གཙོ་ངོས།>> དམངས་སྲོལ།>>དུར་འཇུག

རྩོམ་པ་པོ། མི་གསལ། རྩོམ་སྒྲིག་པ།དབང་ཆེན།ཡོང་ཁུངས།ཀྲུང་གོའི་བོད་ཀྱི་དྲ་བ། སྤེལ་དུས། ༢༠༢༡ལོའི་ཟླ་བ་༠༧ཚེས་༡༩ཉིན།

༄༅།།ཁམས་དཔལ་ཡུལ་ས་ངན་ལུང་པའི་འདས་མཆོད།

1.jpg

གནས་འདི་གའི་མི་གང་ཞིག་ཚེ་ལས་འདས་ཚེ་བེམ་པོ་ས་ལ་སྦས་པ་དང་། ཆུ་ལ་བསྐུར་བ། མེ་ལ་བསྲེགས་པ།བྱ་ལ་བཏང་བ།ཆུང་སྲི་སྒམ་ལ་བཅུག་ནས་གནམ་ལ་འདོགས་པ།པྲ་རྒན་ཡང་ཚ་ཞེས་རྒན་རབས་ཀྱི་ཕུང་པོ་ཁྱིམ་དུ་འཇོག་པ་སོགས་བོད་ཡུལ་ལུང་པ་གཞན་དག་དང་འདྲ་བ་ཡོད་ཅིང་།དགེ་རྩ་སྒྲུབ་དུས་ཞག་གསུམ་གྱི་ཚེ་ཕ་ཚོ་འཛོམས་ནས་ཇ་ཚྭ་སོགས་ཚད་འཇལ་ཏེ་ཡོན་བདག་ལ་གནང་ནས་བླ་མ་དག་ལ་ཕུལ། ཚུན་ཆད་ནས་ཞག་ཞེ་དགུའི་བར་དུ་མཐུན་སྦྱོར་གནང་ཞིང་དགེ་བ་སྒྲུབ་པར་བྱེད། ས་ངན་ཕྱོགས་སུ་གཞན་དང་མི་འདྲ་བའི་སྲོལ་ཞིག་ཡོད་པ་ནི་བེམ་པོ་ལྗོན་ཤིང་སྟེང་བཞག་པ་དེ་ཡིན། དེའི་རྒྱུ་མཚན་ནི་དུར་འཇུག་རིག་གནས་ཞིབ་འཇུག་ཁྲོད་བོད་རིགས་ས་ཁུལ་ཡོངས་དང་འབྲེལ་བ་ཡོད་པ་ཤིན་ཏུ་ཉུང་། སྐབས་དེའི་སྤྱི་ཚོགས་ཁོར་ཡུག་ནི་ཕ་རྒྱུད་ནས་མགོ་བཙུགས་ནས་འཁྲུག་རྩོད་སློང་བ་དང་རྩོད་རེས་རྒྱག་པས་ཕ་རྒྱུད་ལྡན་པའི་རིག་གནས་ཀྱི་གྲས་ཤིག་ཡིན།དེ་ཡང་ཕུང་པོ་ཅི་བྱུང་བ་དང་འདི་ལྟའི་རིག་གནས་མ་ལག་དང་འབྲེལ་བ་དམ་ཟབ་ཡོད།

2.jpg

ས་ངན་ལོ་རྒྱུས་ཧྲིལ་པོའི་ནང་འཕོ་འགྱུར་གྱི་གོ་རིམ་དང་མཐུན་པ་དང་། ཕ་ཚོ་བར་འཐབ་རྩོད་རྒྱུན་མི་ཆད་ཅིང་། ཚོ་པའི་ནང་ལོགས་ཀྱི་ཞི་མཐུན་བདེ་སྐྱིད་ལྡན་པ་དང་། རེ་བས་ཁེངས་པ། ས་ངན་པས་བེམ་པོ་ལྗོན་ཤིང་སྟེང་འཇོག་པ་ནི་ས་ངན་ཕ་རྒྱུད་ཚོ་པའི་མཚོན་བྱེད་རང་བཞིན་ལྡན་པའི་རིག་གནས་ཀྱི་གྲས་ཤིག་ཡིན་པ་དང་། ཁྱབ་ཡོད་ས་ནི་སྒ་རྗེ་དང་།ས་ངན།ས་དམར་ཤང་གསུམ་དང་། བོད་རིགས་ས་ཁུལ་ཧྲིལ་པོའི་ཉར་ཚགས་ཆ་ཚང་ཤོས་དང་། ཧ་ཅང་སྤྱིར་བཏང་གི་དུར་འཇུག་བྱ་ཐབས་ཤིག་རེད། བེམ་པོ་ལ་རིགས་གཉིས་ཡོད་ཅིང་ལོ13མན་ཆད་ཀྱི་བྱིས་པ་དང་ལོ་ཆུང་དག་གི་བེམ་པོ་ཆུང་ཆུང་བྱས་ནས་བཀྱིག་བསྡམས་ཚར་རྗེས་ཤིང་རྩེ་དང་ཡང་ན་ཤིང་སྒམ་ཆུང་ཆུང་ཞིག་ཏུ་བླ་སྤྲུལ་ཞིག་གིས་རི་ཆུ་ཁ་སྤྲད་ཀྱི་ས་ཞིག་ལ་འཇོག་སྲིད། རི་ཆུ་གཉིས་བསྣོལ་བས་རྣམ་པར་བརྒྱན་པའི་ནགས་ཁྲོད་ཅིག་ལ་འཇོག་པ་ནི་སྤྱིར་བཏང་དུ་སྤྲུལ་སྐུ་ཞིག་གིས་དམིགས་འཛུགས་དགོས།གལ་ཏེ་ས་འོག་ཏུ་སྦས་ན་དེའི་རྣམ་ཤེས་ཤུགས་ཉམས་པར་འགྱུར་པའི་རྐྱེན་གྱིས་མ་ཡུམ་ལགས་ལ་མགྱོགས་མྱུར་ངང་ཕྲུ་གུ་ཆགས་མི་ཐུབ་ཅེས་བཤད་སྲོལ་དང་། གཞན་ཞིག་ནི་ནད་ཡམས་ཀྱིས་ཤི་བའི་མིའི་བེམ་པོ་མེ་ལ་སྲེག་དགོས་ཤིང་རུས་ཐལ་དེ་རས་ཀྱི་ཁུག་མ་ཞིག་ཏུ་བླུགས་རྗེས་ཆུ་ཕྲན་འགྲམ་གྱི་ཤིང་སྡོང་ཞིག་གི་སྟེང་དུ་བཀལ་སྲོལ་ཡོད་པ་དང་དེའི་དོན་ནི་ནད་ཕོག་ནས་ཤི་ནའང་རྣམ་ཤེས་ལ་གནོད་འཚེ་མི་ཐེབས་པར་ལྷ་ཡུལ་དུ་སྡོང་མགོར་བཀལ་ཆོག་པའམ་ཡང་ན་སྔ་ཙམ་གྱིས་མི་ལུས་ཐོབ་ཅེས་བཤད།

3.jpg

ས་ངན་གྱི་མིའི་བཤད་རྒྱུན་དུ་མི་ཤི་རྗེས་རྣམ་ཤེས་ད་རུང་གནས་ཡོད་ཅེས་བཤད་ཅིང་། རྒན་གོག་ལོ70ཅན་དང་མི་རབས་བཞི་ལྡན་གྱི་ཁྱིམ་ཚང་གི་རྒན་གོག་ནི་སངས་རྒྱས་དང་འདྲ་བས་ཁྱིམ་ལ་མགོན་སྐྱབས་མཛད་ཐུབ་པར་ཡིད་ཆེས་བྱེད། རྒྱུན་དུ་བཤད་པ་ལ།སྐུ་ཚེ་རྫོགས་པའི་རྒན་གོག་འཆི་འཕོ་དུས་བེམ་པོ་ས་འོག་ཏུ་སྦས་མི་རུང་བར་ཁྱིམ་དུ་འཇོག་དགོས་པ་དང་དེ་འདྲ་མ་བྱས་ཚེ་བསོད་ནམས་མེད་འགྲོ་བ་སོགས་ཀྱི་བཤད་སྲོལ་ཡོད། བྱིས་པ་བཙས་ནས་ཤི་སོང་ན་བེམ་པོ་སྡོང་མགོར་བཀལ་ན་རྣམ་ཤེས་ཀྱང་གཙང་ཤིང་མི་ལུས་ཐོབ་པར་སླ་ཞེས་བཤད། ད་ལྟ་བེམ་པོ་ཤིང་ཐོག་ཏུ་འཇོག་རྒྱུ་དེ་ཡང་རིག་གནས་ཀྱི་སྣང་ཚུལ་ཞིག་ཏུ་གྱུར་ཡོད་པས་སི་ཁྲོན་གཟུགས་མེད་རིག་གནས་ཤུལ་བཞག་རྣམ་གྲངས་ཀྱི་གྲས་སུ་ཚུད་ཡོད་པ་དང་། ཡུལ་སྐོར་བ་དག་གིས་ཀྱང་པར་བླངས་ནས་དྲན་རྟེན་བྱེད་པ་དང་། རང་མོས་ཀྱི་སྒོ་ནས་ཁོ་ཚོར་གསོལ་བ་སྨོན་ལམ་འདེབས་བཞིན་འདུག་གོ །

དཔལ་ཡུལ་དམངས་ཁྲོད་རིག་གནས་འཚོལ་བསྡུ་མཐུན་ཚོགས་ཀྱིས་བསྡུས།  གངས་དབང་གིས་པར་བླངས།

4.jpg

5.jpg

6.jpg

39.7K

ཐག་རག་ཡིག་བསྒྱུར་མ་ལག

དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1