གཙོ་ངོས།>> ཁྲིམས་ལུགས།>>ཁྲིམས་ལུགས་ཤེས་བྱ།

རྩོམ་སྒྲིག་པ།ཚེ་དཔལ། ཡོང་ཁུངས།མཚོ་སྔོན་བོད་ཡིག་གསར་འགྱུར། སྤེལ་དུས། ༢༠༢༡ལོའི་ཟླ་བ་༠༧ཚེས་༠༩ཉིན།

༄༅།། སློབ་མའི་བར་གྱི་བརྙས་བཅོས་འགོག་པར་ཆད་གཅོད་དང་བྱམས་སྐྱོང་མཉམ་འཛིན་བྱེད་དགོས།


        ཟླ6པའི་ཚེས1ཉིན་ནས་བཟུང་། གསར་དུ་བཟོ་བཅོས་བརྒྱབ་པའི《ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་ནར་མ་སོན་པའི་མིའི་སྲུང་སྐྱོབ་བཅའ་ཁྲིམས》དངོས་སུ་ལག་བསྟར་བྱས།
        ཉེ་བའི་ལོ་འདི་འགར། སློབ་མའི་བར་གྱི་བརྙས་བཅོས་དོན་རྐྱེན་མི་ཉུང་བ་ཞིག་བྱུང་བས།སྤྱི་ཚོགས་ཡོངས་ཀྱིས་དེ་ལ་དོ་ཁུར་ཆེན་པོ་བྱེད་ཀྱིན་ཡོད། དེ་བས་གསར་དུ་བཟོ་བཅོས་བརྒྱབ་པའི《ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་ནར་མ་སོན་པའི་མིའི་སྲུང་སྐྱོབ་བཅའ་ཁྲིམས》ནང་ཐོག་མར་དེ་ལ་མཚན་ཉིད་བཀོད་ཡོད་པར་མ་ཟད། སློབ་གྲྭ་དང་ལྟ་སྐྱོང་པའི་འགན་འཁྲི་ཡང་སྔར་ལས་གསལ་པོ་བྱས་ཡོད།སློབ་མའི་བར་གྱི་བརྙས་བཅོས་བྱེད་པ་ཞེས་པ་ནི་སློབ་མའི་བར་དུ་བྱུང་བའི་ཕྱོགས་གཅིག་གིས་བསམ་ངན་ཁོག་ལ་བཅངས་ནས་ལུས་པོ་དང་སྐད་ཆ། དྲ་བ་སོགས་ཀྱི་ལམ་ནས་ཅིག་ཤོས་ལ་བརྙས་བཅོས་དང་མནར་གཅོད་བཏང་སྟེ། དེའི་མི་ལུས་ལ་གནོད་འཚེ་དང་རྒྱུ་ནོར་ལ་གྱོང་གུན། སེམས་ཁམས་ལ་གནོད་སྐྱོན་བཅས་བཟོས་པའི་བྱ་སྤྱོད་ལ་གོ
        རྒྱུས་ལོན་བྱུང་བ་ལྟར་ན། ལོ་རེ་རེར་སློབ་མའི་བར་གྱི་བརྙས་བཅོས་དོན་རྐྱེན་མི་ཉུང་བ་རེ་འབྱུང་གིན་འདུག་མོད། འོན་ཀྱང་དེ་ནི་སློབ་མའི་གསང་བ་དང་འབྲེལ་བའི་དབང་གིས། དོན་དག་མང་པོ་ཞིག་ལ་རྗེས་འདེད་བྱེད་ཐབས་བྲལ་བ་རེད།
        གསར་འགོད་པས་དྲ་ཐོག་ནས་སློབ་མའི་བརྙས་བཅོས་སྐོར་གྱི་གཏམ་གླེང་འཚོལ་སྡུད་བྱས་པ་ན། དྲ་གྲོགས་མང་པོ་ཞིག་གིས་སློབ་མའི་སྐབས་སུ་བརྙས་བཅོས་མྱངས་པའི་དོན་རྐྱེན་བརྒྱུད་རིམ་སྟེ།གཅེར་བུར་ཕུད་དེ་འདྲ་པར་བརྒྱབ་པ་དང་གཅར་རྡུང་མྱངས་བ།ཐ་ན་འཁྲིག་སྤྱོད་གནོད་འཚེ་ཐེབས་པ་སོགས་ཀྱི་དོན་དག་མང་པོ་ཞིག་མཉམ་རོལ་བྱས་བྱུང་།སྐབས་ལན་རེར་སློབ་མའི་བར་གྱི་བརྙས་བཅོས་ཞེས་པ་དེ་ནི་གཅར་རྡུང་མྱོང་བ་ཁོ་ན་ཙམ་མ་ཡིན་པར།ངན་སྨྲས་དང་འཕྱ་དམོད།འཇིགས་སྐུལ་སོགས་ཀྱང་འདུས་ལ། བྱ་སྤྱོད་དེ་དག་གིས་གནོད་འཚེ་ཐེབས་མཁན་གྱི་སེམས་ཁམས་སྟེང་རྨ་ཁ་ཆེན་པོ་བཟོ་བཞིན་ཡོད།
        རྒྱལ་ཁབ་སེམས་ཁམས་རོགས་སྐྱོབ་རུ་ཁག་གི་རུ་གཙོའམ་ཧོ་ནན་ཞིང་ཆེན་བསམ་པའི་འཕྲོད་བསྟེན་ལྟེ་གནས་ཀྱི་སྨན་པ་དཀའ་བཅུ་པ་ཀྲང་ཅན་ཧུང་གིས་གསར་འགོད་པར་བཤད་པ་ལྟར་ན།སེམས་ཁམས་སྒོ་བསྟེན་ཁང་ནས་མཐོང་བའི་གྱོད་དོན་ཁྲོད།སློབ་མ་ཁ་ཤས་ཀྱི་བྱ་སྤྱོད་ཁྲིམས་དང་འགལ་སྐབས། ཁྱིམ་བདག་དང་སློབ་གྲྭ་མང་ཤས་ཤིག་གིས་སྒེར་ནས་ཐག་གཅོད་བྱེད་ཀྱིན་ཡོད། དོན་དངོས་སུ་གནོད་འཚེ་གཏོང་མཁན་དང་གནོད་འཚེ་ཐེབས་མཁན་ལ་མཚོན་ན།ཐག་གཅོད་བྱེད་སྟངས་དེའི་རིགས་ཀྱིས་རྗེས་ཕྱོགས་ཀྱི་སེམས་ཁམས་གནད་དོན་ཐད་མི་ལེགས་པའི་ས་བོན་བཏབ་པ་རེད།
        ཁོས་བསྟན་དོན། ལང་ཚོའི་དུས་ནི་མ་གཞི་ནས་ཧ་ཅང་གཡོ་འགུལ་ཆེ་བའི་སེམས་ཁམས་འཕེལ་བའི་དུས་རིམ་ཞིག་ཡིན་པས། ལོ་ཚོད་འདིའི་སྐབས་ཀྱི་བྱིས་པ་རྣམས་སློབ་སྦྱོང་གི་ཁུར་བོ་དང་ལང་ཚོའི་དུས་ཀྱི་སོམ་ཉི།སློབ་འཕར་གནོན་ཤུགས།ཁྱིམ་ཚང་གི་འགལ་ཟླ་སོགས་ཀྱི་སེམས་ཁྲལ་མང་པོར་འཕྲད་ཡོད་པས།སེམས་ཁམས་སྙོམས་པོ་མིན་པ་དང་དགའ་སྐྱོ་མི་རྟག་པ།ངར་ལངས་སླ་བ་སོགས་ཀྱི་གནད་དོན་མང་པོ་འབྱུང་བ་དང་།དེ་ནི་སློབ་མའི་བརྙས་བཅོས་ཀྱི་བྱ་སྤྱོད་འབྱུང་བའི་རྒྱུ་རྐྱེན་གཙོ་བོར་གྱུར་ཏེ།ཁོ་ཚོས་སློབ་གྲོགས་ལ་བརྙས་བཅོས་བྱས་པ་སོགས་ཀྱི་ཕར་རྒོལ་བྱ་སྤྱོད་ལ་བརྟེན་ནས་སེམས་ཁམས་སྟེང་གི་གནོན་ཤུགས་ཕྱིར་ཕུད་བྱེད་ཀྱིན་ཡོད།
        གཞན་ད་རུང་ལུས་ཆད་གཅོད་པ་དང་གཅར་རྡུང་བྱེད་པ་སོགས་དགེ་རྒན་གྱི་དུས་རྒྱུན་གྱི་ལུགས་མཐུན་མིན་པའི་བྱ་སྤྱོད་ཀྱིས་ཀྱང་རང་ཤུགས་ངང་སློབ་མར་ཤུགས་རྐྱེན་ཐེབས་ཀྱིན་ཡོད།“ང་རང་སྔོན་ཆད་འཕྲད་མྱོང་བའི་སྒོ་བསྟེན་ཁང་གི་གྱོད་དོན་ཞིག་གི་ནང་དུ།དགེ་རྒན་གྱིས་འཛིན་གྲྭ་ཡོངས་ཀྱི་སློབ་མའི་མདུན་ནས་སློབ་མ་ཞིག་གི་ལག་ཁྱེར་ཁ་པར་ཆུ་གཞོང་ནང་དུ་འཕངས་པར་མ་ཟད་སྐྱོན་བརྗོད་ནན་མོ་བྱས་ཏེ།སློབ་མ་དེའི་སེམས་ཁམས་སྟེང་རྨས་སྐྱོན་ཚབས་ཆེན་བཟོས་པ་རེད།ལུགས་མཐུན་མིན་པའི་སློབ་གསོ་གཏོང་སྟངས་དེས་སློབ་མ་རྣམས་ལ་དཔེ་སྟོན་གྱི་བག་ཆགས་ངན་པ་བཞག་ཡོད་ལ། སློབ་མ་མང་པོ་ཞིག་གི་སེམས་སུ་དགེ་རྒན་གྱི་ཕར་རྒོལ་བྱ་སྤྱོད་དེ་འགྲིག་འདུག་ན། དེ་ལ་ལད་ཟློས་བྱེད་མི་ཆོག་པ་ཅི་ཡོད་སྙམ་པའི་འདུ་ཤེས་སྦྱིན་པ་རེད”ཅེས་ཀྲང་ཅན་ཧུང་གིས་དེ་ལྟར་བཤད།
        ཡང་སློབ་མ་ཁ་ཤས་ཤིག་ལ་སློབ་གྲྭ་དང་ལྟ་སྐྱོང་པ་ཡི་ལྟ་སྐྱོང་སློབ་གསོ་མ་ཐོབ་པའི་ཁར། རང་སྟེང་གི་བདེན་རྫུན་དབྱེ་འབྱེད་ནུས་པ་ཞན་པས། སློབ་གྲྭའི་ནང་དུ་རིམ་གྱིས་ལྡོག་ཕྱོགས་ཀྱི་ནུས་པ་ལྡན་པའི་ཚོགས་པ་གྲུབ་པ་དང་། བྱ་སྤྱོད་ཀྱི་སྟེང་ནས་ཀྱང་རིམ་གྱིས་གཞན་པ་ཕྱིར་ཕུད་དེ་རང་ཉིད་གཙིགས་སུ་འཛིན་པ་དང་། སྒེར་སེམས་ཆེ་བ། རང་བཀུར་ཆུང་བ། ངར་ལངས་སླ་བ། དམིགས་ཡུལ་མེད་པ་སོགས་ཀྱི་གཤིས་ཀ་ཆགས་ཡོད་པས། གལ་ཏེ་གོ་སྐབས་དང་དམིགས་ཡུལ་འོས་འཚམ་ཞིག་ལ་འཕྲད་ཚེ་བརྙས་བཅོས་ཀྱི་བྱ་སྤྱོད་འབྱུང་བ་རེད།
        ད་རུང་བརྙས་བཅོས་ཐེབས་མཁན་གྱི་སློབ་མས་བཟོད་བསྲན་བྱེད་པ་དང་། གནོད་འཚེ་གཏོང་མཁན་གྱི་ཁྱིམ་བདག་གིས་སྐྱོན་ཆ་འགེབས་སྲུང་བྱེད་པ།དགེ་རྒན་གྱིས་ལུགས་མཐུན་ངང་ཐག་གཅོད་མི་བྱེད་པ་སོགས་ཀྱིས་ཀྱང་སློབ་མའི་བརྙས་བཅོས་བྱ་སྤྱོད་ཡང་ནས་བསྐྱར་དུ་འབྱུང་བར་རམ་འདེགས་བྱས་ཡོད།
        ཀྲང་ཅན་ཧུང་གིས་བསྟན་དོན། བརྙས་བཅོས་ཐེབས་པའི་སློབ་མར་ཁྱིམ་བདག་གིས་གཅེས་སྐྱོང་དང་ཐུགས་ཁུར་བྱེད་པ་དང་། བྱིས་པའི་སེམས་ཀྱི་སྡུག་བསྔལ་ལ་སེམས་ཞིབ་མོས་མཉན་ཏེ་བྱིས་པའི་སེམས་ཀྱི་རྨ་ཁ་སོས་པར་འབད་དགོས།བྱིས་པ་དང་མཉམ་དུ་གནས་ཚུལ་དེའི་འབྱུང་རྐྱེན་ལ་དབྱེ་ཞིབ་བྱེད་པ་དང་བྱིས་པའི་འདུག་རོགས་བྱས་ཏེ།བདེ་འཇགས་ཀྱི་འདུ་ཤེས་འབྱུང་དུ་འཇུག་དགོས།
        དུས་མཚུངས་སུ་བྱིས་པར་ཚུལ་མིན་གྱི་བྱ་སྤྱོད་མི་སྒྲུབ་པར་འཚོ་བ་འཛུམ་གྱིས་བསུ་དགོས་པའི་སློབ་གསོ་གཏོང་བ་དང་། སློབ་མའི་བར་གྱི་བརྙས་བཅོས་དང་འཕྲད་པ་དེ་སེམས་ཁམས་འཚར་ལོངས་འབྱུང་བའི་གོ་སྐབས་སུ་བརྩིས་ཏེ། དྲག་ཤུགས་ལ་བརྟེན་ནས་གཏུམ་སྤྱོད་བཟོ་བ་འགོག་དགོས།
        གལ་ཏེ་བྱིས་པ་སློབ་མའི་བར་གྱི་བརྙས་བཅོས་དང་འཕྲད་སྐབས་དུས་ཐོག་ཏུ་དགེ་རྒན་དང་སློབ་གྲོགས།ཁྱིམ་བདག་སོགས་ལ་རོགས་རམ་ཡོང་རོགས་ཞུ་དགོས། དུས་མཚུངས་སུ་ད་རུང་སེམས་ཁམས་སྨན་པར་བསྟེན་ཏེ་སྔ་མོ་ནས་སེམས་ཁམས་གསོ་རྒྱུ་ནི་བརྙས་བཅོས་ཐེབས་མཁན་གྱི་བྱིས་པར་མཚོན་ན་ཧ་ཅང་གལ་ཆེན་ཡིན།
        བརྙས་བཅོས་གཏོང་མཁན་གྱི་སློབ་མར་ཆད་པ་ནན་མོ་བཅད་དེ། ཐོག་མར་ཁོར་བྱ་བ་ངན་པ་བསྒྲུབ་མི་རུང་བ་དང་། ལུགས་མཐུན་མིན་པའི་ཕར་རྒོལ་ཡོད་ཚད་ལ་ལམ་ལུགས་དང་ཀུན་སྤྱོད། མི་སེམས་སོགས་ཀྱི་ཆད་པ་ཐོབ་ངེས་པས། ཚང་མར་དེ་བསྟུན་གྱི་བཅའ་ཁྲིམས་དང་དཔལ་འབྱོར་སྟེང་གི་འགན་འཁྲི་འཁུར་དགོས་པ་ཤེས་སུ་འཇུག་དགོས་ལ། བྱིས་པར་རིམ་གྱིས་འཆིང་རྒྱའི་འོག་གི་རང་དབང་ཞེས་པ་དེའི་གོ་དོན་རྟོགས་སུ་བཅུག་ནས། སློབ་གྲོགས་ལ་བརྙས་བཅོས་བྱེད་པའི་བྱ་སྤྱོད་འགོག་ཅི་ཐུབ་བྱེད་དགོས།
        ཁྱིམ་བདག་དང་སློབ་གྲྭས་བྱིས་པ་རྒྱ་ཡན་དུ་གཏན་ནས་གཏོང་མི་རུང་བར། སློབ་མ་དེ་ལ་ཚང་མས་འཁོན་འཛིན་བྱེད་ཀྱིན་པ་ནི་ཁྱོད་ཀྱི་བྱ་སྤྱོད་ངན་པ་དེ་ཡིན་པ་ལས་ཁྱོད་རང་ཉིད་མིན་པས། ཁྱོད་ཀྱི་བྱ་སྤྱོད་ངན་པ་དེ་བསྒྱུར་བཅོས་བྱས་ན་ཕ་མས་ནམ་ཡང་ལམ་ནོར་ལྡོག་ཤེས་བྱེད་པའི་བྱིས་པར་བསུ་མ་བྱེད་ངེས་ལ། སྔར་བཞིན་ཁྱོད་ལ་དགའ་ཞིང་དུངས་པ་སོགས་ཀྱི་བསམ་ཚུལ་གསལ་པོར་བརྗོད་དགོས།
        གནོད་འཚེ་ཐེབས་མཁན་གྱི་སེམས་ཁམས་ལ་ཐུགས་ཁུར་བྱས་པ་ཙམ་གྱིས་མི་ཆོག་པར། གནོད་འཚེ་གཏོང་མཁན་གྱི་སེམས་ཁམས་ཀྱང་སྣང་མེད་དུ་འཇོག་མི་རུང་། དགོས་ངེས་ཀྱི་སྐབས་སུ་སེམས་ཁམས་སྨན་པ་བཙལ་ཏེ་སེམས་ཁམས་ཀྱི་གནས་ཚུལ་དཔྱད་དཔོག་བྱེད་དུ་འཇུག་དགོས། །

39.7K

ཐག་རག་ཡིག་བསྒྱུར་མ་ལག

དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1