གཙོ་ངོས།>> གསར་འགྱུར།>>རྒྱལ་ནང་གསར་འགྱུར།

རྩོམ་སྒྲིག་པ།ཚེ་དཔལ། ཡོང་ཁུངས།མི་དམངས་དྲ་བ། སྤེལ་དུས། ༢༠༢༡ལོའི་ཟླ་བ་༠༧ཚེས་༢༢ཉིན།

ཞི་ཅིན་ཕིང་གིས་འབྲུབ་འགོག་གེགས་སེལ་ལས་དོན་ཐད་མཛུབ་སྟོན་གལ་ཆེན་གནང་།


        ཤིན་ཧྭ་གསར་འགྱུར་ཁང་པེ་ཅིང་ནས་ཟླ་7ཚེས་21ཉིན་གློག་འཕྲིན་འབྱོར་གསལ། ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི་དང་རྒྱལ་ཁབ་ཀྱི་ཀྲུའུ་ཞི། ཀྲུང་དབྱང་དམག་ཨུད་ཀྱི་ཀྲུའུ་ཞི་བཅས་ཡིན་པའི་ཞི་ཅིན་ཕིང་གིས་བྲུབས་འགོག་གེགས་སེལ་གྱི་ལས་དོན་ཐད་མཛུབ་སྟོན་གལ་ཆེན་གནང་ནས་ཐོག་མཐའ་བར་གསུམ་དུ་མི་དམངས་མང་ཚོགས་ཀྱི་ཚེ་སྲོག་དང་རྒྱུ་ནོར་གྱི་བདེ་འཇགས་འགན་ལེན་བྱ་རྒྱུ་དེ་ཨང་དང་པོར་བཞག་ནས་དམ་འཛིན་ཞིབ་ཚགས་དང་ཏན་ཏིག་ངང་བྲུབས་འགོག་གེགས་སེལ་གྱི་བྱ་ཐབས་ཁག་ལ་དམ་འཛིན་བྱེད་དགོས་པའི་བླང་བྱ་བཏོན་གནང་བ། 
     ཞི་ཅིན་ཕིང་གིས་བསྟན་དོན། ཉེ་ཆར་ཧོ་ནན་སོགས་སུ་ཆར་པ་ཆེན་པོ་བསྟུད་མར་བབས་པ་དང་། ཀྲེན་ཀྲོའུ་སོགས་གྲོང་ཁྱེར་དུ་འཁྱིལ་ཆུའི་གནོད་སྐྱོན་ཚབས་ཆེན་བྱུང་བ། ཆུ་བོ་ཁག་གཅིག་ཉེན་ཟོན་ཆུ་ཁ་ལས་བརྒལ་བ། ཆུ་མཛོད་ཁག་གཅིག་གི་རགས་ཐོར་བ། ལྕགས་ལམ་ཁག་གཅིག་གི་སྐྱེལ་འདྲེན་མཚམས་འཇོག་པ་དང་དུས་གཏན་གནམ་གྲུ་ཁག་གཅིག་མེད་པར་བཟོས་པ། མི་སྣ་ཤི་རྨས་དང་རྒྱུ་ནོར་ལ་གྱོང་གུན་ཚབས་ཆེན་བཟོས་པ། བྲུབས་འགོག་དུས་བབ་ཧ་ཅང་ཛ་དྲག་པོ་ཡོད་པ་རེད།
     ཞི་ཅིན་ཕིང་གིས་ནན་གྱིས་བསྟན་དོན། མིག་སྔར་འབྲུབ་འགོག་གི་འགག་རྩའི་དུས་སྐབས་སུ་སླེབས་ཡོད་པས་རིམ་ཁག་འགོ་ཁྲིད་ལས་བྱེད་པས་མི་དམངས་མང་ཚོགས་ཀྱི་ཚེ་སྲོག་དང་རྒྱུ་ནོར་གྱི་བདེ་འཇགས་འགན་ལེན་བྱ་རྒྱུ་དེ་ཐོག་མཐའ་བར་གསུམ་དུ་གནས་བབ་ཨང་དང་པོར་བཞག་ནས་སྔོན་ལ་བཀོད་འདོམས་བྱེད་པ་དང་། སྟོབས་ཤུགས་སྒྲིག་འཛུགས་མགྱོགས་མྱུར་བྱས་ནས་འབྲུབ་འགོག་གེགས་སེལ་དང་གནོད་འཚེ་ཕོག་པའི་མང་ཚོགས་བཀོད་སྒྲིག་འོས་འཚམ་བྱེད་པ། ཞོར་ཐོན་གནོད་འཚེ་ནན་འགོག་བཅས་བྱས་ཏེ་མི་སྣ་ཤི་རྨས་དང་རྒྱུ་ནོར་གྱི་གྱོང་གུན་ཉུང་དུ་གཏོང་གང་ཐུབ་བྱེད་དགོས། བཅིངས་འགྲོལ་དམག་དང་ཉེན་རྟོག་དྲག་དཔུང་གིས་ས་གནས་ལ་རོགས་རམ་ཧུར་ཐག་བྱས་ནས་ཉེན་སེལ་རྒུད་སྐྱོབ་ཀྱི་ལས་ཀ་སྤེལ་དགོས། རྒྱལ་ཁབ་འབྲུབ་འགོག་ཐན་འགོག་གི་སྤྱི་ཁྱབ་བཀོད་འདོམས་པུའུ་དང་། འཕྲལ་སྡོམ་དོ་དམ་པུའུ། ཆུ་བེད་པུའུ། འགྲིམ་འགྲུལ་སྐྱེལ་འདྲེན་པུའུ་བཅས་ཀྱིས་སྤྱི་འདོམས་མཐུན་སྦྱོར་ལ་ཤུགས་སྣོན་རྒྱག་པ་དང་། གནོད་འཚེའི་མི་མངོན་པའི་རྐྱེན་ངན་ལ་སྐོར་ཞིབ་དང་ཉེན་ཁ་སེལ་རྒྱུར་ཤུགས་སྣོན་རྒྱག་པ། རྨང་གཞིའི་སྒྲིག་བཀོད་གལ་ཆེན་གྱི་བདེ་འཇགས་འགོག་སྲུང་ལ་ཤུགས་སྣོན་རྒྱག་པ། ཆར་པ་དང་། རྒྱ་མཚོའི་རླུང་འཚུབ། རི་ཉིལ། འདམ་རྡོའི་ཆུ་རུད་སོགས་ཀྱི་ཉེན་ཟོན་སྔོན་བརྡ་གཏོང་བའི་ཆུ་ཚད་མཐོ་རུ་གཏོང་བ་བཅས་བྱས་ནས་འགྲིམ་འགྲུལ་ལ་ཁྲིད་སྟོན་བྱེད་ཤུགས་ཆེ་རུ་བཏང་སྟེ་འབྲུབ་འགོག་གེགས་སེལ་གྱི་བྱ་ཐབས་ཁག་ལ་དམ་འཛིན་ཞིབ་ཚགས་བྱེད་དགོས།
     ཞི་ཅིན་ཕིང་གིས་ས་ཁུལ་ཁག་དང་འབྲེལ་ཡོད་སྡེ་ཚན་ཁག་གིས་འབྲུབ་འགོག་གེགས་སེལ་གྱི་ལས་དོན་ཡག་པོ་སྒྲུབ་པ་དང་དུས་མཚུངས་ཐོན་སྐྱེད་དང་འཚོ་བའི་སྒྲིག་ལམ་གང་མགྱོགས་སླར་གསོ་བྱས་ནས་གནོད་འཚེ་ཕོག་པའི་མང་ཚོགས་ལ་རོགས་སྐྱོར་རོགས་སྐྱོབ་དང་འཕྲོད་བསྟེན་རིམས་འགོག་གི་ལས་དོན་ཏན་ཏིག་ངང་བསྒྲུབས་ཏེ་གནོད་སྐྱོན་བྱུང་བའི་རྐྱེན་གྱིས་དབུལ་པོར་བསྐྱར་ལོག་དང་“གནོད་སྐྱོན་ཆེན་པོ་བྱུང་རྗེས་རིམས་ནད་ཆེན་པོ་འབྱུང་བ”སྔོན་འགོག་བྱེད་དགོས་པའི་བླང་བྱ་བཏོན་གནང་བ་རེད།

39.7K

ཐག་རག་ཡིག་བསྒྱུར་མ་ལག

དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1