གཙོ་ངོས།>> སྐྱེ་ཁམས།>>སྲོག་ཆགས།

རྩོམ་སྒྲིག་པ།ཚེ་དཔལ། ཡོང་ཁུངས།མཚོ་སྔོན་བོད་ཡིག་གསར་འགྱུར། སྤེལ་དུས། ༢༠༢༡ལོའི་ཟླ་བ་༠༧ཚེས་༢༦ཉིན།

༄༅།། ཧེ་ལུང་ཅང་ནས་གནའ་བོའི་མིའི་རིགས་ཀྱི“འབྲུག་མི”ཞིག་གསར་རྙེད་བྱུང་བ།

        ཉེ་ཆར། ཧེ་ལུང་ཅང་ནས་གསར་རྙེད་བྱུང་བའི་མིའི་ཀླད་པའི་འགྱུར་རྡོ་ཞིག་ལ་ཞིབ་འཇུག་བྱས་པ་གཞིར་བཞག་སྟེ། ཀྲུང་དབྱིན་ཚན་རིག་ཞིབ་འཇུག་ཚོགས་པས་གནའ་བོའི་མིའི་རིགས་ཤིག་གསར་རྙེད་བྱུང་བ་ཡིན་ཞེས་ཁྱབ་བསྒྲགས་བྱས་ཤིང་། དེའི་ཁོངས་གཏོགས་ཀྱི་ཡན་ལག་སྡེ་ཁག་ནི་དེང་རབས་ཀྱི་མི་དང་ཆེས་ཉེ་བའི་གཉེན་ཉེའི་འབྲེལ་བ་ཡོད་པ་ཞིག་རེད། འགྱུར་རྡོ་དེ་ཧེ་ལུང་ཅང་ནས་རྙེད་པ་ཡིན་པས། ཚན་རིག་པ་རྣམས་ཀྱིས་མི་རྒྱུད་གསར་པ་དེའི་རིགས་ལ“འབྲུག་མི”ཞེས་འབོད་ཀྱིན་ཡོད། གནས་ཚུལ་དེ་འབྲེལ་ཡོད་ཞིབ་འཇུག་གྲུབ་འབྲས་རིག་གཞུང་དུས་དེབ《གསར་གཏོད》ཐོག་སྤེལ་ཡོད་པ་རེད།
        འབྲུག་མི་ལ་དམིགས་བསལ་གྱི་ཁྱད་ཆོས་གང་ཡོད་དམ། དུས་ཡུན་རིང་པོའི་མིའི་རིགས་ཀྱི་འཕེལ་འགྱུར་ལོ་རྒྱུས་སྟེང་། སྔ་དུས་ཀྱི་མིའི་རིགས་ཧ་ཅང་མང་ཞིང་། དེང་རབས་མིའི་ཐད་གཏོགས་མེས་པོ་བློ་རིག་ཅན་གྱི་མི་ཡང་དེའི་ཁྲོད་ཀྱི་གཅིག་ཡིན་པ་རེད།
        ཞིབ་འཇུག་དེའི་ནང་ཞུགས་མཁན་གྱི་ཀྲུང་གོ་ཚན་རིག་ཁང་གནའ་བོའི་སྒལ་ཚིགས་སྲོག་ཆགས་དང་གནའ་བོའི་མིའི་རིགས་ཞིབ་འཇུག་ཁང་གི་ཞིབ་འཇུག་པ་ཉི་ཞི་ཅུན་གྱིས་མཚམས་སྦྱོར་བྱས་པ་ལྟར་ན། “འབྲུག་མི”དེའི་མགོ་རུས་ལ་བལྟས་ན་དེང་གི་བར་ལོ་ཁྲི14.6ནས་ལོ་ཁྲི30.9ཡི་བར་ཡིན་པ་དང་། གདོད་མའི་རང་བཞིན་དང་ཡར་ཐོན་གྱི་ཁྱད་ཆོས་ལྡན་ཡོད། དཔེར་ན། མགོ་རུས་དེར་ཆེ་ཞིང་གྲུ་བཞིའི་དབྱིབས་སུ་ཆགས་པའི་མིག་ཀོང་ཆེན་པོ་དང་། སྟུག་ཅིང་རིང་བའི་སྨིན་རིས་སོགས་གདོད་མའི་ཁྱད་ཆོས་ཡོད་ལ། དུས་མཚུངས་སུ་གསར་རྙེད་བྱུང་བ་ནི་དབྱིབས་ཆུང་ལ་སྙོམས་པའི་མཁུར་རུས་ཀྱང་ཡོད།
        མཚམས་སྦྱོར་བྱས་པ་ལྟར་ན། མགོ་རུས་དེ་ཧ་ཅང་ཆེན་པོ་ཞིག་ཡིན་པ་དང་། ལྗིད་ཚད་ལ་བློ་རིག་ཅན་གྱི་མིའི་མགོ་རུས་ལས་ལྔ་ཆའི་གཅིག་ཙམ་ཡིན། ཀླད་པའི་ཤོང་ཚད་ལ་ཧའོ་ཧྲིན1420ཡོད་པ་དེ་ནི་བློ་རིག་ཅན་གྱི་མི་དང་འདྲ་མཚུངས་རེད། དེས་འབྲུག་མི་དེ་ལ་བློ་རིག་ཆུ་ཚད་ཧ་ཅང་མཐོན་པོ་ཡོད་པ་མཚོན་ཡོད། འབྲུག་མི་ནི་གླིང་ཆེན་ཨེ་ཤ་ཡའི་བྱང་ཕྱོགས་སུ་ཁྱབ་པ་ཞིག་ཡིན་སྲིད་ལ། ཞིབ་འཇུག་པས་རིགས་འདེད་བྱས་པ་ལྟར་ན། མགོ་རུས་དེ་ཕལ་ཆེར་ལོ50དང་ལོ་ན་གཞོན་པའི་སྐྱེས་པ་ཞིག་གི་ཡིན་པ་དང་། ཁོ་རང་སྟོབས་ཧ་ཅང་ཆེ། འཕྲེད་ཐིག་གི་ཏུའུ་གྲངས་མཐོ་བའི་ས་ཁུལ་གྱི་གྲང་ངར་ཆེ་བའི་གནམ་གཤིས་ལ་འཚམ་པ་དང་། བློ་རིག་ལྡན་པའི་མི་དང་འདྲ་བར་རྔོན་རྒྱག་པ་དང་། འཚོལ་བསྡུ་བྱེད་པ། ཐ་ན་ཉ་བཟུང་ནས་འཚོ་བར་རོལ་བ་ཤེས་ཐུབ།
        འབྲུག་མི་དང་ང་ཚོའི་བར་འབྲེལ་བ་ཅི་ཡོད་དམ། ཡར་སྔོན། གནའ་བོའི་མིའི་རིགས་གཞན་པ་ཞིག་སྟེ། ཉི་ཨན་ཏེ་ཐེ་མི་ནི་བློ་རིག་ཅན་གྱི་མི་དང་གཉེན་ཉེའི་འབྲེལ་བ་ཡོད་པར་ངོས་འཛིན་བྱས་ཡོད།
        ཐེངས་འདིའི་ཞིབ་འཇུག་ནང་འབྲུག་མི་དང་ཀན་སུའུ་ནས་ཤེས་རྟོགས་བྱུང་བའི་བསང་ཆུའི་མི། ཧྲའན་ཞི་ནས་ཤེས་རྟོགས་བྱུང་བའི་ཏ་ལི་མི་སོགས་ནི་ཡན་ལག་གཅིག་གི་ཁོངས་གཏོགས་ཤིག་ཡིན་པ་སྟེ། ཁོ་ཚོར་ཐུན་མོང་གི་མེས་པོ་ཡོད། ཡན་ལག་འདི་དང་བློ་རིག་ཅན་གྱི་མིའི་བར་གྱི་འབྲེལ་བ་སྔར་ལས་ཇེ་ཉེར་གྱུར་ཡོད། “སྐྱེ་འཕེལ་མ་ལག་ལ་དབྱེ་ཞིབ་བྱས་པ་ལས་མངོན་པ་ལྟར་ན། ཉི་ཨན་ཏེ་ཐེ་མི་དང་བློ་རིག་ཅན་གྱི་མི། འབྲུག་མི་བཅས་ཀྱི་གཞན་འགྱུར་ནི་བསམ་ཚོད་ལས་སྔ་བ་དང་། དེ་གསུམ་པོར་ཐུན་མོང་གི་མེས་པོ་ཡོད། ཧ་ལམ་ལོ་ངོ་ཁྲི100ཡི་སྔོན་ལ། ཉི་ཨན་ཏེ་ཐེ་མི་སྔོན་ལ་གཞན་འགྱུར་བྱུང་བ་དང་། འགྱུར་ལྡོག་གི་ལམ་བུ་མི་འདྲ་བའི་ཐོག་བསྐྱོད་ནས་རང་ཚུགས་ཀྱི་མི་རྒྱུད་ཅིག་ཏུ་གྱུར་ཡོད། ཧ་ལམ་ལོ་ངོ་ཁྲི95ཡི་གོང་། བློ་རིག་ཅན་གྱི་མི་དང་འབྲུག་མི་གཉིས་ཐ་དད་དུ་གྱེས་ནས་མི་རྒྱུད་མི་འདྲ་བ་གཉིས་སུ་གྱུར་ཡོད”ཅེས་ཉི་ཞི་ཅུན་གྱིས་བཤད། ལྟ་བ་འདིས་སྔོན་གྱི་རིག་གཞུང་ཁྱབ་ཁོངས་སུ་ངོས་འཛིན་བྱེད་པའི་ཉི་ཨན་ཏེ་ཐེ་མི་དང་བློ་རིག་ཅན་གྱི་མི་ལོ་ངོ་ཁྲི60ཡི་སྔོན་ལ་ཁ་ཁ་གྱེས་པའི་ལྟ་བ་ལ་རྡུང་རྡེག་ཆེན་པོ་ཐེབས་པ་རེད།
        དུས་མཚུངས་སུ། ཉི་ཞི་ཅུན་གྱིས་ངོ་སྤྲོད་བྱས་པ་ལྟར་ན། བློ་རིག་ཅན་གྱི་མི་དང་འབྲུག་མིའི་ཐུན་མོང་གི་མེས་པོ་ཨ་ཧྥེ་རི་ཁ་གླིང་ནས་ཡིན་སྲིད་མོད། འོན་ཀྱང་དེ་སྔ་ཐེངས་མང་པོར་གནས་སྤོས་ནས་གང་སར་ཁྱབ་ཡོད། བློ་རིག་ཅན་གྱི་མི་ནི་ལོ་ངོ་ཁྲི20ཡི་གོང་ཨ་ཧྥེ་རི་ཁ་ནས་ཐོན་པ་དང་། ཡར་སྔོན། འབྲུག་མི་ཁོངས་གཏོགས་ཀྱི་ཡན་ལག་ཨེ་ཤ་ཡ་རུ་ལོ་ཁྲི་བཅུ་ཕྲག་ཁ་ཤས་རིང་རིམ་འགྱུར་བྱུང་ཡོད་པ་རེད།
        ཚོད་དཔག་བྱས་ཆོག་པ་ནི་གང་སར་ཁྱབ་པའི་གོ་རིམ་ཁྲོད་དུ་བློ་རིག་ཅན་གྱི་མི་དང་འབྲུག་མི་གཉིས་སྔོན་ཆད་འཕྲད་ཡོད་སྲིད་པ་དང་། ཐ་ནDNAཡི་བརྗེ་རེས་ཀྱང་བྱུང་མྱོང་བ་རེད།
        དོ་སྣང་བྱེད་དགོས་པ་ཞིག་ལ། ཞིབ་འཇུག་རུ་ཁག་གིས་འབྲུག་མི་ནི་གསར་བྱུང་གི་མི་ཞིག་ཡིན་ཞེས་བརྗོད་ཀྱིན་ཡོད་མོད། འོན་ཀྱང་དོགས་གནད་ཁ་ཤས་ལ་གོམ་གང་མདུན་སྤོས་ཀྱིས་ཞིབ་འཇུག་བྱེད་དགོས། དཔེར་ན། ད་ཐེངས་ཀྱི་ཞིབ་འཇུག་ཁྲོད་བསང་ཆུའི་མི་དང་འབྲུག་མི་ནི་ཡན་ལག་གཅིག་གི་ཁོངས་སུ་གཏོགས་པར་ངོས་འཛིན་བྱེད་ཀྱིན་ཡོད། དེའི་གོང་གི་ཞིབ་འཇུག་ཁ་ཤས་ཁྲོད་བསང་ཆུའི་མི་ནི་ངོ་མཚར་ཆེ་བའི་གནའ་བོའི་མིའི་རིགས་ཀྱི་ཁྱུ་ཚོགས་གཞན་ཞིག་སྟེ་ཏན་ཉི་སུའོ་ཝ་མི་ཡིན་པར་ངོས་འཛིན་བྱས་ཡོད་པ་རེད།
        འོ་ན། ཏན་ཉི་སུའོ་ཝ་མི་དང་འབྲུག་མི་ནི་རིགས་གཅིག་ཡིན་ནམ་ཞེ་ན། གནད་དོན་དེའི་ཐད་ཉི་ཞི་ཅུན་གྱིས་ཏན་ཉི་སུའོ་ཝ་མི་ནི་དངོས་སུ་མིའི་རིགས་ཤིག་གི་མིང་བཏགས་པ་མ་རེད། རྒྱུ་མཚན་ནི། དེ་ནི་ཨུ་རུ་སུའི་ཏན་ཉི་སུའོ་ཝ་བྲག་ཕུག་ནས་རྙེད་པས་མིང་དེ་ལྟར་ཐོགས་པ་རེད། མིག་སྔར་ཏན་ཉི་སུའོ་ཝ་བྲག་ཕུག་ནས་རྙེད་པའི་འགྱུར་རྡོ་ཚང་མ་ཆག་རོ་ཡིན་པས་མགོའི་རུས་པ་རྙེད་མེད། དེ་གཉིས་བར་གྱི་འབྲེལ་བར་ད་དུང་གཏན་འཁེལ་གྱི་བཤད་ཚུལ་ཞིག་མེད་པས། ཤེས་རྟོགས་གསར་པ་དང་དཔང་རྟགས་གསར་པ་དེ་བས་མང་པོ་ཡོད་དགོས།
        གོང་སྨྲས་ཀྱི་ཞིབ་འཇུག་དེ་ཧོ་པེ་ས་གཤིས་སློབ་ཆེན་དང་། ཀྲུང་གོ་ཚན་རིག་ཁང་གནའ་བོའི་སྒལ་ཚིགས་ཁང་། དབྱིན་ཇིའི་རང་བྱུང་ལོ་རྒྱུས་རྟེན་རྫས་བཤམས་མཛོད་ཁང་སོགས་ཀྱི་ཞིབ་འཇུག་མི་སྣས་མཉམ་དུ་ལེགས་འགྲུབ་བྱས་ནས་བྱུང་བ་ཞིག་རེད། །

39.7K

ཐག་རག་ཡིག་བསྒྱུར་མ་ལག

དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1