གཙོ་ངོས།>> རྩོམ་རིག>>དཔྱད་རྩོམ།

ལྷ་འབུམ་རྒྱལ། རྩོམ་སྒྲིག་པ།ཚེ་དཔལ། ཡོང་ཁུངས།མཚོ་སྔོན་བོད་ཡིག་གསར་འགྱུར། སྤེལ་དུས། ༢༠༢༡ལོའི་ཟླ་བ་༠༧ཚེས་༠༥ཉིན།

༄༅།།རྩོམ་རིག་མཛེས་རྟོག་རིག་པ་རགས་ཙམ་གླེང་བ།


ལྷ་འབུམ་རྒྱལ། མཚོ་སྔོན་མི་རིགས་སློབ་ཆེན།

གཅིག མཛེས་རྟོག་རིག་པའི་རང་བཞིན་གྱི་གོ་དོན།
        མཛེས་རྟོག་རིག་པ་ཞེས་ཐོག་མའི་ལྟ་བ་འདོན་མཁན་ནི་ཕའོ་མུའུ་ཅ་ཐུང(鲍姆嘉通)ཡིན་ལ་ཁོང་གིས་མིའི་རིགས་ཀྱི་ཤེས་བྱའི་མ་ལག་ནང་དུ་རྗེས་དཔག་གི་ཤེས་པར་གཏན་ཚིགས་རིག་པའི་ཞིབ་འཇུག་བྱེད་བཞིན་ཡོད་པ་དང་། འདོད་བློ(意志)ལ་མི་ཆོས་རིག་པའི་ཞིབ་འཇུག་བྱེད་བཞིན་ཡོད་མོད། དབང་ཤེས་འདི་ལ་ཞིབ་འཇུག་བྱེད་པར་ཚན་རིག་གི་མ་ལག་ཤིག་མེད་པའི་དབང་ཤེས་དེའང་ཚན་རིག་གི་ཞིབ་འཇུག་བྱ་ཡུལ་ཞིག་ཏུ་འགྱུར་དགོས་སྙམ་ནས་མཛེས་རྟོག་རིག་པའི་ལྟ་བ་འདི་ཐོག་མར་བཏོན་པའོ། ། “མཛེས་རྟོག་རིག་པའི་ཞིབ་འཇུག་བྱེད་ཡུལ་ནི་མཛེས་པ་ཁོ་ན་ཡིན་ལ། དེ་ནི་དབང་ཤེས་ཀྱི་ཤེས་པ་འཐུས་ཚང་དུ་གཏོང་བའོ། །”[1] ཞེས་དང་།“མཛེས་རྟོག་རིག་པ་འདི་ནི་མཛེས་པའི་རྣམ་པས་བསམ་གཞིག་བྱེད་པའི་སྒྱུ་རྩལ་ཞིག་སྟེ་སྒྱུ་རྩལ་གྱི་གཞུང་ལུགས་ཞིག་ཀྱང་ཡིན།”[2] དེ་བས་རྩོམ་རིག་བསྟན་བཅོས་ཀྱི་བརྗོད་བྱའི་དོན་དང་མཚོན་བྱེད་ཚིག་གི་ཆ་ཐམས་ཅད་མཛེས་རྟོག་རང་བཞིན་དང་མཐུན་པ། མི་རྣམས་ཀྱི་མཛེས་རྟོག་གི་དགོས་འདོད་མཐའ་དག་ཡོངས་སུ་འཇོ་བ། དགའ་བདེ་སྤྲོ་སྐྱིད་ཀྱི་སྣང་བ་སྤེལ་ནུས་པའི་སྤྱི་ཚོགས་ཀྱི་སྣང་ཚུལ་དང་རང་བྱུང་གི་སྣང་ཚུལ་ཁྱད་པར་བ་ཞིག་རྟོག་སྣང་དུ་སྐྱེས་པའི་མཛེས་པའི་སྒྱུ་རྩལ་ལ་ཟེར། མཛེས་རྟོག་རིག་པ་ནི་སྤྱི་ཚོགས་ཚན་རིག་ཅིག་ཡིན་པའི་ཆ་ནས། སྤྱི་ཚོགས་ཀྱི་དངོས་པོའི་འཚོ་བ་དང་བསམ་པའི་རིག་གནས་ཀྱི་འཚོ་བའི་རྨང་གཞིའི་སྟེང་ནས་བྱུང་བ་དང་རིམ་བཞིན་འཕེལ་རྒྱས་བྱུང་བ་ཡིན་ལ་མིའི་རིགས་ཀྱི་སྤྱི་ཚོགས་འཚོ་བའི་ཁྲོད་དུ་བྱུང་ཡོད་པར་མ་ཟད། མཛེས་དཔྱོད་འདུ་ཤེས་གཅིག་བསྡུས་ཀྱིས་མཚོན་པའི་སྒྱུ་རྩལ་ཞིག་ཡིན་ལ། དུས་ཡུན་རིང་པོའི་ལག་ལེན་གྱི་རྨང་གཞིའི་ཐོག་སྒྱུ་རྩལ་གྱི་རིགས་པའི་གཞུང་ལུགས་བྱུང་བ་རེད། དེ་བཞིན“སྙན་ངག་མེ་ལོང་མའི་མགོར། སྙན་ངག་མཛེས་པར་བྱེད་པ་ཡི། །ཆོས་རྣམས་རྒྱན་ཞེས་རབ་ཏུ་བརྗོད། །ཅེས་གསུངས་པ་བཞིན་རྩོམ་རིག་བྱ་བ་ནི་མིའི་ཁྱད་པར་བའི་སེམས་རྩོལ་ལས་ཐོན་ཞིང་མཛེས་དཔྱོད་ཀྱི་དགོངས་པ་དང་ལྡན་པ། ངག་སྦྱོར་ཕུན་སུམ་ཚོགས་པ་དང་རྨད་དུ་བྱུང་བའི་སྐད་ཆའི་མཛེས་པ་ཁྱད་པར་བ་དེ་བཤད་ཡོད་ལ་རང་ཅག་བོད་པ་རྣམས་ཀྱིས་ཅུང་ཟད་སྔ་མོ་ཞིག་ནས་རྩོམ་རིག་ཉིད་མཛེས་པར་དཔྱོད་པའི་ཡུལ་དུ་བཟུང་ཡོད།”[3] འདིའི“འབྱུང་རྩ་ནི་སྤྱི་ཚོགས་ཀྱི་ལག་ལེན་དངོས་ལ་ཐུག་ཡོད། ང་ཚོས་མཛེས་པའི་བྱ་དངོས་ཀྱིས་མི་རྣམས་ཀྱི་སྤྲོ་བ་སློང་ཐུབ་པའི་རྒྱུ་མཚན་ནི་དེའི་ནང་དུ་མིའི་རིགས་ཀྱི་ཆེས་རྩ་ཆེ་བའི་ཁྱད་ཆོས་ལག་ལེན་ཁྲོད་ཀྱི་རང་དབང་གསར་སྐྲུན་འདུས་ཡོད་པའི་རྐྱེན་གྱིས་རེད།”[4] སྤྱིར་རྩོམ་རིག་ཅེས་པ་ནི་སྐད་ཆའི་ཚིག་རྩལ་ལ་བརྟེན་ནས་མཛེས་དཔྱོད་ཀྱི་འདུ་ཤེས་འཛིན་སྟངས་རང་བཞིན་མཚོན་པར་བྱེད་པའི་སྒྱུ་རྩལ་གྱི་རྣམ་པ་ཞིག་ཡིན་ལ། ཡོངས་གྲགས་ལ་མཛེས་པའི་ངག་སྦྱོར་ཞིག་དང་སྐད་ཆའི་སྒྱུ་རྩལ་ཞིག་ཏུ་གོ། ཁ་ཤས་ཀྱིས་རྩོམ་རིག་ནི་ཤེས་རིག་ཅིག་ཏུ་གོ་བ་དང་མཛེས་དཔྱོད་ཅིག་ཏུ་གོ་བ་ཞེས་ཕྱོགས་གཉིས་ཀྱི་སྒོ་ནས་གླེང་བ་མང་མོད། འོན་ཀྱང་རྩོམ་རིག་ཅེས་པ་ནི་གཙོ་བོ་མཛེས་དཔྱོད་འདུ་ཤེས་མཚོན་པར་བྱེད་པའི་བརྩམས་ཆོས་ལ་ཟེར་ཞིང་། སྤྱི་ཚོགས་འཚོ་བ་དང་བརྩེ་དུང་མཚོན་པའི་འདུ་ཤེས་འཛིན་སྟངས་རིགས་ཤིག་ཏུ་གཏོགས་པ་དང་། མི་སྣའི་སེམས་ཁམས་ཀྱི་འགྱུར་བ་དེ་མི་སེམས་འགུལ་བ་དང་གསོན་ཉམས་ལྡན་པའི་རང་གཤིས་གཟུགས་སུ་གྲུབ་པར་བྱེད་པ་ལ་གོ། “ཧེ་གོར་གྱིས་མཛེས་པ་ལ་རང་བྱུང་གི་མཛེས་པ་དང་སྒྱུ་རྩལ་གྱི་མཛེས་པ་ཞེས་ཕྱོགས་གཉིས་བཤད་ཡོད། འོན་ཀྱང་སྒྱུ་རྩལ་གྱི་མཛེས་པ་ནི་རང་བྱུང་གི་མཛེས་པ་ལས་མཐོ་ཞེས་གསུངས་ཡོད་ལ་རྒྱུ་མཚན་ནི་སྒྱུ་རྩལ་གྱི་མཛེས་པ་ནི་མིའི་སེམས་ཁམས་ཀྱི་ཆགས་སྡང་ལས་བྱུང་བ་དང་སླར་སྐྱེའི་མཛེས་པ་ཡིན་པས། སེམས་ཁམས་དང་དེའི་ཐོན་རྫས་ནི་རང་བྱུང་ཁམས་དང་དེའི་སྣང་ཚུལ་ལས་ཇི་ཙམ་གྱིས་མཐོ་བ་ཡོད་ན། སྒྱུ་རྩལ་གྱི་མཛེས་པའང་རང་བྱུང་གི་མཛེས་པ་ལས་དེ་ཙམ་གྱིས་མཐོ་བ་ཡོད།”[5] ཅེས་པས་མཛེས་པ་ནི་རྟོགས་པ་མཐོན་པོའི་སྒྱུ་རྩལ་ཞིག་ལ་ཟེར། “དབྱང་ཞིན་དང་ཀན་ལིན་གཉིས་ཀྱི་མཛེས་རིག་རིག་པའི་ནང་འཚོ་བ་དངོས་ཁྲོད་ཀྱི་མཛེས་དཔྱོད་གནས་སྟངས་ནི། སྤྱི་ཚོགས་ཀྱི་མཛེས་པ་དང་། རང་བྱུང་གི་མཛེས་པ། རྣམ་པའི་མཛེས་པ། སྒྱུ་རྩལ་གྱི་མཛེས་པ་བཅས་ཡིན། འདི་དག་ཚང་མའི་འབྱུང་རྩ་ནི་ལག་ལེན་ཡིན་ལ་མཛེས་པ་འདི་དག་གི་གནས་སྟངས་ལ་དབྱེ་ཞིབ་བྱས་ན་སྔར་ལས་ལྷག་པའི་སྒོ་ནས་མཛེས་པའི་ངོ་བོ་འཚོལ་ཞིབ་བྱེད་ཐུབ་ཅེས་གསུངས་ཡོད།”[6] སྤྱི་ཚོགས་ཀྱི་མཛེས་པ་ཟེར་བ་ནི་སྤྱི་ཚོགས་འཚོ་བའི་ཁྲོད་ཀྱི་མཛེས་པ་ཡིན་ལ། སྤྱི་ཚོགས་འཚོ་བའི་ཁྲོད་དུ་མིའི་ཡར་ཐོན་གྱི་བསམ་བློ་དང་རེ་བ་སྤོབས་པ་སྙིང་སྟོབས་བཅས་ཀྱི་སྣང་བརྙན་མཚོན་པ་སོགས་ནི་སྤྱི་ཚོགས་ཀྱི་མཛེས་པའི་མཚོན་ཚུལ་གལ་ཆེན་ཞིག་ཡིན། མཛེས་དཔྱོད་བྱེད་སྒོ་ནི་མིའི་ཡིད་བརྙན་འཇིག་རྟེན་བྱ་ཡུལ་དུ་གྱུར་པའི་མི་ཚེའི་ཉམས་ལེན་གྱི་བྱེད་སྒོ་ཞིག་དང་། མིའི་རིགས་ཀྱི་བསམ་པའི་རིག་གནས་ཀྱི་བྱེད་སྒོ་ཞིག་ཡིན་ལ་མཚན་ཉིད་རིག་པའི་རྨང་གཞིའི་ཤེས་བྱ་དང་སྒྱུ་རྩལ་གསོ་སྐྱོང་ལ་བྱང་ཆ་ལྡན་དགོས། དེ་ནི་རྟོག་དཔྱོད་ཀྱི་རིག་ཚན་ཞིག་དང་ཡང་ན་མཛེས་རྟོག སེམས་ཁམས་རིག་པ། སྐད་བརྡ་རིག་པ། མིའི་རིགས་རིག་པ། ལྷ་སྒྲུང་རིག་པ་སོགས་དང་འབྲེལ་བ་དམ་ཟབ་ཡོད།“ཧེ་གོར་གྱིས་མཛེས་རྟོག་རིག་པའི་དམིགས་ཡུལ་ནི་མཛེས་རྟོག་སྒྱུ་རྩལ་ལ་ཞིབ་འཇུག་བྱ་རྒྱུ་དེ་ཡིན་པར་འདོད་ལ། ཁོང་གིས་མཛེས་སྡུག་ལྡན་པའི་གཏེར་ཁ་ནི་ཡངས་ཤིང་རྒྱ་ཆེ་བའི་མཛེས་སྡུག་གི་ཁྱབ་ཁོངས་ཤིག་རེད་ཅེས་གསུངས་པ་དང་། དེའི་ཁྱབ་ཁོངས་ནི་སྒྱུ་རྩལ་ཡིན་པའམ་ཡང་ན་མཛེས་པའི་སྒྱུ་རྩལ་ཡིན་ཞེས་བརྗོད་ཡོད། ”[7]

གཉིས། མཛེས་དཔྱོད་འདུ་ཤེས་འཛིན་སྟངས།
        རྩོམ་རིག་གི་མཛེས་དཔྱོད་འདུ་ཤེས་འཛིན་སྟངས་རང་བཞིན་ཞེས་པ་ཇི་ལྟར་གོ་དགོས་ཟེར་ན། ཐོག་མར་མཛེས་དཔྱོད་ཅེས་པ་གསལ་པོར་ངེས་དགོས་ཏེ། མཛེས་དཔྱོད་ཅེས་པ་ནི་ཀུན་གྱི་བློ་ངོར་འཚམ་ཞིང་བཞེད་ཚུལ་མཐུན་པའི་མཚན་ཉིད་ཅིག་ད་ལྟའི་བར་དུ་བཞག་མེད་ནའང་། ངེད་ཅག་གིས་མཛེས་དཔྱོད་ཅེས་པ་ནི་འདུ་ཤེས་འཛིན་སྟངས་ཤིག་དང་མིའི་རིགས་ཀྱིས་ཕྱི་རོལ་ཡུལ་ལ་དམིགས་པའི་རྟོག་པ་ཁྱད་པར་བ་ཞིག་ཡིན། རྩོམ་རིག་གི་ངོ་བོའི་སྟེང་ནས་བཤད་ན། “རྩོམ་རིག་ནི་འདུ་ཤེས་འཛིན་སྟངས་ཤིག་ཡིན་ལ། འདུ་ཤེས་འཛིན་སྟངས་འདི་ལ་ཡོངས་ཁྱབ་རང་བཞིན་དང་བྱེ་བྲག་རང་བཞིན་གྱི་ཁྱད་པར་བའི་ཁྱད་ཆོས་གཉིས་ཡོད། རྩོམ་རིག་ཉིད་སྤྱིར་བཏང་བའི་འདུ་ཤེས་འཛིན་སྟངས་ཤིག་ཡིན་པ་ནི་ཡོངས་ཁྱབ་རང་བཞིན་དང་། མཛེས་དཔྱོད་འདུ་ཤེས་འཛིན་སྟངས་ཤིག་ཏུ་བརྩི་བ་ནི་བྱེ་བྲག་ཁྱད་པར་བའི་རང་བཞིན་ཡིན།”[8] ཞེས་པ་བཞིན་རྩོམ་རིག་གིས་འདུ་ཤེས་འཛིན་སྟངས་ཁྲོད་དུ་གོ་གནས་གལ་ཆེན་ཟིན་ཡོད། སྤྱིར་རྩོམ་རིག་མཛེས་རྟོག་རིག་པ་ནི་མིའི་རིགས་ཀྱི་བྱ་བ་ཞིག་གི་ཚུལ་དུ་གནས་ཤིང་འཕེལ་བ་ཞིག་ཡིན་ལ། རྩོམ་པ་པོའི་རྣམ་དཔྱོད་ལས་ཐོན་པའི་གསར་རྩོམ་དེ་བརྩམས་ཆོས་ཀྱི་གཟུགས་སུ་གྲུབ་པ་དང་། མཐར་ལྟ་མཁན་གྱི་མྱོང་ལེན་དང་དཔྱད་བརྗོད་བྱེད་པའི་བྱ་རིམ་ཧྲིལ་པོར་ངོས་འཛིན་དགོས་པར་མ་ཟད། བྱ་རིམ་དེ་ནི་མིའི་རིགས་ཀྱི་བྱ་བའི་གྲུབ་ཆ་ཁྱད་པར་བ་ཞིག་ཡིན། དེ་ལྟར་ན་རྩོམ་རིག་ཅེས་པའི་ཐ་སྙད་ཀྱི་གོ་ཚུལ་གསུམ་དང་འབྲེལ་ནས་རྩོམ་རིག་གི་ལྟ་ཚུལ་ཡང་གསུམ་དུ་བཀྲལ་ཆོག རྩོམ་རིག་ཅེས་པ་སྒྲ་ཡངས་པ་དང་ཁྱབ་ཆེ་བར་གོ་ན་རྩོམ་རིག་ཅེས་པ་ནི་ཤེས་རིག་ཅིག་ཏུ་གོ་བ་དང་། སྒྲ་དོག་འཇུག་གམ་མཛེས་པར་དཔྱོད་པའི་ཁྱད་པར་བའི་ཚུལ་ལས་གཞིགས་ན་རྩོམ་རིག་ནི་མཛེས་དཔྱོད་ཅིག་ཏུ་གོ་བ། ཕྱོགས་གཉིས་ཀྱི་ཁྱད་ཆོས་འཛིན་པའི་བར་མའམ་འགྱུར་བ་ཅན་ལ་དམིགས་ནས་རྩོམ་རིག་ཉིད་བརྗོད་སྲོལ་གྱི་དབང་དུ་སོང་བའང་ཡོད། དང་པོ་ལས་རྩོམ་རིག་ཅེས་པ་ནི་ཤེས་རིག་ཅིག་ཏུ་གོ་བའི་ལྟ་ཚུལ་ནི་ཅུང་སྔ་ཤོས་ཀྱི་བཞེད་ཚུལ་ལམ་གོ་བ་ལེན་ཚུལ་ཞིག་ཡིན་ལ།“རྩོམ་རིག་ལོ་རྒྱུས་ཐོག་རྩོམ་རིག་ནི་དེང་གི་སྐད་བརྡའི་སྒྱུ་རྩལ་དང་ཡང་ན་མཛེས་དཔྱོད་སྒྱུ་རྩལ་ཞེས་པ་དག་མ་ཡིན་པར་གོ་དོན་རྒྱ་ཆེ་བའི་རིག་གནས་བརྒྱུད་རིམ་ལ་ཟེར་བ་སྟེ། རྩོམ་རིག་ནི་ངག་ཐོག་གམ་སྐད་བརྡའི་བྱ་སྤྱོད་དང་བརྩམས་ཆོས་མཐའ་དག་ལ་ཟེར་ཞིང་། དེའི་ནང་དེང་གི་རྩོམ་རིག་དང་དེ་བཞིན་ཆབ་སྲིད་དང་། མཚན་ཉིད་རིག་པ། ལོ་རྒྱུས། ཆོས་ལུགས་སོགས་རིག་གནས་ཀྱི་རྣམ་པ་འདི་དག་ནི་རྩོམ་རིག་གི་རིག་གནས་ཀྱི་ནང་དོན་རེད།”[9] མི་རིགས་གང་དང་གང་ལ་མཚོན་རུང་ཆེས་ཐོག་མའི་སྐབས་སུ་རྩོམ་རིག་ནི་ཤེས་རིག་ཅིག་ཏུ་གོ་བ་དེས་གཙོ་ཁྲིད་ཀྱི་ནུས་པ་བཏོན་ཡོད། བྱེ་བྲག་ཏུ་བཤད་ན། མཛེས་དཔྱོད་འདུ་ཤེས་འཛིན་སྟངས་ཀྱི་ངོ་བོའི་མངོན་ཚུལ་ནི། རྩོམ་རིག་གི་ཁེ་ཕན་རང་བཞིན་དང་། སྣང་བརྙན་རང་བཞིན། ཚོར་འདུ་རང་བཞིན་བཅས་ཀྱི་སྐད་ཆ་དང་སྤྱི་ཚོགས་ཀྱི་སྒྲིག་གཞིའི་དབར་གྱི་འབྲེལ་ཁོངས་སྣ་ཚོགས་སུ་གྱུར་ཡོད་པ་དང་། དེར་ཐད་ཀའི་ཁེ་ཕན་མེད་པ་དང་། སྣང་བརྙན་རང་བཞིན་ཚོར་འདུ་རང་བཞིན་བཅས་ནི་གཏིང་ཟབ་པའི་ཁེ་ཕན་རང་བཞིན་དང་། རྗེས་དཔག་རང་བཞིན་ངོས་འཛིན་རང་བཞིན་སོགས་དང་མཉམ་དུ་འདྲེས་ཡོད། གལ་ཏེ་དམིགས་འབེན་དང་ཐབས་ཚུལ་རྣམ་འགྱུར་བཅས་ཕྱོགས་གསུམ་ནས་བལྟས་ཚེ། “རྩོམ་རིག་གི་མཛེས་དཔྱོད་ཀྱི་འདུ་ཤེས་འཛིན་སྟངས་རྣམ་པ་ནི་ཁེ་ཕན་དང་བྲལ་ཞིང་ཁེ་ཕན་དང་ལྡན་པ། སྣང་བརྙན་དང་རྗེས་དཔག ཚོར་འདུ་དང་ངོས་འཛིན་བཅས་ཕན་ཚུན་སྐྱ་སྒྲིལ་ཏེ་གནས་ཡོད།”[10] རྩོམ་རིག་ཉིད་མཛེས་དཔྱོད་ཅིག་ཏུ་གོ་བ་ནི་ཆེས་ཚད་མཐོ་བའི་མྱོང་རྟོགས་ཤིག་ལས་བྱུང་བ་དང་མཛེས་རྟོག་རང་བཞིན་ནི་རྩོམ་རིག་གི་རྟོགས་པ་གཏིང་ཟབ་ཅིག་ཡིན། “གནའ་བོའི་ཀེ་རི་སེའི་བསམ་བློ་བ་ཡ་ལི་སི་ཏོ་ཏེས་སྙན་ངག་པའི་འགན་འཁྲི་ནི་བྱུང་ཟིན་པའི་དོན་གནད་ཞིབ་འབྲི་བྱེད་རྒྱུ་མ་ཡིན་པར་འབྱུང་སྲིད་པའི་དོན་གནད་ཞིབ་འབྲི་བྱེད་རྒྱུ་དེ་ཡིན།”[11] ཞེས་བརྗོད་པ་དེའི་འབྱུང་སྲིད་པའི་དོན་གནད་ཅེས་པ་ནི་རྩོམ་པ་པོས་རྟོག་བཟོ་བྱ་རྒྱུའི་གནད་དོན་ཟེར་བ་དང་། སྤྱི་ཚོགས་འཚོ་བར་རྟོག་དཔྱོད་དང་མཚོན་པ་ལས་རྩོམ་པ་པོའི་འཇིག་རྟེན་འཚོ་བ་མཚོན་པའི་ཐབས་ཤེས་ཐུན་མོང་མ་ཡིན་པ་ཞིག་ཡིན་ཏེ་བརྩམས་ཆོས་དེ་ལ་གསོན་ཉམས་ལྡན་ཞིང་མངོན་སུམ་གཟུགས་བརྙན་དུ་གྲུབ་པས་ཡིད་དབང་འགུགས་པའི་དགེ་མཚན་ཡོད་ལ་རྩོམ་རིག་བསྟན་བཅོས་ཀྱི་མཛེས་པ་ནི་དངོས་ཡོད་འཚོ་བའི་མཛེས་པ་གཅིག་བསྡུས་དཔེར་མཚོན་གྱི་མངོན་པར་བསྐྲུན་པ་དང་མཛེས་རྟོག་ཐབས་ཤེས་ལ་བརྟེན་ནས་མི་སྣ་གཙོར་བཟུང་བའི་སྤྱི་ཚོགས་འཚོ་བ་ཉམས་སུ་མྱོང་བའི་རྟོག་སྣང་གི་དངོས་ཡོད་དང་འཚོ་བའི་སྣང་ཚུལ་སྣ་ཚོགས་རྩོམ་པ་པོའི་མཛེས་རྟོག་འདུ་ཤེས་སུ་སྣང་བ་དང་སླར་གསོན་ཉམས་ལྡན་པའི་སྒྱུ་རྩལ་སྣང་བརྙན་གཟུགས་སུ་བསྐྲུན་ཏེ་མཚོན་པ་ཡིན། “རྩོམ་རིག་ནི་མཛེས་རྟོག་འདུ་ཤེས་ཀྱི་ལས་ཀ་ཞིག་ཡིན་ལ་རྩོམ་རིག་གི་ལག་ལེན་དངོས་ཀྱི་ཆགས་སྡང་གི་སེམས་ཀྱང་མཛེས་རྟོག་གི་སེམས་སུ་བསྒྱུར་དགོས་ཏེ། མཛེས་རྟོག་ཡུལ་དུ་གྲུབ་པའི་བསམ་པའི་ཆགས་སྡང་དང་མཛེས་རྟོག་ཕུགས་བསམ་དང་མཛེས་རྟོག་གདེང་འཇོག་གི་ལྟ་བ་བཅས་ལས་མངོན་པར་བསྐྲུན་པའི་མི་གཤིས་ཀྱི་རང་བཞིན་གཙོར་བཟུང་བའི་སྤྱི་ཚོགས་འཚོ་བའི་མི་ཚེའི་ལས་དབང་སྤྱི་ཚོགས་མཚོན་རིས་ཀྱི་རི་མོའི་སྣང་བརྙན་དུ་སྦྱར་བ་ནི་རྩོམ་པ་པོའི་མཛེས་རྟོག་ཆགས་སྡང་གི་ཕུགས་བསམ་སླར་དངོས་གཟུགས་སུ་བསྐྲུན་པ་ཞིག་ཡིན།”[12] མདོར་ན་རྩོམ་རིག་གི་མཛེས་རྟོག་འདུ་ཤེས་ནི་སྣང་བརྙན་རང་བཞིན་ལས་ཐོན་པའི་སྒྱུ་རྩལ་སྣང་བརྙན་གྱི་མཛེས་པའི་དཔལ་ཡོན་ལ་བྱའོ། །


གསུམ། མཛེས་རྟོག་སློབ་གསོའི་ནུས་པ།

        མཛེས་རྟོག་སློབ་གསོའི་སྤྱི་ཚོགས་ལ་ཐོན་པའི་ནུས་པའི་སྟེང་ནས་བཤད་ན། སྤྱི་ཚོགས་སྟེང་རྩོམ་རིག་བརྩམས་ཆོས་ཤིག་སྤེལ་བ་ནས་བཟུང་དེས་སྤྱི་ཚོགས་ཁྲོད་ནུས་པ་འདོན་བཞིན་ཡོད་ལ། ཐོག་མར་རྒྱ་ཆེ་བའི་ཀློག་པ་པོ་རྣམས་ལ་ཞབས་འདེགས་ཞུ་རྒྱུ་དང་རྩོམ་རིག་སྒྱུ་རྩལ་གྱི་སྤྱི་ཚོགས་ཀྱི་ནུས་པ་མངོན་པར་འདོན་བཞིན་ཡོད། དེ་བས་རྩོམ་པ་པོས་རང་གི་རྟོག་སྣང་གི་རིག་པའི་འཆར་སྒོ་ལ་བརྟེན་ནས་སྒྱུ་རྩལ་གྱི་སྣང་བརྙན་གསར་སྐྲུན་དང་སྤྱི་ཚོགས་ཀྱི་འཚོ་བའི་ངོ་བོ་དང་མི་ཚེའི་བདེ་སྡུག་གི་སྣང་ཚུལ་མཚོན་ཐུབ་པ་ཞིག་བྱེད་རྒྱུ་ནི་རྩོམ་པ་པོ་ཞིག་གི་རྩོམ་རིག་གསར་རྩོམ་གྱི་རྩ་བའི་ཆོས་ཉིད་ཡིན། ཕུལ་དུ་བྱུང་བའི་རྩོམ་རིག་བསྟན་བཅོས་ནི་བརྗོད་བྱ་སྤྱི་ཚོགས་འཚོ་བའི་ནང་དོན་ངེས་ཅན་ཞིག་སྒྱུ་རྩལ་གྱི་སྒོ་ནས་མཚོན་པ་ཞིག་ཡིན་ལ། ཀློག་པ་པོའི་མཛེས་རྟོག་གི་འདུ་ཤེས་དང་སེམས་ཡང་དག་ཏུ་སྐྱེད་པར་སྦྱངས་ནས་སྤྱི་ཚོགས་འཚོ་བའི་ཡག་བཙོག་ལ་དངོས་མྱོང་དང་དབྱེ་འབྱེད་ཀྱི་རིག་པ་མཐོ་རུ་སྤེལ་ཏེ་སྒྱུ་རྩལ་གྱི་མཛེས་པའི་དཔལ་མངོན་པར་ཤེས་པ་བྱེད་དགོས། དེ་ལས་མིའི་རིགས་ཀྱི་སྤྱི་ཚོགས་ལོ་རྒྱུས་དང་དངོས་ཡོད་གནས་ཚུལ་རང་བྱུང་ཁམས་ལ་ངོས་འཛིན་བྱེད་པར་འདུ་ཤེས་གསར་པ་ཞིག་གི་སྒོ་དབྱེ་ཐུབ་པ་ཡིན་ཞིང་། བདེན་པ་དང་བཟང་བ། མཛེས་པ་བཅས་ལ་དཔྱད་མྱོང་བྱེད་པའི་མཛེས་རྟོག་གི་གནས་ལུགས་བཀོད་དེ། མི་རྣམས་ཀྱི་མཐོང་ཐོས་ཀྱི་ཤེས་རྒྱ་ཕུན་སུམ་ཚོགས་པར་སྤེལ་བ་དང་། རྣམ་དཔྱོད་པའི་རིག་པའི་སྒོ་གླེགས་འབྱེད་པ། སྤྱི་ཚོགས་འཚོ་བ་དང་མི་ཚེའི་དོན་སྙིང་ལ་རྟོག་དཔྱོད་དང་ཤེས་རྟོགས་ཀྱི་ནུས་པ་མཐོ་རུ་འདེགས་ཐུབ། རྩོམ་རིག་མཛེས་རྟོག་རིག་པས་སྤྱི་ཚོགས་འཚོ་བ་ཁྱོན་ཡོངས་ནས་སྒྱུ་རྩལ་གྱི་རྣམ་པར་མཚོན་པ་དང་དེར་ནང་བྱན་ཆུད་པར་བྱས་པ་ལས་ཤེས་བྱའི་གནས་ལུགས་བརྗོད་འདོད་ཀྱི་དམིགས་ཡུལ་མ་ཡིན་པར། བརྗོད་བྱ་སྤྱི་ཚོགས་འཚོ་བ་ལ་དངོས་སུ་ནང་བྱན་ཆུད་ཐུབ་ན་སྒྱུ་རྩལ་སྣང་བརྙན་ལས་ཀློག་མཁན་རྣམས་ལ་ཤེས་བྱའི་གནས་ཕུན་སུམ་ཚོགས་པ་ཞོར་ནས་ཐོབ་པར་ངེས། “བརྗོད་བྱ་སྤྱི་ཚོགས་འཚོ་བའི་བདེན་དངོས་རང་བཞིན་སྒྱུ་རྩལ་གྱི་སྒོ་ནས་མངོན་པར་མཚོན་པ་མ་ཟད། བརྗོད་དོན་གྱི་ཟབ་ཡངས་ཀྱི་སྒྱུ་རྩལ་སྣང་བརྙན་གྱི་ཤུགས་ནས་ཤེས་རྟོགས་རིག་པ་རྒྱ་ཆེར་སྐྱེད་ངེས།”[13] རྩོམ་རིག་བསྟན་བཅོས་ཕུལ་དུ་བྱུང་བས་སྤྱི་ཚོགས་འཚོ་བ་ངེས་ཅན་ཞིག་ཡང་དག་གཏིང་ཟབ་ཏུ་མཚོན་པར་ངེས་ལ། དེས་ཀྱང་ཀློག་པ་པོ་རྣམས་ཀྱི་མི་ཚེའི་ལྟ་བ་དང་། བསམ་པའི་འཁྱེར་སོ། ཀུན་སྤྱོད་ཀྱི་རྟོག་པ་བཅས་ཀྱི་བྱུང་འཕེལ་ལ་ནུས་པ་འདོན་བཞིན་ཡོད་ལ་ཀློག་པ་པོའི་རྩོམ་རིག་བརྩམས་ཆོས་ཁྲོད་ཀྱི་མངོན་སུམ་རྟོག་པ་དང་སྒྱུ་རྩལ་གྱི་སྐད་ཆའི་འཚོ་བཅུད་གཞིབ་པའི་ཚེ་ན། ད་གཟོད་འཇིག་རྟེན་གྱི་ལྟ་བ་གསར་པའི་སློབ་སྟོན་བྱེད་པར་བརྟེན་ཀློག་མཁན་རྣམས་ཀྱི་འཚོ་བ་ངོས་འཛིན་བྱེད་པའི་རིག་པ་དང་མཛེས་རྟོག་གི་དགའ་སྣང་སྐྱེད་སྲིང་དང་བསམ་འདུན་དང་ཕུགས་བསམ། ལྟ་བ་དང་མཐུན་པའི་སློབ་གསོའི་ནུས་པ་འདོན་ཐུབ། རྩོམ་རིག་གི་མཛེས་རྟོག་སློབ་གསོའི་ནུས་པས་རྩོམ་རིག་བརྩམས་ཆོས་ཀྱི་སྒྱུ་རྩལ་སྣང་བརྙན་ལ་བརྟེན་ནས་བརྗོད་སྙིང་དང་བསམ་བློའི་རང་རྟོག་དང་མཛེས་རྟོག་རིན་ཐང་ལ་གདེང་འཇོག་བྱེད་པའི་ཉམས་ལེན་དང་རང་རྒྱུད་ཇེ་ལེགས་སུ་གཏོང་བར་བྱས་པའི་ཉམས་རྟོགས་ལས་སློབ་གསོའི་ནུས་པ་མངོན་འགྱུར་བྱེད་ཐུབ།

        མཛེས་རྟོག་སློབ་གསོས་སྤྱི་ཚོགས་ལ་ཐོན་པའི་དགེ་མཚན་ཐད་ནས་བཤད་ན། མིའི་རིགས་ཀྱི་སྤྱི་ཚོགས་ལོ་རྒྱུས་ཀྱི་ལག་ལེན་དངོས་ནང་དུ་མཛེས་རྟོག་གི་རིག་པ་རྒྱ་ཆེར་སྤེལ་ཅིང་རྣམ་དཔྱོད་ཀྱི་རིག་སྟོབས་རྒྱས་པས་རྨང་གཞི་ལ་བརྟེན་ནས་སྤྱི་ཚོགས་ལ་འཕོ་འགྱུར་འབྱུང་བ་དང་མི་རིགས་མདུན་དུ་བསྐྱོད་པར་སྐུལ་མ་བྱེད་པ་མིའི་རིགས་ཀྱི་རང་བཞིན་ཡིད་དུ་འོང་བ་ཞིག་སྐྱེད་སྲིང་དང་མི་ཚེ་དོན་ཡོད་དང་ཕུན་སུམ་ཚོགས་པའི་རང་བཞིན་ཅན་དུ་བསྐྲུན་པར་མཛུབ་ཁྲིད་བྱེད། དེ་ཡང་མིའི་རིགས་ཀྱི་མཛེས་རྟོག་འདུ་ཤེས་གཅིག་བསྡུས་དང་དཔེར་མཚོན་ཅན་དང་ཕུགས་བསམ་ཅན་དུ་འགོད་པའི་སྒྱུ་རྩལ་གསར་སྐྲུན་གྱིས་ཀློག་པ་པོ་རྣམས་ལ་ཞབས་འདེགས་ཞུ་བའི་ལས་ཤིག་ཡིན། མཛེས་རྟོག་སློབ་གསོ་འདི་ནི་ཤེས་བྱའི་སློབ་གསོ་ལྟར་སྒྲ་དང་དོན་གྱི་སྒོ་ནས་མཚན་ཉིད་དང་སྡོམ་ཚིག་ལ་སློབ་སྦྱོང་བྱེད་པ་ལྟ་བུ་མ་ཡིན་པར། སྒྱུ་རྩལ་གྱི་མཛེས་པའི་དཔལ་ལ་མངོན་པར་རོལ་ཞིང་སྒྱུ་རྩལ་གྱི་ཞིང་དུ་སྐྱོད་པའི་མཛེས་སྣང་གི་ཉམས་རྟོག་སྐྱེས་པར་འཇུག་པའི་སློབ་གསོ་ཞིག་ཡིན་ལ་དངོས་པོ་ཐམས་ཅད་ཀྱི་མཛེས་པའི་དཔལ་དང་ཉམས་ལ་མི་རྣམས་ལ་ལྟ་འདོད་ཅིང་ཉན་སྤྲོ་བར་མ་ཟད་ཡིད་རང་དབང་མེད་པར་འགུག་པའི་ནུས་པ་བསམ་གྱིས་མི་ཁྱབ་པ་འདོན་ཐུབ། མཛེས་རྟོག་སློབ་གསོ་ལས་མི་རྣམས་ཀྱི་བསམ་པའི་ཀུན་སྤྱོད་དང་རྟོགས་པ་མཐོ་རུ་གཏོང་བ་དང་ནང་སེམས་ཀྱི་ཕུགས་བསམ་གྱི་སྒྲོན་མེ་སྦར་བ། ཤེས་འདོད་ཀྱི་སེམས་ཤུགས་ལ་སྐུལ་སློང་བྱེད་ཐུབ་པ། མི་རྣམས་ཀྱི་སྙིང་སྟོབས་རྒྱས་པར་སྐུལ་བ་དང་སེམས་ཁམས་བདེ་ཐང་དུ་གཏོང་བ་དང་ཁྱད་པར་དུ་ན་གཞོན་རྣམས་ཀྱི་སེམས་ཁམས་དང་དབང་ཁམས་བདེ་ཐང་ཡོང་བར་ཕན་ནུས་བསམ་གྱིས་མི་ཁྱབ་པ་འདོན་ནོ། །མདོར་ན་ཡར་རྒྱས་སྐུལ་འདེད་ཀྱི་ཀུན་སློང་གི་ནུས་པ་མཆིས་ཏེ། ཀུན་སྤྱོད་ཀྱི་སློབ་གསོ་དང་ཤེས་རིག་གི་སློབ་གསོ། ལུས་རྩལ་གྱི་སློབ་གསོ་དང་དེ་མིན་སྤྱི་ཚོགས་འཚོ་བ་དང་མི་ཚེའི་ལས་དོན་སོགས་ཀྱི་ཁྱོན་ཡོངས་ལ་གཞན་གྱིས་ཚབ་བྱེད་མི་ཐུབ་པའི་སྤྱི་ཚོགས་ཀྱི་ནུས་པ་རྒྱ་ཆེར་འདོན་པར་སྦྲགས་མིའི་རང་གཤིས་ཀྱི་ནུས་སྟོབས་གོང་དུ་སྤེལ་བར་ཐུན་མོང་མ་ཡིན་པའི་ནུས་པ་འདོན་བཞིན་ཡོད། མཛེས་རྟོག་གི་སློབ་གསོས་སྒྱུ་རྩལ་གྱི་ཐབས་ཤེས་ལ་བརྟེན་ནས་སྤྱི་ཚོགས་དང་རང་བྱུང་གི་མཛེས་པ་ཕུན་སུམ་ཚོགས་པ་མཚོན་ཞིང་ལོངས་སྤྱོད་པར་སྐུལ་བ། “རྩོམ་རིག་སྒྱུ་རྩལ་གྱི་བསྟན་བཅོས་ལ་མཚོན་ན་མཛེས་རྟོག་སློབ་གསོར་ཐུན་མོང་མ་ཡིན་པའི་དོན་སྙིང་གལ་ཆེན་མཆིས་ཏེ། རྩོམ་རིག་སྒྱུ་རྩལ་གྱི་སློབ་གསོ་ནི་མཛེས་རྟོག་གི་རྩ་བའི་གྲུབ་ཆ་ཞིག་ཡིན།”[14] དེ་ལ་རང་སྒེར་གྱིས་དོ་སྣང་བྱེད་དགོས་པ་གཞིར་བཞག་བྱས་ཐོག སྤྱི་ཚོགས་དང་ཁྱིམ་ཚང་བཅས་པའི་མཛེས་རྟོག་གི་སློབ་གསོ་ལས་རྩོམ་རིག་སྒྱུ་རྩལ་གྱི་མཛེས་རྟོག་གི་རང་བཞིན་དང་ནུས་པ་ལ་རྟོགས་པ་གཏིང་ཟབ་ཅིང་རྒྱ་ཆེར་སྐྱེད་པར་སྐུལ་བ་དང་སློབ་གསོའི་ལས་དོན་གྱི་ཞིང་ཁམས་གསར་པ་བསྐྲུན་པར་བརྩོན་དགོས་པ་དང་། རྩོམ་རིག་སྒྱུ་རྩལ་གྱི་མཛེས་རྟོག་སློབ་གསོ་དང་སྤྱི་ཚོགས་རིང་ལུགས་ཀྱི་བསམ་པའི་དཔལ་ཡོན་འཛུགས་སྐྲུན་བྱེད་པ་ཟུང་འབྲེལ་དུ་སྤེལ་བར་ལྷག་བསམ་རྣམ་དག་གིས་བརྩོན་འགྲུས་དང་དགེ་མཚན་གྱི་མཐུན་རྐྱེན་ཕུན་སུམ་ཚོགས་པར་སྦྱོར་ཞིང་བསྐྲུན་དགོས་སོ། །


[1] 杨辛、甘霖;《美学原理》 [M] 北京; 北京大学出版社; 1982.7:6

[2] 朱光潜;《西方美学史》 [M];商务印书馆出版; 1978:297

[3] བསོད་ནམས་དབང་ལྡན་དང་བུ་བཞི། རྩོམ་རིག་རྣམ་བཤད། [M] པེ་ཅིང་། ཀྲུང་གོའི་བོད་རིག་པ་དཔེ་སྐྲུན་ཁང་། 2004.7 ཤོག་ངོས65-66

[4] 杨辛、甘霖;《美学原理》 [M] 北京; 北京大学出版社; 1982.7:58

[5] 黑格尔;《美学》第一卷 [M] 商务印书馆出版;2019.11:4

[6] 杨辛、甘霖;《美学原理》 [M] 北京; 北京大学出版社;1982.7:105

[7] 黑格尔;《美学》第一卷 [M] 商务印书馆出版;2019.11:135

[8] 童庆炳;《文学理论教程》(第五版)[M] 高等教育出版社;2014:64

[9] 童庆炳;《文学理论教程》(第五版)[M] 高等教育出版社;2014:58

[10] 童庆炳;《文学理论教程》(第五版)[M] 高等教育出版社;2014:68

[11] ཀུན་དགའ། 《བོད་ཀྱི་རྩོམ་རིག་གཞུང་ལུགས་སྐོར་གྱི་རྣམ་བཤད》[M] ལྷ་ས། བོད་ལྗོངས་མི་དམངས་དཔེ་སྐྲུན་ཁང་། 2009.11 ཤོག་ངོས 85

[12] རྡོ་རྗེ་རིན་ཆེན།《རྩོམ་རིག་གཞུང་ལུགས་གནད་བསྡུས》[M] པེ་ཅིང་། མི་རིགས་དཔེ་སྐྲུན་ཁང་།2014.7 ཤོག་ངོས140-141

[13] རྡོ་རྗེ་རིན་ཆེན། 《རྩོམ་རིག་གཞུང་ལུགས་གནད་བསྡུས》[M] པེ་ཅིང་། མི་རིགས་དཔེ་སྐྲུན་ཁང་། 2014.7 ཤོག་ངོས146

[14] རྡོ་རྗེ་རིན་ཆེན། 《རྩོམ་རིག་གཞུང་ལུགས་གནད་བསྡུས》[M] པེ་ཅིང་། མི་རིགས་དཔེ་སྐྲུན་ཁང་། 2014.7 ཤོག་ངོས157

39.7K

ཐག་རག་ཡིག་བསྒྱུར་མ་ལག

དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1