གཙོ་ངོས།>> སྐྱེ་ཁམས།>>ཤེས་བྱ།

རྩོམ་སྒྲིག་པ།ཚེ་དཔལ། ཡོང་ཁུངས།མཚོ་སྔོན་བོད་ཡིག་གསར་འགྱུར། སྤེལ་དུས། ༢༠༢༡ལོའི་ཟླ་བ་༠༨ཚེས་༡༦ཉིན།

༄༅།། མཚོ་སྔོན་ནི་སེམས་ནས་སྨོན་པ་འཆོར་སའི་སྙན་ངག་དང་རྒྱང་རིང་དེ་ཡིན།

མཚོ་སྔོན་ནི་སེམས་ནས་སྨོན་པ་འཆོར་སའི་སྙན་ངག་དང་རྒྱང་རིང་དེ་ཡིན།
——མཚོ་སྔོན་གྱིས་རྒྱལ་སྤྱིའི་སྐྱེ་ཁམས་ཡུལ་སྐོར་བྱ་ཡུལ་བསྐྲུན་པའི་སྐོར་གླེང་བ།



        ཟླ3པའི་ཚེས7ཉིན། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་རྒྱལ་ཡོངས་དམངས་ཆེན་སྐབས་བཅུ་གསུམ་པའི་གྲོས་ཚོགས་ཐེངས་བཞི་པའི་མཚོ་སྔོན་འཐུས་མི་ཚོགས་པའི་གྲོས་ཞིབ་ནང་ཞུགས་སྐབས། ཁོང་གིས་བློ་བརྟན་འགྱུར་མེད་ཀྱིས་སྤུས་ཚད་མཐོན་པོའི་འཕེལ་རྒྱས་བགྲོད་ལམ་དུ་ཞུགས་པ་དང་། བློ་བརྟན་འགྱུར་མེད་ཀྱིས“ཀྲུང་ཧྭའི་ཆུ་ལྕོག”སྲུང་མཁན་བྱེད་པ། བློ་བརྟན་འགྱུར་མེད་ཀྱིས་དམངས་འཚོའི་བདེ་སྐྱིད་ལ་ཡར་སྐུལ་བྱས་ཏེ་སྐྱེ་ཁམས་ཡུལ་སྐོར་འཕེལ་རྒྱས་གཏོང་བ་དང་སྐྱེ་ཁམས་ཁོར་ཡུག་ལ་སྲུང་སྐྱོབ་བྱེད་པའི་བར་གྱི་འབྲེལ་བ་ཐག་གཅོད་ཡང་དག་བྱས་ནས་རྒྱལ་སྤྱིའི་སྐྱེ་ཁམས་ཡུལ་སྐོར་བྱ་ཡུལ་བསྐྲུན་དགོས་པ་གསལ་པོར་བསྟན།
        སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་མཛུབ་སྟོན་གྱི་དགོངས་པ་གལ་ཆེན་མཐའ་འཁྱོལ་བྱས་ཏེ། སྐྱེ་ཁམས་དང་རིག་གནས། ཡུལ་སྐོར་གསུམ་གྱི་ཐོན་ཁུངས་ཀྱི་ལེགས་ཆར་རྐང་བཙུགས་པ་དང་། མཉམ་འདྲེས་འཕེལ་རྒྱས་ལ་མགྱོགས་པོར་སྐུལ་འདེད་བཏང་ནས། སྐྱེ་ཁམས་ལེགས་ཆ་ཡིས་སྐྱེ་ཁམས་ཡུལ་སྐོར་གྱི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བ་དང་། རྒྱལ་སྤྱིའི་སྐྱེ་ཁམས་ཡུལ་སྐོར་བྱ་ཡུལ་ཤུགས་ཡོད་རྒུས་བསྐྲུན་ཏེ། རི་སྔོ་ཆུ་དྭངས་ནམ་ཡང་མཚོ་སྔོན་གྱི་ལེགས་ཆ་དང་གཟི་བརྗིད་དུ་འགྱུར་དུ་འཇུག་པ་དང་། སའི་གོ་ལའི“སྣེ་གསུམ་པའི”སྟེང་གི་ངོ་མཚར་གྱི་ས་གཞི་ལ་སྔར་བས་མཛེས་སྡུག་ལྡན་ཞིང་སྒོ་འབྱེད་གུ་ཡངས་ཀྱི་རྣམ་པ་གསར་པ་ཞིག་དང་སྐྱེ་སྟོབས་ཀྱི་དཔལ་གསར་པ་རྒྱས་སུ་བཅུག
        རྨང་གཞིའི་སྒྲིག་བཀོད་ཀྱིས་སྐྱེ་ཁམས་ཀྱི་རིག་གནས་དང་ཡུལ་སྐོར་དར་དུ་བཅུག་པ།
        སྐྱེ་ཁམས་ཡུལ་སྐོར་ནི་རིག་གནས་དང་འཚོ་བའི་མཚན་ཉིད་གསར་པ་ཞིག་ཡིན་ལ། དུས་རབས་ཀྱི་བརྗོད་གཞིའང་ཡིན་པས། སྤྱི་ཚོགས་ཡོངས་ལ་སྣེ་ཁྲིད་ནས་སྐྱེ་ཁམས་ཡུལ་སྐོར་ལ་ངོས་འཛིན་དང་སྐྱེ་ཁམས་ཡུལ་སྐོར་ལ་ཞུགས་པ། སྐྱེ་ཁམས་ཡུལ་སྐོར་ལ་སྔར་ལས་དགའ་རུ་བཅུག་སྟེ། མི་སྔར་བས་མང་པོ་ཞིག་ལ་ལྗང་མདོག་གི་འཚོ་བ་དང་ལེན་བྱེད་དུ་འཇུག་པ་དང་ཁོར་སྲུང་གི་འདུ་ཤེས་ཆགས་སུ་འཇུག་པ། ཐཱན་ཉུང་འདུ་ཤེས་ཇེ་དྲག་ཏུ་གཏོང་བ། སྐྱེ་ཁམས་ཁོར་ཡུག་ལ་སྲུང་སྐྱོབ་བྱེད་པ་བཅས་ནི་ཁ་ཚ་དགོས་གཏུག་གི་དོན་ཞིག་ཏུ་གྱུར་ཡོད།
        རྨ་ཆུའི་འགྲམ་ངོགས་སུ་ཆགས་པའི་མཚོ་ལྷོ་བོད་རིགས་རང་སྐྱོང་ཁུལ་ཐུན་ཏེ་རྫོང་འབའ་ལུང་པ་ཞང་གི་འབའ་མདོ་སྡེ་བར་བསྐྱོད་སྐབས། ངོས་སྙོམས་པའི་སྡེ་བའི་གཞུང་ལམ་བརྒྱུད་ནས་ནང་དུ་སོང་ན། བོད་ཁྱིམ་རེ་རེ་བགྲོད་ལམ་གྱི་འགྲམ་ངོགས་གཉིས་སུ་གྲལ་ཕྲེང་འགྲིག་མོས་བསྒྲིགས་ཡོད་ལ། མཐོན་པོའི་མཁར་གྱང་གི་སྟེང་དང་ལྕགས་ལས་བཟོས་པའི་སྒྲོམ་སྐྱོར་སྟེང་དུ་མི་མང་པོ་ཞིག་ལག་རྡང་གཅིག་ཏུ་སྦྲེལ་ནས་མཉམ་དུ་ཞབས་བྲོ་འཁྲབ་པའི་རི་མོས་བརྒྱན་ཡོད། དེ་དག་གིས་གནའ་ཉམས་ཀྱི་ཁྲོད་ནས་དེང་རབས་ཀྱི་ཉམས་འགྱུར་མངོན་ཡོད་ལ། གསལ་ལ་མི་གསལ་བའི་སྒོ་ནས་གནའ་བོའི་རིག་གནས་ཀྱི་ངོ་མཚར་ངོམ་ཡོད།
        རྨ་ཆུའི་མཛེས་སྡུག་དང་རྫོང་རུ་རིག་གནས་ལ་བརྟེན་ནས་འབའ་མདོ་སྡེ་བ་དེ་མིང་དོན་མཚུངས་པའི་གྲོང་གསེབ་ཡུལ་སྐོར་གྱི་དྲ་གྲགས་ལྗོངས་ཁུལ་དུ་གྱུར་ཡོད།
        ལོ་ངོ་འདི་དག་གི་རིང་ལ། གནད་ཁེལ་དབུལ་སྐྱོར་དང་མཐོ་སྒང་གི་མཛེས་པའི་ཡུལ་གྲོང་གི་ལས་གཞི་རྒྱུན་ཆད་མེད་པར་མཐའ་འཁྱོངས་བྱས་པ་དང་བསྟུན་ནས། འབའ་ལུང་པ་སྡེ་བའི་མང་ཚོགས་ཀྱི་སྡོད་ཁང་དཀའ་བ་དང་འགྲོ་ལམ་དཀའ་བ་སོགས་ཀྱི་གནད་དོན་ཐག་གིས་བཅད་ཅིང་སྡེ་བའི་ཕྱིའི་བཀོད་པའང་སྔར་བས་མཛེས་སྡུག་ཏུ་གྱུར།
        གྲོང་གསེབ་དར་སྤེལ་གྱི་དཔེ་སྟོན་གྲས་སུ་ཚུད་རྗེས། འབའ་མདོ་སྡེ་བའི་འཕེལ་རྒྱས་ཀྱི་རིག་ལམ་ཇེ་གསལ་ནས་ཇེ་གསལ་དུ་གྱུར། ལེགས་ཆ་འདོན་སྤེལ་བྱས་ཏེ་རྨ་ཆུའི་གྲོག་རོང་ཆེན་མོའི་རྫོང་རུ་རིག་གནས་ཡུལ་སྐོར་དང་མཐོ་སྒང་གི་མེ་ཏོག་ཞིང་ཁམས། ཁྱད་ལྡན་གྱི་ཁྱིམ་ཚང་མགྲོན་ཁང་བཅས་གཙོ་བོ་བྱས་ཏེ་གྲོང་གསེབ་ཀྱི་ཁྱད་ལྡན་ཡུལ་སྐོར་ཐོན་ལས་ཤུགས་ཡོད་རྒུས་འཕེལ་རྒྱས་སུ་བཏང་། མི་འདང་བ་ཁ་གསབ་བྱས་ཏེ་རྨ་ཆུའི་རྫོང་རུ་སྤྲོ་གསེང་སྡེ་བ་དང་ཤིང་ལམ། ལྟད་མོའི་སྟེགས་བུ། རླངས་འཁོར་འཇོག་ས། སྤྱི་པའི་སྤྱོད་ཁང་སོགས་ལས།
        མཚོ་སྔོན་ལ་མཚོན་ནས་བཤད་ན་འབའ་མདོ་སྡེ་བ་ལྟར་གྲོང་གསེབ་ཡུལ་སྐོར་གྱི་ལམ་ལ་ཆས་པའི་སྡེ་བ་མི་ཉུང་བ་ཞིག་ཡོད་ལ། རྒྱལ་ཁའི་བགྲོད་ལམ་དེ་ནི་རྒྱལ་སྤྱིའི་སྐྱེ་ཁམས་ཡུལ་སྐོར་བྱ་ཡུལ་བསྐྲུན་པའི་ཁྲོད་ནས་བསགས་པའི་ཉམས་མྱོང་རེད།
        རྨང་གཞིའི་སྒྲིག་བཀོད་འཐུས་ཚང་དུ་གཏོང་བ་དང་ཞབས་ཞུའི་ཆུ་ཚད་ཇེ་མཐོར་གཏོང་བ་ནི་རྒྱལ་སྤྱིའི་ཡུལ་སྐོར་བྱ་ཡུལ་བསྐྲུན་པའི་རྨང་གཞི་ཡིན། རང་ཞིང་དུ་ཞིང་ཆེན་དང་། གྲོང་ཁྱེར་དང་ཁུལ། རྫོང་།(གྲོང་ཁྱེར་དང་ཆུས) ལྗོངས་ཁུལ་བཅས་རིམ་པ་བཞིའི་ཡུལ་སྐོར་པའི་ཞབས་ཞུ་དྲ་བའི་མ་ལག་ཆགས་ཡོད་ལ། སྤྲོ་གསེང་གི་ལྗང་ལམ་དང་ལྕགས་རྟའི་འཁོར་ལམ། རི་འཛེགས་རྐང་ལམ། རི་མགོའི་སྒར་ས། སྒེར་བསྐོར་ཁང་འཁོར་གྱི་སྒར་ས། དམའ་མོ་འཕུར་བསྐྱོད་ཀྱི་སྒར་ས། རླངས་འཁོར་འཇོག་ས། ཡུལ་སྐོར་སྤྱོད་ཁང་། 5Gདྲ་བ། ཡུལ་སྐོར་བྲེལ་བསྟུན་རོགས་སྐྱོབ་རྟེན་གཞི་སོགས་ཀྱི་རྨང་གཞི་ཞབས་ཞུའི་སྒྲིག་བཀོད་འཐུས་ཚང་དུ་གྱུར་ཡོད།
        ཡུལ་སྐོར་པ་སྲོག་ཤིང་དུ་བརྩིས་ཏེ། རྒྱལ་སྤྱིའི་ཚད་གཞི་དང་འཚམ་པའི་ཡུལ་སྐོར་ཞབས་ཞུའི་མ་ལག་འཐུས་ཚང་དུ་བཏང་བ་དང་། “འགྲོ་འདུག་སྤྱོད་གསུམ་དང་ཡུལ་སྐོར། ཉོ་སྒྲུབ། རྩེད་འཇོ”བཅས་ཀྱི་ཡུལ་སྐོར་རྒྱུ་རྐྱེན་གྱི་རིམ་པ་མགྱོགས་པོར་སྤར་ལ། ཡུལ་སྐོར་ཞབས་ཞུ་རྒྱལ་སྤྱི་ཅན་དང་ཚད་ལྡན་ཅན། གཞི་གྲངས་ཅན་དུ་འགྱུར་བར་སྐུལ་འདེད་བྱས་ཏེ། ལྗོངས་ཁུལ་དང་མགྲོན་ཁང་སོགས་ཀྱི་རྨང་གཞིའི་སྒྲིག་བཀོད་ཇེ་ལེགས་སུ་བཏང་།
        རི་སྔོ་ཆུ་དྭངས་ནི་གསེར་རི་དངུལ་རི་ཡིན་པའི“མཉམ་སྒྲོག”
        ལྗང་མདོག་ནི་མཚོ་སྔོན་གྱི་གཞི་མདོག་ཡིན་ལ། མཚོ་སྔོན་གྱི་ཚད་མཐའ་ཡང་ཡིན། ཐུན་མོང་མ་ཡིན་པའི་སྐྱེ་ཁམས་ཐོན་ཁུངས་ཀྱིས་མཚོ་སྔོན་ནི་གཞན་ལས་ཁྱད་དུ་འཕགས་པ་ཞིག་ཏུ་མངོན་ཡོད། གཙང་གསུམ་འབྱུང་ཡུལ་དང་མཚོ་སྔོན་པོ། མདོ་ལ་རིང་མོ། ཁུ་ནུ་རི་བོ། ཨ་ཆེན་གངས་རྒྱབ། རྨ་ཆུ་དྭངས་མོ་སོགས་འཛམ་གླིང་རིམ་པའི་སྐྱེ་ཁམས་ཡུལ་སྐོར་གྱི་ཐོན་ཁུངས་གྲགས་ཅན་གྱིས་མི་སེམས་རབ་ཏུ་འགུག་བཞིན་ཡོད།
        མཚོ་སྔོན་གྱིས་སྐྱེ་ཁམས་ཁོར་ཡུག་ལེགས་པོར་སྲུང་སྐྱོབ་བྱེད་དགོས་ལ་མཚོ་བོད་མཐོ་སྒང་གི་སྐྱེ་ཁམས་དཔལ་ཡོན་གྱི་མཐོ་སའི་དམིགས་འབེན་ཡང་ངོམ་དགོས་པ་ལྟར། སྐྱེ་ཁམས་ཡུལ་སྐོར་སྲོག་ཤིང་ཡིན་པའི་ཚོང་རྟགས་གྲགས་ཅན་གསོ་སྐྱོང་བྱེད་པའི་འགུལ་སྐྱོད་ལག་བསྟར་བྱས་ནས།རྒྱལ་སྤྱིའི་སྐྱེ་ཁམས་ཡུལ་སྐོར་བྱ་ཡུལ་གྱི་ཚོང་རྟགས་གྲགས་ཅན་གྱི་མ་ལག་བསྐྲུན།
        རྫ་ཆུ་ཡིས་ཡུས་ཧྲུའུ་བོད་རིགས་རང་སྐྱོང་ཁུལ་རྫ་སྟོད་རྫོང་རྣམ་སྲས་ཞང་དུ་མཛེས་སྡུག་གི་གཞུ་ཐིག་ཅིག་འཐེན་པས་ཡུལ་ལྗོངས་ལྟ་ན་སྡུག་པའི་རྣམ་སྲས་གྲོག་རོང་ཆེན་མོ་གྲུབ་ཡོད། རྣམ་སྲས་ཞང་ནི་གཙང་གསུམ་འབྱུང་ཡུལ་རྒྱལ་ཁབ་སྤྱི་གླིང་རྫ་ཆུའི་འབྱུང་ཡུལ་གྱི་ལྟེ་གནས་སུ་ཡོད་ལ། ཡུལ་དེར“གསའ་ཡི་ཕ་ས”ཞེས་པའི་མཚན་སྙན་ཐོབ་ཡོད་པར་མ་ཟད། གཙང་གསུམ་འབྱུང་ཡུལ་རྒྱལ་ཁབ་སྤྱི་གླིང་ནང་ཁུལ་གྱི་སྐྱེ་ཁམས་ཉམས་ལེན་བྱེད་སའི་དམིགས་བསལ་གཉེར་སྐྱོང་བྱ་འགུལ་སྤེལ་སའང་ཡིན།
        གཙང་གསུམ་འབྱུང་ཡུལ་རྒྱལ་ཁབ་སྤྱི་གླིང་དང་ཡུལ་དེའི་སྲིད་གཞུང་གིས་གནས་མདོ་སྡེ་བ་ནས་ཐེངས་མང་པོར་ཕྱོགས་བསྡུས་སྐྱེད་སྲིང་འཛིན་གྲྭ་བསྡུས་པ་དང་། སྐྱེ་ཁམས་ཆེད་མཁས་པས་འབྲོག་པ་ཚོར་རི་དྭགས་སྐོར་གྱི་ཤེས་བྱ་དང་རི་མགོའི་གཟབ་བྱ་སོགས་ཀྱི་ཤེས་བྱ་དང་རྩལ་ནུས་སློབ་ཁྲིད་བྱས་རྗེས། སྐྱེ་ཁམས་ཤེས་བྱ་ཁོང་དུ་ཆུད་པའི་འབྲོག་པ་ཚོས་རྒྱལ་ཁབ་ཕྱི་ནང་ནས་ཡོང་བའི་སྐྱེ་ཁམས་ལྟ་སྐོར་པ་ཁ་ཤས་སྣེ་ལེན་བྱེད་ཆོག་པ་རེད།
        སྐྱེ་ཁམས་སྲུང་སྐྱོབ་སྐོར་གྱི་ཚད་གཞི་རབ་དང་རིམ་པ་བསྲུངས་པའི་གན་རྒྱ་བཞག་རྗེས། སྐྱེ་ཁམས་ལྟ་སྐོར་པ་རྣམས་ཀྱིས་ཡུལ་དངོས་ནས་བརྗིད་ཆགས་མཛེས་སྡུག་གི་གྲོག་རོང་མཛེས་ལྗོངས་ལ་ལྟད་མོར་བལྟས་ཆོག་པར་མ་ཟད་རི་དྭགས་ཀྱི་རྗེས་ཤུལ་ཡང་བཙལ་ཆོག་ལ། གཙང་གསུམ་འབྱུང་ཡུལ་རྒྱལ་ཁབ་སྤྱི་གླིང་གི་སྐྱེ་ཁམས་འགུགས་ཤུགས་ལ་རོལ་མྱོང་ཡང་བྱེད་ཆོག་པ་རེད། གནས་མདོ་སྡེ་བའི་འབྲོག་པ་ཚོས་བཟའ་བཏུང་དང་མགྲོན་ཁང་དང་སྣེ་ཤན་པ་སོགས་ཀྱི་ཞབས་ཞུ་བསྒྲུབས་ནས་ཡོང་སྒོ་བཙལ་བཞིན་ཡོད།
        རི་སྔོ་ཆུ་དྭངས་ཡོད་ལ་གསེར་རི་དངུལ་རིའང་ཡོད་པའི་འབྲོག་པ་ཚོས་འཚོ་བ་སྐྱིད་པོ་རོལ་བཞིན་ཡོད།
        “སྐྱེ་ཁམས+རིག་གནས་ཡུལ་སྐོར”གྱིས་མཚོ་སྔོན་གྱི་སྐྱེ་ཁམས་ཡུལ་སྐོར་ལ་ཚོན་མདངས་རྣམ་པར་བཀྲ་རུ་བཅུག་པ་དང་། ཐུན་མོང་མ་ཡིན་པའི་རིག་གནས་ཚོང་རྟགས་གྲགས་ཅན་གྱི་འགུགས་ཤུགས་ལྡན་དུ་བཅུག་ཡོད། རེབ་གོང་རིག་གནས་སྐྱེ་ཁམས་སྲུང་སྐྱོབ་ཁུལ་དང་གེ་སར་རིག་གནས(མགོ་ལོག)། བོད་ཀྱི་རིག་གནས(ཡུས་ཧྲུའུ)སྐྱེ་ཁམས་སྲུང་སྐྱོབ་ཚོད་ལྟ་ཁུལ་བཅས་ཀྱི་ཚོང་རྟགས་གྲགས་ཅན་གྱི་ཤུགས་རྐྱེན་ནུས་པ་འབུར་དུ་ཐོན་ཡོད།
        དེ་ལས་གཞན། “མཚོ་སྔོན་ཉོ་ཚོང་ངོ་འཕྲད་གྲོས་མོལ་ཚོགས་འདུ”དང“མཚོ་བསྐོར་ལྕགས་རྟ་འགྲན་སྡུར”“རིག་གནས་ཡུལ་སྐོར་དུས་ཆེན”“སྐྱེ་ཁམས་བཤམས་སྟོན་འདུ་ཚོགས”སོགས་ཀྱི་དུས་ཆེན་དང་འདུ་ཚོགས། འགྲན་སྡུར་སོགས་ལ་བརྟེན་ནས་མཚོ་སྔོན་གྱི་སྐྱེ་ཁམས་ཡུལ་སྐོར་གྱི་རྒྱལ་སྤྱིའི་བརྒྱུད་སྒྲོག་གི་ཤུགས་རྐྱེན་དང་ཡུལ་ཁོངས་རིག་གནས་ཀྱི་འགུགས་ཤུགས་དང་། སྐྱེ་ཁམས་སྣང་བརྙན་གྱི་མཉམ་འདྲེས་ནུས་པ་བཅས་ཉིན་རེ་བཞིན་ཇེ་དྲག་ཏུ་གྱུར།
        དུས་མཚུངས་སུ། རྒྱལ་ནང་གི་ཡུལ་ཁོངས་མཉམ་སྒུལ་ལ་མགྱོགས་པོར་སྐུལ་འདེད་བཏང་བ་དང་། ཞིང་ཆེན་ཕྱི་ནང་གི་སྐྱེ་ཁམས་ཡུལ་སྐོར་ཚོང་ཁྲོམ་གྱི་སྒུལ་རེས་སྤེལ་རེས་ལ་ཤུགས་བསྣན་ནས། སྐྱེ་ཁམས་ཡུལ་སྐོར་ཚོང་ཁྲོམ་གྱི་ཚོང་གཉེར་དང་ཐོན་རྫས་མཉམ་དུ་གསར་གཏོད། ཁོར་ཡུག་སྲུང་སྐྱོབ་སོགས་ཀྱི་བྱ་འགུལ་མཉམ་དུ་སྤེལ་བ་དང་། ཡུལ་ཁོངས་ཀྱི་སྐྱེ་ཁམས་ཡུལ་སྐོར་གྱི་མཐུན་སྦྱོར་འཕེལ་རྒྱས་ལ་སྐུལ་འདེད་བཏང་སྟེ། ཀྲུང་གོ་ནུབ་རྒྱུད་ས་ཁུལ་གྱི་སྐྱེ་ཁམས་ཡུལ་སྐོར་སྡུད་འགྲེམ་ལྟེ་གནས་གཙོ་བོ་བསྐྲུན།
        སྐྱེ་ཁམས་ཀྱིས་རིག་གནས་དང་ཡུལ་སྐོར་ལ“ལྗང་མདོག”བསྩལ་བ།
        “ང་ཚོའི་ཕ་ཡུལ་གཙང་གསུམ་འབྱུང་ཡུལ་དུ་ཡོད། ཡུལ་འདི་ནི་འབྲི་ཆུའི་མགོ་ཁུངས་ཡིན་པས། ང་ཚོ་གཙང་གསུམ་འབྱུང་ཡུལ་ལ་དགའ་དགོས་ལ་གཙང་གསུམ་འབྱུང་ཡུལ་བསྲུང་དགོས། ང་ཚོས་སྐྱེ་ཁམས་ཀྱི་ཆུའི་འབྱུང་ཡུལ་བསྲུང་དགོས།”ཞེས་ཡུས་ཧྲུའུ་བོད་རིགས་རང་སྐྱོང་ཁུལ་འབྲི་སྟོད་རྫོང་སྐྱིད་དགའ་སློབ་ཆུང་གི་ནང་དུ“གཙང་གསུམ་འབྱུང་ཡུལ་རྒྱལ་ཁབ་སྤྱི་གླིང་ཁུལ་ན་གཞོན་ལོ་ཆུང་གི་སྐྱེ་ཁམས་ཀུན་སྤྱོད་སློབ་གསོ་རྟེན་གཞི”ཞེས་པའི་སྒོ་བྱང་བཀལ་ཡོད་པའི་སློབ་ཁང་ཞིག་གི་ནང་དུ་གོང་གི་སྐད་ཆ་འདི་ཀུན་གྱིས་མཐོང་སླ་བའི་གནས་སུ་བྲིས་འདུག་ལ། སློབ་ཁང་ནང་རོལ་གྱི་ལྗང་མདོག་གི་གྱང་ངོས་མཐོང་རྗེས་མི་རྣམས་ལ་གཙང་ཞིང་གསལ་ལ་རང་བྱུང་གི་སྣང་བ་ཞིག་སྦྱིན་ཡོང་།
        འབྲི་སྟོད་རྫོང་སྐྱིད་དགའ་སློབ་ཆུང་ནི2016ལོའི་ཟླ5པར“ལྗང་མདོག་གི་འབྱུང་གནས”ཏེ་གཙང་གསུམ་འབྱུང་ཡུལ་སྤྱི་གླིང་ཁུལ་ན་གཞོན་ལོ་ཆུང་གི་སྐྱེ་ཁམས་སློབ་གསོའི་ཚོད་ལྟ་བྱེད་གནས་སུ་གྱུར། 2018ལོའི་ཟླ3པ་ནས་བཟུང་། ཁོར་ཡུག་སྲུང་སྐྱོབ་ཀྱི་སློབ་ཐུན་དངོས་སུ་སྐྱིད་དགའ་སློབ་ཆུང་གི་བསླབ་ཚན་རེའུ་མིག་ནང་དུ་བཞག
        བྱིས་པ་རྣམས་ལ་སྐྱེ་ཁམས་སློབ་གསོ་སྔར་ལས་ལེགས་པོར་དང་ལེན་བྱེད་དུ་འཇུག་ཆེད། སློབ་གྲྭས་ད་རུང་གཙང་གསུམ་འབྱུང་ཡུལ་རྒྱལ་ཁབ་སྤྱི་གླིང་གི་ལས་གཉེར་པ་དང་གཙང་གསུམ་འབྱུང་ཡུལ་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོབ་མཐུན་ཚོགས་ཀྱི་ཁོར་སྲུང་པ་གདན་དྲངས་ནས་སློབ་གྲོགས་རྣམས་ལ་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོབ་ཀྱི་སློབ་ཁྲིད་བྱེད་དུ་བཅུག དུས་མཚུངས་སུ། མ་དཔེ་འཚོལ་སྡུད་དང་སྐྱེ་ཁམས་ལྟ་ཞིབ་ཚད་ལེན་སོགས་ཕྱི་ཡུལ་གྱི་རྣམ་པས་བྱིས་པ་རྣམས་ལ་རང་བྱུང་ཁམས་ལ་བཀུར་ཞིང་སྐྲག་པའི་སེམས་པ་སྐྱེས་སུ་འཇུག་པ་དང་། སློབ་མ་རྣམས་ཀྱིས་རི་མོ་དང་ཡིག་གཟུགས་འབྲི་བ། པར་ལེན་པ་སོགས་ཀྱི་བྱ་འགུལ་བརྒྱུད་ནས་ཕ་ཡུལ་ལ་དགའ་བའི་སེམས་པ་མཚོན་དུ་འཇུག་བཞིན་ཡོད།
        རྒྱལ་སྤྱིའི་སྐྱེ་ཁམས་ཡུལ་སྐོར་བྱ་ཡུལ་བསྐྲུན་པ་ནི་མཚོ་སྔོན་གྱིས་ལྗང་མདོག་འཕེལ་རྒྱས་ཀྱི་འདུ་ཤེས་བརྟན་པོར་འཆང་བའི་སེམས་འགུལ་ཐེབས་པའི་ལག་ལེན་ཡིན། མཚོ་སྔོན་གྱིས་རྒྱལ་ཁབ་སྤྱི་གླིང་གཙོ་བོར་བརྩིས་པའི་རང་བྱུང་སྲུང་སྐྱོབ་ཁུལ་སྣ་ཚོགས་དང་སྐྱེ་ཁམས་ཡུལ་སྐོར་ལྗོངས་ཁུལ་གཙོ་བོའི་ཚན་རྩལ་ཁྱབ་གདལ་སློབ་གསོའི་བསྟི་གནས་དང་སྐྱེ་ཁམས་རིག་གནས་ཉམས་ལེན་རྟེན་གཞི་འཛུགས་སྐྲུན་བྱེད་པའི་ཁྲོད་དུ། སྐྱེ་ཁམས་ཀྱི་རྣམ་པ་དང་སྒུལ་རེས་ཀྱི་ཉམས་ལེན། དེང་རབས་ཚན་རྩལ་གྱི་བྱེད་ཐབས་སོགས་བེད་སྤྱད་ནས་ཡུལ་སྐོར་པ་རྣམས་ལ་སྐྱེ་ཁམས་ཁོར་ཡུག་ཚན་རྩལ་གྱི་ཤེས་བྱ་ཁྱབ་གདལ་དུ་བཏང་། རིག་གནས་ཐེག་བྱད་བྱེད་པ་དང་རིག་གནས་ཀྱིས་བརྒྱུད་སྒྲོག་བྱེད་པ། རིག་གནས་ཀྱིས་མིར་སློབ་གསོ་གཏོང་བ་བཅས་རྒྱུན་འཁྱོངས་བྱས་ཏེ། ཡུལ་སྐོར་པར་རིག་གནས་ཀྱི་ཤུགས་རྐྱེན་ཐེབས་སུ་འཇུག་པ་དང་།སྐྱེ་ཁམས་ལ་ཉམས་ལེན་བྱེད་པའི་ཁྲོད་ནས་སྐྱེ་ཁམས་དཔལ་ཡོན་གྱི་འདུ་ཤེས་ཇེ་མཐོར་གཏོང་བ་དང་ཁོར་ཡུག་སྲུང་སྐྱོབ་ཀྱི་རེ་འདུན་ཇེ་དྲག་ཏུ་གཏོང་བཞིན་ཡོད།
        སྐྱེ་ཁམས་ལ་བརྟེན་ནས་སྤུས་ལེགས་ཡུལ་སྐོར་བསྐྲུན་པ་དང་ཡུལ་སྐོར་ལ་བརྟེན་ནས་སྐྱེ་ཁམས་ཀྱི་རིན་ཐང་མངོན་པ་རྒྱུན་འཁྱོངས་བྱས་ཏེ། རི་སྔོ་ཆུ་དྭངས་ནི་གསེར་རི་དངུལ་རི་ཡིན་པའི་འདུ་ཤེས་ཆགས་སུ་འཇུག་པ་དང་། སྐྱེ་ཁམས་བདེ་འཇགས་ལ་སྲུང་སྐྱོབ་བྱེད་པ་དང་གཙང་གསུམ་འབྱུང་ཡུལ་ལ་སྲུང་སྐྱོབ་བྱེད་པ། “ཀྲུང་ཧྭའི་ཆུ་ལྕོག”ལ་སྲུང་སྐྱོབ་བྱེད་པ་བཅས་ཀྱི་འགན་འཁྲི་ལྗིད་མོ་ལེགས་པོར་འཁུར།
        རྨ་ཙོང་རིག་གནས་དང་རྫོང་རུ་རིག་གནས། མ་ཅཱ་རིག་གནས། དར་གོས་ཚོང་ལམ་གྱི་མཚོ་སྔོན་ལམ་མཚམས་སོགས་ཀྱི་རིག་གནས་རྗེས་ཤུལ་དང་ལོ་རྒྱུས་རྗེས་ཤུལ་གཙོ་བོར་སྲུང་སྐྱོབ་ལེགས་པོ་བྱེད་པ་དང་། གཟུགས་འདས་ཤུལ་བཞག་རིག་གནས་ལྗོངས་ཁུལ་དུ་བསྐྱོད་པ་དང་སྲོལ་རྒྱུན་རིག་གནས་འཁྲབ་སྟོན་དང་བཤམས་སྟོན་བྱེད་པ། རིག་གནས་གསར་སྐྲུན་ཐོན་རྫས་ཞིབ་འཇུག་དང་གསར་སྤེལ་བྱེད་པ་སོགས་ཀྱི་བྱེད་ཐབས་བརྒྱུད་དེ། ཕུལ་བྱུང་སྲོལ་རྒྱུན་རིག་གནས་རྒྱུན་འཛིན་དང་དར་སྤེལ་བྱས།
        མཚོ་སྔོན་དུ་ལྟ་བས་ཆོག་མི་ཤེས་པའི་ཡུལ་ལྗོངས་ཡག་པོ་ཡོད་ལ། སོང་ན་ཚར་རྒྱུ་མེད་པའི་ལམ་ཐག་ཡོད་པས། མཚོ་སྔོན་ནས་གོམ་པ་ལྷོད་ཀྱིས་སྤོས་ཏེ། དྭངས་གཙང་གི་དག་ཞིང་འདི་ལ་རོལ་མྱོང་བྱོས་དང་། ཁྱོད་ཚོའི་སེམས་ནས་སྨོན་པའི་སྙན་ངག་དང་རྒྱང་རིང་དེའང་གནས་འདི་རུ་ཡོད་དོ། །

39.7K

ཐག་རག་ཡིག་བསྒྱུར་མ་ལག

དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1