱི་ལས་ཀ་དང་འཚོ་བའི་གནས་ཚུལ་ལ་རྒྱལ་ཡོངས་མི་དམངས་རྣམས་ནས་དུས་དང་རྣམ་པ་ཀུན་དུ་སེམས་ཁུར་ཆེན་པོ་བྱེད་བཞིན་ཡོད། ད་ལྟ་ཁྱེད་ཚོའི་གཟུགས་པོའི་གནས་ཚུལ་ཇི་འདྲ་འདུག འཚོ་བ་གང་འདྲ་འདུག ལས་དོན་བདེ་བླག་ཡིན་ནམ་ཞེས་བཀའ་འདྲི་ཞུས་གནང་བ་རེད།
       ཉེ་ཧའེ་ཧྲེང་གིས། སྤྱི་ཁྱབ་ཧྲུའུ་ཅིས་ཐུགས་ཁུར་གནང་བར་ཐུགས་རྗེ་ཆེ་ཞུ་རྒྱུ་ཡིན། ང་ཚོའི་གཟུགས་པོའི་གནས་ཚུལ་ཡག་པོ་ཡོད་ལ་ལས་དོན་ཁག་གི་འཕེལ་རིམ་ཡང་བདེ་བླག་ཡིན། ང་ནི་ལས་འགན་སྒྲུབ་ཐེངས་གསུམ་པ་ཡིན། ཐེན་ཧོ་ལྟེ་བའི་གྲུ་ཚང་ནང་གི་ལས་ཀ་དང་འཚོ་བའི་ཆ་རྐྱེན་ལེགས་སུ་འགྲོ་བཞིན་ཡོད། ང་ཚོ་ཀྲུང་གོའི་འཇིག་རྟེན་འཕུར་སྐྱོད་པ་ཚོར་བར་སྣང་ཁམས་སུ་ཡུན་རིང་འཁོར་ལམ་ཐོག་འཁོར་སྐྱོད་བྱེད་པའི་ཁྱིམ་ཡོད་པར་གྱུར་བས། ཐག་རིང་བར་སྣང་ཁམས་ནས་ང་ཚོས་རླབས་ཆེའི་ཏང་དང་མེས་རྒྱལ་ལ་སྤོབས་སེམས་སྐྱེས་ཀྱི་འདུག་ཅེས་གསུངས་ཡོད་པ་རེད།
       ལིའུ་པོ་མིང་གིས། སྤྱི་ཁྱབ་ཧྲུའུ་ཅིར་སྙན་སེང་ཞུ་རྒྱུར་ང་ནི་ལས་འགན་སྒྲུབ་ཐེངས་གཉིས་པ་ཡིན། ད་ཐེངས་ཀྱི་ལས་འགན་ནང་ཞུགས་ཐུབ་པར་ང་རང་ལ་ལས་འགན་ལྕི་བ་དང་གཟི་བརྗིད་བླ་ན་མེད་པའི་མྱོང་ཚོར་ཟབ་མོ་བྱུང་། རྗེས་མཐུད་ང་ཚོས་གྲུ་ཚང་ནས་ཐོན་རྒྱུའི་བྱེད་སྒོ་ཐེངས་གཉིས་དང་འཕྲུལ་འཁོར་དཔུང་པ་བཀོལ་སྤྱོད་བྱེད་པ་སོགས་ཀྱི་ལག་རྩལ་ཚོད་ལྟ་རབ་དང་རིམ་པ་བྱ་རྒྱུ་ཡིན་པས། ང་ཚོས་ངེས་པར་དུ་བཀོལ་སྤྱོད་ཞིབ་ཚགས་བྱས་ནས་ཚོད་ལྟ་ཁག་ཐུགས་གྲ་ལེགས་འགྲིག་ཡོང་བའི་འགན་ལེན་བྱ་རྒྱུ་ཡིན་ཞེས་གསུངས་ཡོད་པ་རེད།
       ཐང་ཧུང་པོ་ཡིས། སྤྱི་ཁྱབ་ཧྲུའུ་ཅིར་སྙན་སེང་ཞུ་རྒྱུར། ང་ནི་བར་སྣང་ཁམས་སུ་སྐྱོད་ཐེངས་དང་པོ་ཡིན། ད་ལྟ་ལྗིད་ཤོར་ཁོར་ཡུག་ལ་གོམས་ཚར་འདུག ཟ་སྡོད་དང་ལས་ཀའི་གནས་ཚུལ་ཚང་མ་ཡག་པོ་འདུག ད་དུང་ཁྱིམ་མི་དང་བརྙན་མཐོང་བརྒྱུད་སྐད་ཆ་བཤད་པ་ཡིན། བར་སྣང་ཁམས་ཀྱི་ཁྱིམ་གཞིས་དེ་སྐྱིད་སྣང་དོད་པོ་ཡོད་པས། རྗེས་མཐུད་ཀྱི་ལས་འགན་ཡག་པོ་བསྒྲུབ་རྒྱུར་ང་ཚོར་སེམས་ཤུགས་ཀྱིས་ཁེངས་ཡོད་ཅེས་གསུངས་པ་རེད།
       ཞི་ཅིན་ཕིང་གིས། ཁྱེད་ཚོའི་གནས་ཚུལ་ཡག་པོ་ཡོད་པ་དང་ལས་དོན་བདེ་བླག་ཡིན་པ་མཐོང་དུས། ང་ཚོ་ཚང་མ་དགའ་པོ་བྱུང་། བར་སྣང་ས་ཚིགས་འཛུགས་པ་དེ་ནི། ཀྲུང་གོའི་འཇིག་རྟེན་འཕུར་སྐྱོད་བྱ་གཞག་གི་ལམ་ཚད་རྡོ་རིང་ལྟ་བུའི་དོན་སྙིང་ལྡན་པའི་བྱ་བ་གལ་ཆེན་པོ་ཞིག་ཡིན་པས། དེས་མིའི་རིགས་ཀྱིས་བར་སྣང་ཁམས་ཞི་བའི་ཐོག་ནས་སྤྱོད་རྒྱུར་གསར་གཏོད་རང་བཞིན་གྱི་ལེགས་སྐྱེས་ཕུལ་ཡོད། ཁྱེད་ཚོ་ནི་དུས་རབས་གསར་པའི་ཀྲུང་གོའི་འཇིག་རྟེན་འཕུར་སྐྱོད་བྱ་གཞག་གི་འབད་འཐབ་པ་དང་རྩེར་སྙེག་པ་གྲངས་ལས་འདས་པའི་འཐུས་ཚབ་ཡིན། ཁྱེད་རྣམ་པས་གཞོགས་འདེགས་དམ་ཟབ་བྱས་ནས། རྗེས་མཐུད་ཀྱི་ལས་འགན་ཁག་རྒྱལ་ཁའི་ངང་ལེགས་འགྲུབ་ཐུབ་པ་བྱ་རྒྱུའི་རེ་བ་ཡོད། ཁྱེད་ཚོ་བར་སྣང་ཁམས་སུ་ལས་ཀ་དང་འཚོ་བ་བདེ་བླག་ཡོང་བའི་སྨོན་འདུན་ཞུ་རྒྱུ་ཡིན་ཞིང་། ང་ཚོས་པེ་ཅིང་ནས་ཁྱེད་ཚོ་རྒྱལ་ཁའི་ངང་ཕྱིར་ལོག་རྒྱུ་སྒུག་ནས་བསྡད་ཡོད་ཅེས་གསུངས་ཡོད། 
       ཉེ་ཧའེ་ཧྲེང་གིས། ང་ཚོས་སྤྱི་ཁྱབ་ཧྲུའུ་ཅིའི་མཛུབ་སྟོན་ཡིད་ལ་བརྟན་པོར་ངེས་ནས། རང་གི་ལས་འགན་ལ་ངོ་གནོང་མི་དགོས་པ་དང་། མངགས་བཅོལ་ཟབ་མོ་ཆུད་ཟོས་སུ་མི་གཏོང་བར། ལས་འགན་ཁག་ལེགས་འགྲུབ་མཐའ་གཅིག་ཏུ་ཡོང་བ་བྱ་རྒྱུ་ཡིན། སྤྱི་ཁྱབ་ཧྲུའུ་ཅི་ཐུགས་བློ་བདེ་པོ་གནང་རོགས་ཞུ་རྒྱུ་དང་། རྒྱལ་ཡོངས་མི་དམངས་ཐུགས་བློ་བདེ་པོ་གནང་རོགས་ཞུ་རྒྱུ་ཡིན་གསུངས་ཡོད་པ་རེད།
       དེ་རྗེས། འཇིག་རྟེན་འཕུར་སྐྱོད་པ་གསུམ་པོས་གུས་འདུད་ཞུས་ཡོད། ཞི་ཅིན་ཕིང་གིས་ཁོང་ཚོར་ཕྱག་གཡུག་གཡུག་གནང་ནས་གུས་ལན་གནང་བ་དང་། ས་ཡུལ་དངོས་སུ་ཚོད་ལྟར་ཞུགས་མཁན་རྣམས་ལ་འཚམས་འདྲི་ཞུས་གནང་ཡོད། ཚོགས་ར་ཡོངས་སུ་ཐལ་མོའི་རྡེབ་སྒྲ་ཡུན་རིང་པོ་གྲགས་ཡོད། 
       ཏིང་ཞུའེ་ཞང་དང་། ལིའུ་ཧོ། ཞུས་ཆི་ལེའང་། ཀྲང་ཡིའུ་ཞ། ཝེ་ཧྥེང་ཧོ། ཀྲུང་དབྱང་དམག་ཨུད་ཀྱི་ཨུ་ཡོན་ལི་ཙོ་ཁྲེང་། མེའོ་ཧྭ། ཀྲང་ཧྲེན་རྨིན་སོགས་ཞལ་པར་བསྐྱོན་པའི་བྱེད་སྒོའི་ནང་ཞུགས་ཡོད་པ་རེད།

39.7K

རྩོམ་ཡིག་སྔོན་མ།
让红色精神薪火相传——一个活佛的‘红色文化陈列馆’
རྩོམ་ཡིག་རྗེས་མ།
༄༅།།སྙན་རྩོམ།

ཐག་རག་ཡིག་བསྒྱུར་མ་ལག

དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1