གཙོ་ངོས།>> སྐྱེ་ཁམས།>>ཤེས་བྱ།

རྩོམ་སྒྲིག་པ།ཚེ་དཔལ། ཡོང་ཁུངས།ཀྲུང་དབྱང་རླུང་འཕྲིན་བརྙན་འཕྲིན་སྤྱི་ཁྱབ་ལས་ཁུངས། སྤེལ་དུས། ༢༠༢༡ལོའི་ཟླ་བ་༠༧ཚེས་༠༥ཉིན།

༄༅།།མཚོ་བོད་ས་མཐོར་ལོ་དུང་ཕྱུར5.5གོང་གི་སྐྱེ་དངོས་འགྱུར་རྡོ་རྙེད་པ།


          ཀྲུང་གོ་ཚན་རིག་ཁང་ནན་ཅིང་ས་གཤིས་དང་གནའ་བོའི་སྐྱེ་དངོས་ཞིབ་འཇུག་ཁང་གིས་སྤྱི་ཚེས་16ཉིན་གནས་ཚུལ་སྤེལ་བར་གཞིགས་ན། ཚན་ཞིབ་མི་སྣ་མཚོ་བོད་ས་མཐོའི་ཚྭ་འདམ་གཤོང་སར་བསྐྱོད་ནས་རྟོག་ཞིབ་བྱེད་རིང་དཔེ་མཚོན་གྱི་ཨའེ་ཏི་ཁ་ལ་(埃迪卡拉)སྐྱེ་དངོས་འགྱུར་རྡོ་གསར་རྙེད་བྱུང་ཡོད་ལ། དེ་ནི་མཚོ་བོད་ས་མཐོར་གསར་རྙེད་བྱུང་བའི་གནའ་བོའི་སྐྱེ་དངོས་ཁྱུ་ཚོགས་ཀྱི་འགྱུར་རྡོ་སྔ་ཤོས་དེ་ཡིན་པ་རེད།

          འབྲེལ་ཡོད་ཀྱི་འགྱུར་རྡོ་དང་འཁྱགས་རོམ་གྱི་དིམ་བསགས་ལ་གཞིགས་ན། ལོ་ངོ་དུང་ཕྱུར་5.5གོང་གི་ཨའེ་ཏི་ཁ་ལའི་དུས་མཇུག་ཏུ་ཚྭ་འདམ་གཤོངས་སའི་ལེབ་དུམ་དེ་ཧྭ་པེ་ལེབ་དུམ་ཉེ་འགྲམ་དུ་གནས་པ་མ་ཟད། དུས་སྐབས་དེའི་ལེབ་དུམ་དེ་གཉིས་འཕྲེད་ཐིག་མཐོ་ཁུལ་དུ་གནས་སྲིད་པ་ལས། དེ་སྔ་འཕྲེད་ཐིག་དམའ་ཁུལ་དུ་གནས་པའི་ངོས་འཛིན་བྱེད་སྟངས་དེ་ནོར་འཁྲུལ་ཡིན།

          འབྲེལ་ཡོད་ཞིབ་འཇུག་གྲུབ་འབྲས་དྲ་ཐོག་ཏུ་སྤེལ་ས་ནི་རྒྱལ་སྤྱིའི་ཐོག་སྐད་གྲགས་ཆེ་བའི་ས་ཁམས་རིག་པའི་ཕྱོགས་བསྡུས་རང་བཞིན་གྱི་དུས་དེབ་ས་གཤིས་རིག་པ་ཞེས་པའི་ཐོག་སྤེལ་ཡོད་པ་རེད། ཀྲུང་གོ་ཚན་རིག་ཁང་ནན་ཅིང་ས་གཤིས་དང་གནའ་བོའི་སྐྱེ་དངོས་ཞིབ་འཇུག་ཁང་གི་ཞིབ་འཇུག་པ་གཞོན་པ་ཕང་ཁེས་ངོ་སྤྲོད་བྱས་པར་གཞིགས་ན། ད་ཐེངས་ཀྱི་གསར་རྙེད་དེ་ནི་ཧུའུ་པེ་ཞིང་ཆེན་འབྲི་ཆུའི་འགག་གསུམ་ས་ཁུལ་རྗེས་སུ།  ཀྲུང་གོའི་རྒྱལ་ཁོངས་སུ་རྙེད་པའི་ཨའེ་ཏི་ཁ་ལ་སྐྱེ་དངོས་ཁྱུ་ཚོགས་ཀྱི་འགྱུར་རྡོ་ཐོན་ཡུལ་གཉིས་པ་དེ་ཡིན་ལ། ད་ལྟའི་བར་གྱི་མཚོ་བོད་ས་མཐོར་གསར་རྙེད་བྱུང་བའི་ཆེས་གནའ་བོའི་འགྱུར་རྡོའི་སྐྱེ་དངོས་ཁྱུ་ཚོགས་ཀྱང་ཡིན།


          ཨའེ་ཏི་ཁ་ལ་སྐྱེ་དངོས།
          ཚན་རིག་ཞིབ་འཇུག་མི་སྣས་ངོ་སྤྲོད་བྱས་པར་གཞིགས་ན། ཨའེ་ཏི་ཁ་ལ་སྐྱེ་དངོས་ཀྱི་ཁྱུ་ཚོགས་དེ་ཨེ་ཏི་ཁ་ལའི་དུས་རབས་ཀྱི་མཇུག་དུས་སུ་འཚོ་བ་སྐྱེལ་གྱི་ཡོད་ཅིང་། དེ་ནི་ཧན་ཝུའུ་དུས་རབས་ཀྱི་ཚེ་སྲོག་ཆེན་པོ་མ་ཐོན་གོང་གོ་ལ་ཧྲིལ་པོར་ཁྱབ་རྒྱ་ཆེ་ཤོས་དང་རྙོག་འཛིང་ཆེ་ཤོས་ཀྱི་སྐྱེ་དངོས་ཀྱི་ཁྱུ་ཚོགས་ཤིག་ཡིན་པ་རེད།

          ཨའེ་ཏི་ཁ་ལ་སྐྱེ་དངོས་ཁྱུ་ཚོགས་ཁོངས་སུ་རགས་པའི་གཟུགས་ཀྱི་མཉེན་གཟུགས་སྐྱེ་དངོས་རིགས་སྣ་མང་པོ་འདུས་ཡོད། དེ་དག་གིས་སྔ་དུས་ཀྱི་སྲོག་ཆགས་ཀྱི་འཕེལ་འགྱུར་ལ་རྒྱུས་ལོན་བྱེད་པར་དོན་སྙིང་གལ་ཆེན་ལྡན་པ་མ་ཟད། དེའི་འགྱུར་རྡོའི་ཁྱུ་ཚོགས་སྣ་ཚོགས་ནི་ཨའེ་ཏི་ཁ་ལ་དུས་རབས་ཀྱི་དུས་མཇུག་གི་ས་རིམ་དབྱེ་འབྱེད་དང་ཞིབ་བསྡུར་བྱེད་པའི་གཞི་མ་ཡིན།


          ཚན་ཞིབ་མི་སྣས་ཚོད་དཔག་བྱས་པར་གཞིགས་ན། ཨའེ་ཏི་ཁ་ལའི་དུས་རབས་ཀྱི་དུས་མཇུག་ཏུ་ཚྭ་འདམ་གཤོངས་སའི་ལེབ་དུམ་དེ་ཧྭ་པེའི་ཁུལ་གྱི་ཉེ་འགྲམ་དུ་གནས་སྲིད། གང་ལགས་ཤེ་ན། དེ་ཚོའི་ས་རིམ་གྱི་བང་རིམ་དང་འགྱུར་རྡོའི་ཐོན་ཚད་ཧ་ཅང་འདྲ་པོ་ཡོད། ཅི་ཧྲན་ས་ཁུལ་ཡོངས་ཀྱི་ཁྲེང་སའི་གོ་རིམ་གྱི་ཕྱོགས་བསྡུས་དབྱེ་ཞིབ་དང་བསྡུར་ན། ཚྭ་འདམ་གཤོངས་སའི་ལེབ་དུམ་དང་བྱང་གི་ལེབ་དུམ་གཉིས་ཀྱི་ཧན་ཝུའུ་དུས་རིམ་གྱི་གནའ་བོའི་ས་གཤིས་འབྲེལ་བ་དང་དེ་བཞིན་སྐབས་དེ་དུས་གོ་ལ་ཧྲིལ་པོའི་གནའ་བོའི་ས་གཤིས་གནས་སྟངས་ལ་གྲོས་བསྡུར་བྱེད་མཁན་ལ་དཔང་རྟགས་གལ་ཆེན་མཁོ་འདོན་བྱས་ཡོད་པ་རེད།


39.7K

ཐག་རག་ཡིག་བསྒྱུར་མ་ལག

དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1