གཙོ་ངོས།>> སློབ་གསོ།>>སློབ་གསོའི་ཉམས་མྱོང་།

ལྕགས་མོ་ཚེ་རིང་། རྩོམ་སྒྲིག་པ།ཚེ་དཔལ། ཡོང་ཁུངས།མཚོ་སྔོན་བོད་ཡིག་གསར་འགྱུར། སྤེལ་དུས། ༢༠༢༡ལོའི་ཟླ་བ་༠༧ཚེས་༠༩ཉིན།

༄༅།། རྗེས་ལུས་སློབ་མའི་སྦྱངས་འབྲས་ཇེ་ལེགས་སུ་གཏོང་ཐབས་འགའ།


དཔའ་རིས། ལྕགས་མོ་ཚེ་རིང་།
        དགེ་རྒན་སུ་ཡིན་རུང་འཛིན་གྲྭ་གསར་པ་ཞིག་ལ་ཐོག་མར་སློབ་ཁྲིད་བྱེད་དུས་སློབ་སྦྱོང་བྱེད་རྒྱུར་མི་དགའ་བ་དང་སྦྱངས་འབྲས་མི་ལེགས་པའི་སློབ་མ་སྐོར་ཞིག་ལ་ཐུག་ངེས་ཡིན། རྗེས་སུ་ལུས་པའི་སློབ་མ་འདི་རྣམས་ཀྱི་སྦྱངས་འབྲས་ཇེ་ལེགས་སུ་གཏོང་བའི་ཐབས་ཤེས་ནི་དགེ་རྒན་རྣམས་ཀྱིས་ཞིབ་འཇུག་བྱ་དགོས་པའི་གནད་དོན་ཞིག་ཡིན་ཞིང་རྒྱུན་ལྡན་གྱི་ལས་ཀའི་ནང་དུའང་གཙིགས་སུ་འཛིན་དགོས་པའི་བྱ་བ་ཞིག་ཡིན།དེ་ནི་འཛིན་གྲྭ་ཡོངས་གྱི་སློབ་མ་སྤྱིའི་ཆུ་ཚད་དང་སློབ་ཁྲིད་ཀྱི་སྤུས་ཚད་མཐོར་འདེགས་གཏོང་རྒྱུར་དོན་སྙིང་གལ་ཆེན་ལྡན་ནོ། ། ད་ནི་ངས་སློབ་མ་འདི་ལྟ་བུའི་སྐོར་གྱི་སྦྱངས་འབྲས་ལེགས་སུ་གཏོང་རྒྱུའི་ཐད་ལ་རང་ཉིད་ཀྱི་བྱེད་སྟངས་འགའ་ཞིག་རགས་ཙམ་བཤད་པར་འདོད།

དང་པོ། དགེ་རྒན་གྱིས་རྗེས་སུ་ལུས་པའི་སློབ་མ་ཡར་རྒྱས་ཡོང་ཐུབ་པ་ལ་ཡིད་ཆེས་བརྟན་པོ་བཅང་དགོས།
        བྱ་བ་གང་ཞིག་ཡིན་རུང་མི་རྟག་པ་ཡིན། གཏན་ནས་མི་འགྱུར་བའི་བྱ་བ་མེད། དེ་བས་སློབ་མ་ཞིག་ལ་མཚོན་ན་དེའི་བྱ་སྤྱོད་དམ་གོམས་སྲོལ་ནི་ཆ་རྐྱེན་ངེས་ཅན་ཞིག་གི་འོག་ཏུ་འགྱུར་ལྡོག་ཡོང་ཐུབ་ངེས་ཡིན། དེར་བསྟུན་ནས་སློབ་མའི་སྦྱངས་འབྲས་ཀྱང་ཡག་པོར་ཡོང་ངེས་ཡིན། ད་ལྟའི་སློབ་མ་ཞན་པ་ནི་འབྱུང་འགྱུར་གྱི་ཕུལ་བྱུང་ཤེས་ལྡན་མི་སྣ་དང་ཐ་ན་འཛམ་གླིང་གི་རླབས་ཆེན་མི་སྣ་རུ་འགྱུར་མི་ཐུབ་པའི་ངེས་པ་མེད། དཔེ་བཞག་ན་འཛམ་གླིང་གི་མི་སྣ་གྲགས་ཅན་ཨའེ་དབྱིན་སི་ཐན་དང་ཨའེ་ཏི་ཧྲེང་གཉིས་ཆུང་དུས་སུ་སློབ་གྲྭའི་ནང་དུ་མངོན་ཚུལ་ཧ་ཅང་ཞན་པས་སློབ་མ་ངན་པའི་གྲས་སུ་བརྩིས་ཡོད་མོད། འོན་ཀྱང་རྗེས་སུ་དགེ་རྒན་གྱིས་རོགས་རམ་དང་རང་གིས་འབད་བརྩོན་བྱས་པའི་རྐྱེན་གྱིས་སློབ་མ་བཟང་པོ་ཞིག་ཏུ་འགྱུར་ཐུབ་སོང་། དེར་བརྟེན་ང་ཚོ་དགེ་རྒན་རྣམས་ཀྱིས་ངེས་པར་དུ་སློབ་མའི་བྱ་སྤྱོད་ངན་པ་བསྒྱུར་དགོས་པ་དང་བསྒྱུར་ཐུབ་པའི་ཡིད་ཆེས་ཀྱང་ཡོད་དགོས། སྦྱངས་འབྲས་ཞན་པའི་སློབ་མ་ཚོའི་ཡོན་ཚད་ཇེ་མཐོར་གཏོང་བ་དེ་སློབ་མ་ཕུལ་བྱུང་ཅན་གསོ་སྐྱོང་དང་འདྲ་བར་དོན་སྙིང་གལ་ཆེན་ལྡན་ལ། དགེ་རྒན་ཚོའི་ལས་འགན་གྱི་གཟི་བརྗིད་ཅིག་ཀྱང་ཡིན། སློབ་མ་དེ་དག་གི་ཁྱིམ་ཚང་དང་། འཚོ་བའི་ཁོར་ཡུག རིག་སྟོབས་སོགས་ཕྱོགས་གང་མང་ལ་དཔྱད་ནས་སྦྱངས་འབྲས་ཞན་པའི་རྒྱུ་རྐྱེན་བཙལ་ནས་དེ་དག་ལེགས་པར་བསལ་ཚེ། སྦྱངས་འབྲས་ལེགས་པར་འགྱུར་ཐུབ་ངེས།

གཉིས་པ། སྦྱངས་འབྲས་ཞན་པའི་སློབ་མར་སྤོབས་པ་བསླངས་ཏེ་ཁོ་ཚོར་སློབ་སྦྱོང་གི་ཐད་ཡིད་ཆེས་ཡོད་དུ་བཅུག་ཚེ། རང་འགུལ་ངང་སློབ་སྦྱོང་ལ་འབད་སྲིད།
        དང་ཐོག་སློབ་སྦྱོང་གི་སྦྱངས་འབྲས་ཅུང་ཞན་པའི་སློབ་མ་མི་ཉུང་བ་ཞིག་གིས་རྒྱུན་དུ་སློབ་གྲོགས་གཞན་གྱི་འཕྱ་སྨོད་དང་ཁྱིམ་བདག་གི་སྡིགས་མོ་མྱོང་བས། སེམས་ཁམས་མི་སྐྱིད་པའི་དབང་གིས་ཕམ་སེམས་སྐྱེས་ཏེ་གཤིས་རྒྱུད་རྩུབ་པོའམ་གཉོམ་པོར་གྱུར་ཏེ་སློབ་སྦྱོང་ལའང་མི་དགའ་ཞིང་། ཡར་འཕེལ་གྱི་བསམ་པ་མེད་པར་འགྱུར་འགྲོ། སློབ་མ་འདིའི་སྐོར་གྱི་སྦྱངས་འབྲས་ཇེ་ལེགས་སུ་གཏོང་དགོས་ན་ཐོག་མར་དགེ་རྒན་གྱིས་སློབ་མ་འདི་དག་ལ་རང་གི་བུ་ཕྲུག་ལྟར་ཤ་ཚ་ཞིང་ངང་རྒྱུད་རིང་བར་ལྷད་མེད་ཀྱི་དུངས་སེམས་དཀར་པོ་ཞིག་གིས་རོགས་བྱེད་དགོས། དེ་སྔོན་སུའུ་ལེན་གྱི་སློབ་གསོ་མཁས་ཅན་སུའུ་ཧོ་མུའུ་ལིན་སི་ཅིས་གསུངས་པ་ལྟར། བརྩེ་བ་ནི་སྟོབས་དང་ལྡན་པའི་སློབ་གསོ་གཏོང་བྱེད་ཅིག་ཡིན། བརྩེ་བ་ནི་དགེ་རྒན་དང་སློབ་མའི་བར་གྱི་འབྲེལ་ཐག་ལྟ་བུ་ཡིན། དེར་བརྟེན། དུས་རྒྱུན་གྱི་འཚོ་བའི་ཁྲོད་དུ་ཕྱོགས་གང་ཐད་ནས་སློབ་མ་འདི་དག་ལ་གཅེས་སྐྱོང་དང་ལྟ་རྟོག་བྱེད་དགོས། སློབ་ཁྲིད་བྱེད་དུས་སུ་དྲི་བ་དྲིས་ལན་སོགས་སློབ་མ་གཞན་ལས་གོ་སྐབས་མང་ཙམ་སྦྱིན་གང་ཐུབ་བྱས་ཏེ། ཁོ་ཚོས་སྒྲུབ་ཐུབ་པའི་བྱ་བ་རྣམས་ཁོ་ཚོ་ལ་བསྒྲུབ་ཏུ་འཇུག་དགོས། སློབ་མ་ལ་ཡར་རྒྱས་ཅུང་ཙམ་བྱུང་ཚེ་ཁས་ལེན་རྒྱུ་དང་གཟེངས་བསྟོད་གང་ལེགས་བྱས་ན། སློབ་མ་རང་ཉིད་ཀྱང་སེམས་ཁམས་བདེ་བར་གྱུར་ནས་སྤོབས་པ་ཆེ་རུ་འགྱུར་ཞིང་མུ་མཐུད་དུ་སློབ་སྦྱོང་ལ་བརྩོན་པ་བྱ་ངེས་ཡིན།
        དགེ་རྒན་གྱིས་ད་དུང་ནན་ཏན་གྱིས་རྒྱུགས་ལེན་པའི་གནད་འགག་དམ་འཛིན་བྱས་ཏེ་རྒྱུགས་ལེན་པའི་སྔོན་དུ་སློབ་མ་འདི་དག་ལ་ཞན་ཆ་གང་ཡོད་ཟུར་ཁྲིད་བྱ་དགོས། ཐེངས་རེ་རེར་སློབ་མ་ཞན་པའི་གྲུབ་འབྲས་ཅུང་ལེགས་ཙམ་ཐོབ་པ་ལ་སྐུལ་སློང་བྱེད་པའི་ཆེད་དུ་ཅུང་སླ་བའི་དྲི་གཞི་ཆུང་ཆུང་འགའ་བཀོད་སྒྲིག་བྱས་ན་བཟང་། དེ་ལྟར་བྱས་ན་སློབ་མ་འདིའི་སྐོར་ལ་འབད་པ་བྱས་ནས་སྦྱངས་འབྲས་ལེགས་པོ་ལེན་པའི་སྤོབས་པ་ཐོབ་པར་འགྱུར་ཞིང་། རང་ཉིད་ཀྱི་ནུས་པར་བརྟེན་ནས་སྦྱངས་འབྲས་ལེགས་པོ་ལེན་ཐུབ་པའི་ཡིད་ཆེས་རྙེད་ཚེ། མི་གཞན་ལས་འཇོན་ནུས་ཞན་པའི་བསམ་པ་དེ་འགྱུར་ངེས། དེའི་ཕྱིར་ཁོ་ཚོའི་ཡིད་ཆེས་ཀྱི་བསམ་པ་གསོ་སྐྱོང་དང་། རང་བཀུར་གྱི་བསམ་པ་སྐུལ་སློང་བྱས་ན་ཧུར་བརྩོན་ཡོང་ངེས་ཡིན། འདི་ནི་སྦྱངས་འབྲས་ཅུང་ཞན་པའི་སློབ་མའི་རིག་གནས་ཆུ་ཚད་ཇེ་མཐོར་གཏོང་བའི་མན་ངག་ལྟ་བུ་ཡིན་ནོ། །

གསུམ་པ། སྦྱངས་འབྲས་ཞན་པའི་སློབ་མ་རྣམས་ལ་སློབ་སྦྱོང་བྱེད་པའི་གོམས་གཤིས་བཟང་པོ་ཞིག་ལོབས་སུ་འཇུག་པ་དང་། སློབ་སྦྱོང་བྱེད་ཐབས་ཡང་དག་པ་ཞིག་འདེམ་པར་རོགས་བྱེད་དགོས།
        སྦྱངས་འབྲས་ཞན་པའི་སློབ་མ་མང་པོ་ཞིག་གིས་སློབ་ཁྲིད་སྐབས་སུ་རིག་པ་ཡག་པོར་སྒྲིམ་མི་ཐུབ། དེ་ནི་སློབ་སྦྱོང་གི་ལས་བྱ་སྤུས་ཀ་དང་གྲངས་ཀ་གཉིས་ལྡན་གྱི་སྒོ་ནས་འགྲུབ་མི་ཐུབ་པའི་རྒྱུ་རྐྱེན་གཙོ་བོ་ཞིག་ཡིན། དེའི་ཕྱིར། སློབ་མ་ཞན་པ་གསོ་སྐྱོང་བྱེད་པར་ཐོག་མར་སློབ་ཁྲིད་ཀྱི་སྐབས་སུ་རིག་པ་བསྒྲིམས་ནས་ཉན་པའི་གོམས་གཤིས་ཆགས་སུ་འཇུག་དགོས། ཐོག་མར་ངས་འཛིན་གྲྭའི་ནང་ནས་སློབ་མ་ཞན་པ་དག་ལ་རྒྱུན་དུ་སློབ་ཁྲིད་ལ་ནན་ཏན་གྱིས་ཉན་པ་དང་། དགེ་རྒན་གྱི་དྲི་བ་ལ་ལན་ཡག་པོར་འདེབས་ཐུབ་པའི་སློབ་མ་དང་མཉམ་དུ་སྡོད་དུ་བཅུག་ལ། དེའི་ཐོག་སློབ་ཁྲིད་བྱེད་དུས་ཁོ་ཚོ་ལ་དོ་སྣང་ལྷག་པ་ཞིག་སྤྲད་པ་ཡིན། དགེ་རྒན་དང་སློབ་མ་ཕྱོགས་གཉིས་ཀྱིས་དུས་ཐོག་ཏུ་དྲན་སྐུལ་བྱས་པས་ཁོ་ཚོས་སློབ་ཁྲིད་ལ་ནན་ཏན་ངང་ཉན་པར་རིམ་གྱིས་རིམ་གྱིས་གོམས་གཤིས་བཟང་པོ་ཞིག་ཆགས་ངེས་ཡིན། ཡང་དེ་རྗེས་སློབ་མ་འདི་དག་གི་དྲི་བ་འདོན་རྒྱུ་ལ་དགའ་བའི་གོམས་གཤིས་བཟང་པོ་གསོ་སྐྱོང་བྱེད་དགོས། ངས་སློབ་མ་ཞན་པ་དང་སློབ་གྲོགས་གཞན་དག་མཉམ་གཅིག་ཏུ་བསྡུས་ཏེ་ཕན་ཚུན་རོགས་རམ་གྱི་མཐུན་ཚོགས་བཙུགས་ཏེ་སློབ་མ་བཟང་པོས་དུས་ཐོག་ཏུ་སློབ་མ་ཞན་པས་བཏོན་པའི་གནད་དོན་ལ་ལན་འདེབས་སུ་འཇུག་བཞིན་ཡོད། གལ་ཏེ་གཉིས་ཀས་དཀའ་གནད་ཐག་མ་ཆོད་ན་མཉམ་དུ་དགེ་རྒན་ལ་འདྲི་རུ་འཇུག་གིན་ཡོད། མཇུག་མཐར། སློབ་མ་དེ་དག་ལ་ནན་ཏན་གྱིས་ལས་བྱ་ཡག་པོར་འགྲུབ་པའི་གོམས་གཤིས་ཆགས་སུ་འཇུག་དགོས། སློབ་མ་དེ་དག་ལ་རོགས་བྱས་ཏེ་ལས་བྱ་ངེས་པར་དུ་རང་རྐྱ་འཕེར་བའི་སྒོ་ནས་བསྒྲུབ་ཏུ་འཇུག་དགོས། ལེགས་པོར་བསྒྲུབས་པས་མི་ཚད་ངེས་པར་དུ་ནན་ཏན་གྱིས་རང་གིས་ཞིབ་བཤེར་བྱེད་དུ་འཇུག་དགོས། དེ་ནས་དགེ་རྒན་ལ་སྤྲད་དེ་དགེ་རྒན་གྱིས་སློབ་མའི་སྔུན་ནས་ནོར་འཁྲུལ་བྱུང་བ་དག་ལ་དུས་ཐོག་ཏུ་དག་བཅོས་བྱ་དགོས། འདི་ལྟར་དགེ་རྒན་དང་སློབ་མས་མཉམ་དུ་དུས་ཚོད་ངེས་ཅན་ཞིག་ལ་རྒྱུན་འཁྱོངས་བྱས་ཚེ། ཡིད་དགའ་བའི་གྲུབ་འབྲས་ཤིག་ཐོབ་ངེས་ཡིན།
        མདོར་ན། རྗེས་སུ་ལུས་པའི་སློབ་མ་རྣམས་ནི་ཤིང་རུལ་བ་ལ་རི་མོ་བརྐོ་མི་ཐུབ་པ་ལྟ་བུ་མ་ཡིན་པར། ང་ཚོས་འཕེལ་རྒྱས་དང་འགྱུར་ལྡོག་གི་མིག་རྒྱང་སྤྱད་ནས་སློབ་མ་འདི་དག་ལ་བལྟ་རྒྱུ་དང་། ལས་ཀ་ཞིབ་ཚགས་བྱས་ན། དེ་རིང་དཀའ་སྤྱད་འབད་བརྩོན་བྱས་ཚེ་སང་ཉིན་སློབ་ཕྲུག་རྣམས་ལ་གྲུབ་འབྲས་ཡག་པོ་ཐོབ་ངེས་ཡིན། །

39.7K

ཐག་རག་ཡིག་བསྒྱུར་མ་ལག

དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1