གཙོ་ངོས།>> འཕྲོད་བསྟེན།>>བདེ་ཐང་ཤེས་བྱ།

རྩོམ་སྒྲིག་པ།ཚེ་དཔལ། ཡོང་ཁུངས།མཚོ་སྔོན་བོད་ཡིག་གསར་འགྱུར། སྤེལ་དུས། ༢༠༢༡ལོའི་ཟླ་བ་༠༧ཚེས་༡༥ཉིན།

༄༅།། བདེ་ཐང་གི་འཚོ་བ་རོལ་སྟངས།

        བདེ་ཐང་གི་འཚོ་བ་རོལ་སྟངས་ཞེས་པ་ནི་ང་ཚོས་དུས་རྒྱུན་གྱི་བྱ་བ་དང་སློབ་སྦྱོང་། འཚོ་བ་བཅས་ཀྱི་ཁྲོད་རིམ་གྱིས་གོམས་གཤིས་སུ་ཆགས་པའི་ལུས་སེམས་བདེ་ཐང་ལ་ཕན་པའི་བྱ་སྤྱོད་ལ་ཟེར།
        ཁྱབ་རྒྱ་ཆེ་བའི་སྒོ་ནས་བཤད་ན། འཚོ་བར་ཆོས་ཉིད་ལྡན་པ་དང་ གོམས་གཤིས་ངན་པ་མེད་པ། རང་ཉིད་ཀྱི་གཙང་སྦྲ་དང་ཁོར་ཡུག་གི་གཙང་སྦྲ།བཟའ་བཏུང་གི་གཙང་སྦྲ་བཅས་ལ་དོ་སྣང་བྱེད་པ། ཟས་རིགས་ལུགས་མཐུན་གྱིས་སྤྱོད་པ། རྨོངས་དད་མི་བྱེད་པ། དུས་རྒྱུན་དུ་བདེ་སྲུང་ལ་དོ་སྣང་བྱེད་པ། ན་ཚ་བྱུང་བའི་སྐབས་སུ་མྱུར་དུ་སྨན་པར་བསྟེན་པ། དུས་རྒྱུན་དུ་བདེ་ཐང་ལ་ཕན་པའི་རིག་གནས་ལུས་རྩལ་བྱ་འགུལ་དང་སྤྱི་ཚོགས་བྱ་འགུལ་ནང་ཞུགས་པ། སེམས་ཁམས་སྙོམས་སྒྲིག་ཡོང་བར་བྱེད་པ་དང་། འཚོ་བར་རྣམ་འགྱུར་ལེགས་པོ་བཅངས་ཏེ། བདེ་སྐྱིད་དང་དཀྱེལ་ཡངས་ཀྱི་སྒོ་ནས་འཚོ་བ་རོལ་བ། རང་ཉིད་ལ་གདེང་འཇོག་ཡང་དག་བྱེད་པ་དང་། འཚོ་བའི་སྟེང་གི་གནོན་ཤུགས་ལ་ཁ་གཏད་ཡང་དག་བྱེད་པ། མིའི་བར་དུ་འབྲེལ་བ་ལེགས་པོ་འཛུགས་པ་དང་། ནུས་ལྡན་སྒོས་བྱ་བ་སྒྲུབ་པ་དང་སློབ་སྦྱོང་ཡག་པོ་བྱེད་པ་བཅས་ལ་གོ།
        བདེ་ཐང་གི་འཚོ་བ་རོལ་སྟངས་ནི་ལུགས་མཐུན་གྱི་བཟའ་བཏུང་ནས་མགོ་རྩོམ་དགོས།
        ལུགས་མཐུན་གྱི་བཟའ་བཏུང་ཞེས་པ་ནི་འཚོ་བཅུད་དོ་མཉམ་ཡིན་པའི་བཟའ་བཏུང་ལ་གོ་དགོས་པ་སྟེ།

གཅིག ཟས་རིགས་སྣ་ཚོགས་བསྟེན་པ་དང་སྲན་མའི་རིགས་གཙོ་བོར་བསྟེན་པ།
        བཟའ་བཏུང་ལུགས་མཐུན་གྱིས་སྤྱོད་པ་ནི་འཚོ་བཅུད་དོ་མཉམ་དང་མི་ལུས་བདེ་ཐང་ཡོང་བའི་རྨང་གཞི་ཡིན་ལ། ཟས་རིགས་སྣ་མང་བསྟེན་པ་ནི་བཟའ་བཏུང་ལུགས་མཐུན་ཡོང་བའི་རྩ་བའི་རྩ་དོན་ཡིན། ཉིན་རེར་བཟའ་བའི་ཟས་རིགས་ཀྱི་ནང་དུ་སྲན་མ་དང་སྔོ་ཚོད། སིལ་ཏོག ཁྱིམ་བྱའི་ཤ་དང་ཉ་ཤ། སྒོ་ང་དང་འོ་མ་སོགས་འཛོམས་དགོས་ལ། ཆེས་བཟང་ན་ཉིན་རེར་ཟས་རིགས་སྣ་ཁ12ཡན་དང་གཟའ་འཁོར་རེར་སྣ་ཁ25ཡན་འཛོམས་ན་ལེགས།

གཉིས།ཚན་རིག་དང་མཐུན་པའི་སྒོ་ནས་ལུས་སྦྱོང་བྱས་ཏེ་ལུས་པོའི་ལྗིད་ཚད་ཚོད་འཛིན་བྱེད་པ།
        བཟའ་བ་དང་འགུལ་བ་དོ་མཉམ་ཡོང་བར་བྱེད་དགོས། ལུས་པོའི་ལྗིད་ཚད་ནི་འཚོ་བཅུད་དང་བདེ་ཐང་གི་གནས་ཚུལ་ལ་ཚད་འཇལ་བྱེད་པའི་ཚད་གཞི་གལ་ཆེན་ཞིག་ཡིན་པས། ལུས་པོའི་ལྗིད་ཚད་ལ་ཚོད་འཛིན་བྱེད་དགོས་ན་གནད་འགག་ནི་བཟའ་བ་དང་འགུལ་བ་གཉིས་དོ་མཉམ་ཡོང་བར་བྱེད་རྒྱུ་དེ་རེད། ལོ་ཚོད་གང་ཞིག་ཡིན་རུང་ལུས་སྦྱོང་རྒྱུན་འཁྱོངས་བྱས་ཏེ། ནུས་གྲོན་དོ་མཉམ་ཡོང་བ་དང་ལུས་པོའི་ལྗིད་ཚད་ཚོད་འཛིན་བྱེད་རྒྱུ་ནི་ཧ་ཅང་གལ་ཆེན་ཞིག་རེད། ལུས་པོ་ཚོ་དྲགས་པའམ་རིད་དྲགས་པ་གང་ཞིག་ཡིན་རུང་ནད་རིགས་འབྱུང་བའི་ཉེན་ཁ་ཇེ་ཆེར་འགྲོ་སྲིད། གཟའ་འཁོར་རེར་ཉིན་ལྔ་ལ་ལུས་སྦྱོང་འབྲིང་ཙམ་བྱེད་པ་དང་། ཐེངས་རེར་སྐར་མ30ལས་ཉུང་མི་རུང་། ནང་སྒོས་སུ་གཞུང་ལས་ཁང་དུ་བྱ་བ་སྒྲུབ་ཀྱིན་པའི་ལས་ཚོགས་པ་རྣམས་ལ་མཚོན་ན། དུས་ཚོད་རེའི་ནང་དུ་ཡར་ལངས་ནས་འགུལ་སྐྱོད་བྱེད་དགོས།

གསུམ།སྔོ་ཚོད་དང་སིལ་ཏོག འོ་མ་དང་སྲན་རིགས་མང་དུ་བསྟེན་པ།
        སྔོ་ཚོད་དང་སིལ་ཏོག་ནི་འཚོ་བཅུད་དང་གཏེར་རྫས། སྐྱེ་དངོས་རྫས་འགྱུར་དངོས་པོ་སོགས་ཀྱི་འབྱུང་ཁུངས་གཙོ་བོ་ཡིན་ལ། ནང་སྒོས་སུ་གཏེར་རྫས་དང་སྐྱེ་དངོས་རྫས་འགྱུར་དངོས་པོ་ལ་འབྲས་སྐྲན་འགོག་པའི་ནུས་པ་གལ་ཆེན་ལྡན་པ་དང་། འོ་མ་དང་སྲན་རིགས་ཀྱི་ནང་དུ་ཀེལ་དང་སྤུས་ལེགས་སྤྲི་དཀར། འཚོ་བཅུདBསོགས་འདུས་པས། དལ་གཤིས་ནད་རིགས་འགོག་པའི་ནུས་པ་མི་དམན་པ་ཞིག་ཡོད། ཉིན་རེར་སྔོ་ཚོད་དང་སིལ་ཏོག་མ་ཆད་པར་བཟའ་བ་དང་ཉིན་རེར་འོ་མ་ཁུག་མ་རེ་མ་ཆད་པར་འཐུང་རྒྱུ་ནི་ཤིན་ཏུ་གལ་ཆེ།

བཞི།ཉ་དང་ཁྱིམ་བྱའི་ཤ་དང་སྒོ་ང་སོགས་འོས་འཚམ་གྱིས་བསྟེན་པ།
        ཉ་དང་ཁྱིམ་བྱའི་ཤ་དང་སྒོ་ང་སོགས་ཀྱིས་མིའི་ལུས་སྟེང་དུ་ངེས་པར་དུ་མཁོ་བའི་སྤུས་ལེགས་སྤྲི་དཀར་དང་འཚོ་བཅུདA.Bསོགས་འདོན་སྤྲོད(ཁ་ཤས་ཀྱི་ནང་དུ་ཚིལ་སྣ་མང་པོ་འདུས)བྱེད་ཐུབ་པས། སྲོག་ཆགས་རང་བཞིན་གྱི་ཟས་རིགས་འདེམ་སྐབས་ཉ་དང་ཁྱིམ་བྱའི་ཤ་བདམས་ན་ལེགས། སྲོག་ཆགས་དེ་གཉིས་ཀྱི་ཤ་ལ་ཚིལ་སྣ་འདུས་ཚད་ཅུང་དམའ། ཉ་རིགས་ཀྱི་སྟེང་དུ་ད་རུང་མི་ལུས་བདེ་ཐང་ལ་ཕན་པའི་ཚིལ་སྐྱུར་མང་པོ་འདུས་པ་རེད། སྒོ་ངའི་རིགས་ཆེས་བཟང་ན་ཉིན་རེར་གཅིག་རེ་བསྟེན་དགོས།མཉམ་འཇོག་དགོས་པ་ཞིག་ནི་ཤ་རིགས་བསྙལ་མ་ཟོས་ན་སྐྲན་རིགས་སྣ་ཚོགས་འབྱུང་བའི་ཉེན་ཁ་ཇེ་མཐོར་འགྲོ་བས།གང་ཐུབ་ཀྱིས་ཉུང་བཟའ་བྱེད་དགོས།

ལྔ།ཚྭ་ཉུང་སྣུམ་ཉུང་ཀ་ར་ཉུང་བ་བཅས་ཀྱི་ཉུང་གསུམ་ཟས་རིགས་བསྟེན་ཅི་ཐུབ་བྱེད་པ།
        རང་རྒྱལ་གྱི་གཞིས་དམངས་མང་ཆེ་ཤོས་ཤིག་གིས་ཚྭ་དང་སྣུམ་བསྟེན་ཚད་ཧ་ཅང་མཐོ་བས། དེ་ནི་ཁྲག་ཤེད་མཐོ་བ་དང་གཅིན་སྙི་ཟ་ཁུའི་ནད། ལུས་ཚོ་རྒྱས་པ། སྙིང་དང་ཁྲག་རྩའི་ནད་སོགས་འབྱུང་ཚད་ཇེ་མཐོ་ནས་ཇེ་མཐོར་འགྲོ་བ་ལས་ཇེ་དམའ་རུ་འགྲོ་ཐུབ་ཀྱིན་མེད་པའི་རྒྱུ་རྐྱེན་གཙོ་བོ་རེད། དེའི་རྐྱེན་གྱིས་ང་ཚོས་ངེས་པར་དུ་ཉུང་གསུམ་ཟས་རིགས་ལ་བསྟེན་པའི་གོམས་གཤིས་ཆགས་སུ་འཇུག་དགོས་པ་སྟེ། ཉིན་རེའི་ཚྭ་བསྟེན་ཚད་ཁེ5ལས་མི་བརྒལ་བ་དང་། ཉིན་རེའི་སྣུམ་བསྟེན་ཚད་ཁེ25ནས30ལས་མི་བརྒལ་བ་བྱེད་དགོས། ཀ་ར་མང་དུ་བསྟེན་ན་སོ་ནད་འབྱུང་བར་མ་ཟད་ལུས་ཚོ་རྒྱས་པའི་ཉེན་ཁ་ཧ་ཅང་ཆེ། དེ་བས་ཉིན་རེའི་ཀ་ར་བསྟེན་ཚད་ཁེ50ལས་བརྒལ་མི་རུང་ལ། ཆེས་བཟང་ན་ཁེ25ཡི་ནང་ཚོད་འཛིན་བྱེད་དགོས།

དྲུག ཆུ་ཁ་གསབ་བྱེད་པར་དོ་སྣང་ལེགས་པོ་བྱེད་དགོས།
        ཆུ་ནི་ཚེ་སྲོག་གི་འབྱུང་རྩ་ཡིན། མི་ལ་ཟས་རིགས་མེད་པར་ཉིན་བཅུ་ལྷག་གསོན་ཐུབ་པ་དང་། ཆུ་མེད་ཚེ་ཆེས་མང་ནའང་ཉིན་བདུན་ལས་གསོན་མི་ཐུབ།ཉིན་རེར་ཆུ་ཧའོ་ཧྲིན1500ནས1700འཐུང་དགོས་པ་དང་།སྐོམ་སྣང་ཡོད་པའི་སྐབས་སུ་ད་གཟོད་འཐུང་བ་དེ་ནི་ནོར་འཁྲུལ་ཞིག་ཡིན།རྒྱུན་དུ་ཆུ་ཁོལ་དང་ཇ་སླ་མོ་འཐུང་བ་ལས་ཀ་ར་འདུས་པའི་སྐོམ་ཆུ་ཉུང་འཐུང་བྱེད་དགོས།ཉིན་རེར་ངེས་པར་ཆུ་འཐུང་དགོས་པའི་དུས་ཚོད་ཆེས་གལ་ཆེ་བ་གཉིས་ཡོད་དེ།གཅིག་ནི་ཞོགས་པར་མལ་ལས་ལངས་རྗེས་ཆུ་ཁོལ་དྲོན་མོ་ཕོར་བ་གང་འཐུང་ན། ཁྲག་རྒྱུན་སླ་མོར་གྱུར་ཏེ་ཁྲག་རྒྱུན་འཁོར་རྒྱུག་ཡོང་བར་སྐུལ་འདེད་ཐུབ་པ་དང་ཕོ་རྒྱུ་གཙང་འཁྲུ་བྱས་ཏེ།བཙོག་པ་ཕུད་པར་ཕན་པ་ཡོད། གཉིས་ནས་དགོང་མོ་ཉལ་ཁར་ཆུ་ཁོལ་དྲོད་འཇམ་ཉུང་ཙམ་འཐུང་ན། གཉིད་ལོག་པར་ཕན་པར་མ་ཟད་ནམ་གུང་ལུས་སྟེང་དུ་ཆུས་མི་འདང་བར་གཡོལ་ཐུབ།ཡིན་ཡང་མང་པོ་འཐུང་མི་རུང་། མང་པོ་འཐུང་ན་གཅིན་བབས་ཏེ་གཉིད་ལ་གནོད་འཚེ་ཐེབས་སྲིད། །

39.7K

ཐག་རག་ཡིག་བསྒྱུར་མ་ལག

དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1