གཙོ་ངོས།>> དེང་རབས་མི་སྣ།>>སྨན་པ།

རྩོམ་སྒྲིག་པ།ཚེ་དཔལ། ཡོང་ཁུངས།མི་དམངས་དྲ་བ། སྤེལ་དུས། ༢༠༢༡ལོའི་ཟླ་བ་༠༧ཚེས་༢༣ཉིན།

༄༅།། གཡང་དགའ།


 

༄༅།།འབྲོག་ཕྲུག་ཅིག་ཧ་ཧྥོའི་འབུམ་རམས་པར་གྱུར་བའི་གཏམ་རྒྱུད།

   ལོ་ངོ་19ཡི་གོང་། གཡང་དགའ་ལགས་བོད་རང་སྐྱོང་ལྗོངས་དབུ་བརྙེས་ཚུན་གྱི་བོད་ལུགས་གསོ་རིག་གི་རབ་འབྱམས་ཞིབ་འཇུག་སློབ་མ་ཁག་དང་པོའི་གྲས་སུ་གྱུར་བ་རེད།
   གཡང་དགའ་ལགས་ནི་བོད་ལྗོངས་ནག་ཆུ་གྲོང་ཁྱེར་འབྲི་རུ་རྫོང་ནས་ཡིན་ཞིང་། དགུང་ལོ་12ལ་སོན་པའི་བར། ཁོང་མཛེས་སྡུག་ལྡན་པའི་བོད་ཀྱི་བྱང་རྩྭ་ཐང་ཐོག་ཕྱུགས་རྫིར་རོལ།  ཁོང་གི་ཨ་ཞང་ལགས་ནི་ཡུལ་དེ་གའི་གསོ་རིག་མཁྱེན་པའི་དགེ་འདུན་པ་ཞིག་ཡིན་པ་དང་། རྒྱུན་དུ་ཡུལ་མི་ཚོར་ནད་བཅོས་གནང་གི་ཡོད་པས། ཚང་མས་ཁོང་ལ་གུས་བཀུར་ཆེན་པོ་ཞུ་ཡི་ཡོད། ཨ་ཞང་གི་ཤུགས་རྐྱེན་ཐེབས་པའི་རྐྱེན་གྱིས་གཡང་དགའ་ལགས་ཆུང་དུས་ནས་བོད་ལུགས་གསོ་རིག་ལ་དགའ་ཞེན་བྱེད་མཁན་ཞིག་ཏུ་གྱུར་བ་རེད།
   སྤྱི་ལོ་1986ལོར། གཡང་དགའ་ལགས་རང་གི་ཐུགས་འདུན་ལྟར་བོད་ལྗོངས་སློབ་ཆེན་བོད་ལུགས་གསོ་རིག་ཚན་ཁག་ཏུ་རྒྱུགས་འཕྲོད་པ་དང་། དངོས་གཞིའི་འཛིན་གྲྭ་ནས་སློབ་མཐར་ཕྱིན་རྗེས་ཁོང་དགེ་རྒན་ཞིག་ཏུ་གྱུར་བ་རེད། སྤྱི་ལོ་1999ལོ་ནས་བཟུང་། གཡང་དགའ་ལགས་ནས་བོད་ལུགས་གསོ་རིག་གི་ཁག་དང་པོའི་རབ་འབྱམས་ཞིབ་འཇུག་སློབ་མའི་འཛིན་གྲྭར་སློབ་གཉེར་གནང་། སྐབས་དེ་དུས་ཀྱི་མྱོང་བ་གླེང་སྐབས། ཁོང་གིས། འབྲོག་ཁུལ་གྱི་ཕྲུ་གུ་ཞིག་སློབ་གྲྭ་ཆེན་མོར་ཚུད་པ་མ་ཟད། གཞན་ལ་སློབ་ཁྲིད་བྱེད་མཁན་ཞིག་ཏུ་གྱུར་བ་དེ་ནི་རྒྱལ་ཁབ་ཀྱིས་བོད་ལྗོངས་ལ་རྒྱབ་སྐྱོར་སྲིད་ཇུས་རབ་དང་རིམ་པ་ལག་བསྟར་གནང་བ་དང་ཁ་བྲལ་ཐེབས་མེད་ཅེས་གསུངས།
   ཁོང་གིས་སློབ་གཉེར་དང་དགེ་རྒན་གྱི་ཕྱག་ལས་གནང་རིང་། བོད་ལུགས་གསོ་རིག་སློབ་གསོ་ཟམ་མི་ཆད་པར་གོང་འཕེལ་ཕྱིན་ཡོད། སྤྱི་ལོ1989ལོར། དེ་སྔའི་བོད་ལྗོངས་སློབ་ཆེན་བོད་ལུགས་གསོ་རིག་ཚན་ཁག་དང་བོད་རང་སྐྱོང་ལྗོངས་བོད་ལུགས་གསོ་རིག་སློབ་གྲྭའི་རྨང་གཞིའི་ཐོག བོད་ལྗོངས་སློབ་ཆེན་བོད་ལུགས་གསོ་རིག་སློབ་གླིང་དབུ་བརྙེས་པ་དང་། དེ་ནི་བོད་ལུགས་གསོ་རིག་གི་མཐོ་རིམ་སློབ་གསོ་དེང་རབས་ཀྱི་ཕྱོགས་སུ་གོང་འཕེལ་བྱུང་བའི་འགོ་འཛུགས་ས་དེ་རེད། སྤྱི་ལོ་1993ལོར། བོད་ལྗོངས་སློབ་ཆེན་བོད་ལུགས་གསོ་རིག་སློབ་གླིང་དེ་སྒེར་ཚུགས་ཀྱི་བོད་ལྗོངས་བོད་ལུགས་གསོ་རིག་སློབ་གླིང་དུ་བསྒྱུར་བ་དང་། བོད་ལུགས་གསོ་རིག་གི་སློབ་གསོ་དེ་ཉིད་རྒྱལ་ཁབ་ཀྱི་མཐོ་རིམ་སློབ་གསོའི་བང་རིམ་ཁྲོད་རིམ་སྤོར་བྱས་ཡོད། ཕྱིས་སུ་བོད་ལྗོངས་བོད་ལུགས་གསོ་རིག་སློབ་གླིང་ཞེས་པ་དེ་བོད་ལྗོངས་བོད་ལུགས་གསོ་རིག་སློབ་ཆེན་ཞེས་པར་མིང་བསྒྱུར་བ་རེད།
   སྤྱི་ལོ་2002ལོར། གཡང་དགའ་ལགས་ལ་གོ་སྐབས་གསར་པ་ཞིག་འཕྲད་པ་རེད། ལོ་དེར། བོད་རིག་པ་མཁས་ཅན་ཀྲེན་ཉེ·རྒྱ་མཚོས་ཁོང་ཧ་ཧྥོ་སློབ་ཆེན་དུ་འཚམས་འདྲིར་གདན་ཞུ་གནང་བ་རེད། འཚམས་འདྲི་གནང་རིང་། ཁོང་ལ་ནུབ་ལུགས་གསོ་རིག་གི་འདུ་ཤེས་དེ་བོད་ལུགས་གསོ་རིག་ལ་ཞིབ་འཇུག་བྱ་རྒྱུའི་ཐད་ནས་བཤད་ན་གལ་འགངས་ཧ་ཅང་ཆེན་པོ་ཡིན་པ་མྱོང་བ་ཟབ་མོ་བྱུང་བས། མུ་མཐུད་འབུམ་རམས་པའི་ཡོན་གནས་བརྩོན་ལེན་གནང་རྒྱུའི་ཐུགས་འདུན་འཁྲུངས་པ་རེད། ཁོང་གིསGREདང་ཐོ་ཧྥུ་ཡི་རྒྱུགས་བཏང་ཞིང་། ཧ་ཧྥོ་སློབ་ཆེན་ལ་རེ་ཞུ་ཕུལ་བ་བརྒྱུད།  སྦྱངས་འབྲས་ལེགས་ཐོན་གྱི་བྱ་དགའ་རག་པ་དང་། བོད་ལྗོངས་བོད་ལུགས་གསོ་རིག་སློབ་གླིང་ནས་ཀྱང་རང་སློབ་གྲྭའི་དགེ་རྒན་ཕྱི་རྒྱལ་དུ་ཟབ་སྦྱོང་གནང་བར་ཕེབས་རྒྱུར་རྒྱབ་སྐྱོར་མཐའ་གཅིག་ཏུ་བྱས་པ་རེད།
   དེའི་རྗེས་སུ། གཡང་དགའ་ལགས་ཀྱིས་སློབ་སྦྱོང་གི་ལོ་ཟླ་གསར་པ་ཞིག་གི་གདོང་བསུས་པ་རེད། སློབ་ཚན་མང་བ་དང་སྐད་ཡིག་གི་རྨང་གཞི་ཞན་པ། གཞན་ད་དུང་ཞོར་ལས་བྱས་ནས་སློབ་ཡོན་གསོག་དགོས་པ་སོགས་ཧ་ཧྥོ་སློབ་ཆེན་དུ་སློབ་སྦྱོང་གནང་བའི་ལོ་ཟླ་དེ་ཆེས་སྤྱིར་བཏང་མིན་པ་ཞིག་ཏུ་གྱུར། ལོ་ངོ་བརྒྱད་རིང་དཀའ་སྤྱད་འབད་འབུངས་གནང་བ་བརྒྱུད་གཡང་དགའ་ལགས་ལ་ཧ་ཧྥོ་སློབ་ཆེན་མི་ཆོས་རིག་གནས་སློབ་གླིང་དང་གསོ་རིག་མིའི་རིགས་རིག་པའི་འབུམ་རམས་པའི་སློབ་གནས་ཐོབ་པ་རེད། དེ་ལྟ་བུའི་ལོ་ཟླར་ཕྱིར་དྲན་གནང་སྐབས་ཁོང་གིས། ཧ་ཧྥོ་སློབ་ཆེན་ནས་ཞིབ་འཇུག་བྱེད་ཐབས་མང་པོ་སློབ་སྦྱོང་ཞུས་པ་དང་། རྒྱལ་སྤྱིའི་མིག་རྒྱང་ལྡན་པར་གྱུར་བ་དེས། རང་ཉིད་བོད་ལུགས་གསོ་རིག་ལ་དཔྱོད་ཤེས་དང་དངོས་ཐོག་བདེན་འཚོལ་གྱི་ལྟ་སྟངས་འཛིན་མཁན་ཞིག་ཏུ་གྱུར་སོང་ཞེས་གསུངས།
   གཡང་དགའ་ལགས་ཀྱིས་བོད་ལུགས་གསོ་རིག་གི་ནང་དོན་རྒྱ་ཆེ་ཞིང་གཏིང་ཟབ་པ་དང་། གསོ་རིག་གཞན་མང་པོ་ཞིག་གི་ཉིང་བཅུད་དག་བསྡུ་ལེན་བྱས་མོད། འོན་ཀྱང་རིགས་གཞུང་གསར་གཏོད་བྱ་རྒྱུ་ནི་ཁ་ཚ་དགོས་གཏུགས་སུ་གྱུར་ཡོད་པ་དང་། གལ་སྲིད་ཨུ་ཚུགས་ཀྱིས་སྲོལ་རྒྱུན་ཁོ་ན་རྒྱུད་འཛིན་བྱས་ནས་བསྡད་ཚེ་བོད་ལུགས་གསོ་རིག་འདི་ཉིད་དུས་རབས་ཀྱི་རྗེས་སུ་ལུས་ནས་མཐར་བཀོལ་སྤྱོད་བྱེད་མཁན་མེད་པར་འགྱུར་རྒྱུ་ཡིན་པས། བོད་ལུགས་གསོ་རིག་གོང་འཕེལ་ཡོང་བ་བྱེད་པར་དེང་རབས་གསོ་རིག་གི་རིགས་གཞུང་བསྡུ་ལེན་བྱེད་དགོས་པ་དང་ཆབས་ཅིག་རང་སོར་ཡོད་པའི་ཐུན་མིན་གྱི་ལེགས་ཆ་དེ་དག་ཀྱང་རྒྱུན་འཁྱོངས་བྱེད་དགོས་པའི་ངོས་འཛིན་གནང་གི་ཡོད།
   གཡང་དགའ་ལགས་ཀྱིས་སྨན་བཅོས་ཀྱི་ཁྱབ་ཁོངས་མང་པོ་ཞིག་གི་ནང་བོད་ལུགས་གསོ་རིག་གི་གསོ་དཔྱད་ནུས་པ་འཐུས་སྒོ་ཚང་པོ་ཡོད། འོན་ཀྱང་ཉམས་མྱོང་བརྒྱུད་སྤྲོད་ཁོ་ནར་བརྟེན་ན་མི་འགྲིག་པར་ད་དུང་ཚན་རིག་གི་བདེན་དཔང་དགོས་ལ། ཚོད་ལྟ་ཁང་དང་། ནད་ཐོག་ཞིབ་འཇུག་གི་གྲངས་གཞི། དཔྱད་རྩོམ་སོགས་ལ་བརྟེན་ནས་བོད་ལུགས་གསོ་རིག་ལ་མི་རྣམས་ཀྱི་ཡིད་ཆེས་ཐོབ་ཤུགས་ཆེ་རུ་གཏོང་དགོས་པ་དང་། དྲིལ་བསྒྲགས་བྱེད་སྐབས་ད་དུང་བོད་ལུགས་གསོ་རིག་ལ་འཛིན་པའི་ལྐོག་གྱུར་གྱི་མཚར་སྣང་དེ་མེད་པ་བཟོ་དགོས་པའི་ངོས་འཛིན་གནང་གི་ཡོད།
   དགའ་འོས་པ་ཞིག་ནི། གནའ་བོའི་བོད་ལུགས་གསོ་རིག་ལ་གསོན་ཤུགས་གསར་པ་རྒྱས་ཏེ་མཐོ་སྒང་ནས་ཡུལ་གཞན་དུ་རིམ་བཞིན་ཁྱབ་ནས་རྒྱུས་མངའ་ལོན་མཁན་ཇེ་མང་དུ་འགྲོ་བཞིན་ཡོད།
   གཡང་དགའ་ལགས་ཀྱིས། དེ་སྔོན་ཕྱི་རྒྱལ་དུ་མི་གཞན་ལ་བོད་ལུགས་གསོ་རིག་གི་སྐོར་གླེང་སྐབས། སྔོན་ལ་ཧེ་མ་ལ་ཡ་གླེང་བ་དང་། དེ་རྗེས་རིམ་བཞིན་བོད་རང་སྐྱོང་ལྗོངས་དང་། བོད་རིགས། བོད་ལུགས་གསོ་རིག་བཅས་ངོ་སྤྲོད་བྱེད་ཀྱི་ཡོད། ལོ་དེ་དག་རིང་རྒྱལ་སྤྱིའི་སྤེལ་རེས་རིམ་བཞིན་མང་དུ་འགྲོ་བ་དང་ལྷག་པར་དུ་ཀྲུང་གོ་སྲིད་གཞུང་གིས་མཐོང་ཆེན་གནང་བའི་འོག བོད་ལུགས་གསོ་རིག་ཐད་ཀྱི་གྲགས་ཅན་བསྟན་བཅོས་《རྒྱུད་བཞི་》དེ་ཉིད་འཛམ་གླིང་གི་དྲན་ཤེས་ཟིན་ཐོ་ལས་ཨ་ཤེ་ཡ་དང་ཞི་བདེ་རྒྱ་མཚོ་ཆེན་མོའི་ས་ཁུལ་གྱི་མིང་གཞུང་ནང་ཚུད་པ་དང་། བོད་ལུགས་གསོ་རིག་གི་ལུམས་བཅོས་ཏེ། ཀྲུང་གོའི་བོད་རིགས་ཀྱི་ཚེ་སྲོག་བདེ་ཐང་དང་ནད་རིགས་འགོག་བཅོས་ཀྱི་ཤེས་བྱ་དང་ལག་ལེན་གྱི་སྐོར་ཞེས་པ་འཛམ་གླིང་མངོན་མིན་རིག་གནས་ཤུལ་བཞག་གི་འཐུས་ཚབ་མིང་གཞུང་ནང་ཚུད་དེ། བོད་ལུགས་གསོ་རིག་གི་རྒྱལ་སྤྱིའི་ཐོག་གི་མིང་གྲགས་ཇེ་ཆེར་ཕྱིན་ཡོད་ལ།  བོད་ལུགས་གསོ་རིག་འདི་ཉིད་འཛམ་གླིང་གི་གར་སྟེགས་དབུས་སུ་འགྲོ་རྒྱུར་ཡང་རྨང་གཞི་བརྟན་པོ་ཞིག་བཏིངས་ཡོད་ཅེས་གསུངས།
    གཡང་དགའ་ལགས་ཀྱིས། རྒྱལ་ཁབ་ཀྱིས་སྲོལ་རྒྱུན་གསོ་རིག་ལ་རྒྱབ་སྐྱོར་ཤུགས་ཆེན་གནང་བ་དེས་བོད་ལུགས་གསོ་རིག་གི་ཕྱག་ལས་གནང་མཁན་ཚོར་སྐུལ་མ་ཆེན་པོ་ཐེབས་ཡོད། ཉེ་བའི་ལོའི་རིང་། རྒྱལ་ཁབ་ཀྱིས་སྲིད་ཇུས་ཀྱི་རྒྱབ་སྐྱོར་དང་མ་དངུལ་གཏོང་ཤུགས་ཆེ་རུ་བཏང་བས། བོད་ལུགས་གསོ་རིག་ལ་ཚན་རིག་ཞིབ་འཇུག་དང་། ཤེས་ལྡན་པ་གསོ་སྐྱོང་། ལས་ཁུངས་འཛུགས་སྐྱོང་། ཐོན་ལས་གོང་འཕེལ་སོགས་གཏོང་བའི་ཐད་དགའ་འོས་པའི་གྲུབ་འབྲས་ཐོབ་ཁར། གོང་འཕེལ་འགྲོ་ཚུལ་ལེགས་པོ་ཡོད་ལ་མདུན་ལྗོངས་ཀྱང་ཡག་པོ་ཡོད་ཅེས་གསུངས།

   མིག་སྔར། གཡང་དགའ་ལགས་ཀྱི་ཕྱག་ལས་གཙོ་བོ་དེ་རང་གི་ཞིབ་འཇུག་གི་གྲུབ་འབྲས་ལེགས་སྒྲིག་དང་ཤེས་ལྡན་པ་གསོ་སྐྱོང་གནང་རྒྱུ་དེ་ཡིན་པ་རེད། དེ་ཡང་ཁོང་གིས་རང་གི་ཞིབ་འཇུག་གི་འབྲས་བུ་དེ་བོད་ཡིག་དང་། རྒྱ་ཡིག དབྱིན་ཡིག་བཅས་ཀྱི་ཐོག་ནས་དཔེ་སྐྲུན་བྱས་ཏེ། རིག་གནས་ཀྱི་རྒྱབ་ལྗོངས་མི་འདྲ་བའི་མིས་བོད་ལུགས་གསོ་རིག་ལ་རྒྱུས་ལོན་ཐུབ་པ་བྱ་རྒྱུ་ཡིན་པ་རེད། མ་ཟད་ཁོང་གིས་རང་ཉིད་ལས་འཁྱུར་ངལ་གསོ་མ་གནང་གོང་ཤེས་ལྡན་པ་མང་ཙམ་གསོ་སྐྱོང་ཐུབ་རེ་གནང་གི་ཡོད། ཁོང་གིས་མཛུབ་ཁྲིད་གནང་བའི་བོད་ལྗོངས་བོད་ལུགས་གསོ་རིག་སློབ་ཆེན་གྱི་འབུམ་རམས་སློབ་མ་ཁག་དང་པོ་སང་ལོ་སློབ་གྲྭ་ཐོན་རྒྱུ་རེད། ཁོང་གིས། བོད་ལུགས་གསོ་རིག་འཛམ་གླིང་སྟེང་བསྐྱོད་པར་རྒྱལ་སྤྱི་ཅན་གྱི་ཤེས་ལྡན་པ་དེ་བས་མང་བར་བརྟེན་དགོས་པས། ཁོང་ཚོ་བོད་ལུགས་གསོ་རིག་དེང་རབས་ཅན་དུ་འགྱུར་རྒྱུར་སྐུལ་འདེད་གཏོང་མཁན་དང་། བོད་ལུགས་གསོ་རིག་དང་འཛམ་གླིང་བར་སྤེལ་རེས་བྱེད་པའི་སྐར་ཁུང་དང་སྦྲེལ་ཟམ་ལྟ་བུར་འགྱུར་རྒྱུའི་རེ་བ་ཡོད་ཅེས་གསུངས་སོ། །



  

39.7K

ཐག་རག་ཡིག་བསྒྱུར་མ་ལག

དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1