གཙོ་ངོས།>> སྐྱེ་ཁམས།>>ཤེས་བྱ།

རྩོམ་སྒྲིག་པ།ཚེ་དཔལ། ཡོང་ཁུངས།མཚོ་སྔོན་བོད་ཡིག་གསར་འགྱུར། སྤེལ་དུས། ༢༠༢༡ལོའི་ཟླ་བ་༠༨ཚེས་༣༡ཉིན།

༄༅། །རྩྭ་ཐང་གི་སྐྱེ་ཁམས་སློབ་ཁྲིད།

        ཡུས་ཧྲུའུ་བོད་རིགས་རང་སྐྱོང་ཁུལ་འབྲི་སྟོད་རྫོང་རྒྱལ་རྗེ་སྤོ་ལོ་གྲོང་རྡལ་སྐྱིད་དགའ་སློབ་ཆུང་ལ་སློབ་གྲྭའི་སྒྲིག་སྲོལ་ཞིག་ཡོད་དེ། གཟའ་འཁོར་རེར་ཁོར་སྲུང་སློབ་ཁྲིད་བཙུགས་ཏེ། བྱིས་པ་ཚོར་ཡང་དག་པའི་ཁོར་སྲུང་འདུ་ཤེས་འཛུགས་པར་སློབ་གསོ་བཏང་བ་དང་། ཁོར་ཡུག་སྲུང་སྐྱོབ་ཀྱི་གོམས་སྲོལ་ཡག་པོ་ལོབས་སུ་བཅུག་ལ། སློབ་གྲྭ་ཡོངས་ཀྱི་ལོ་རིམ་གསུམ་པ་ཡན་གྱི་སློབ་མ་ཚང་མ་སློབ་ཁྲིད་དེར་ཞུགས་དགོས།
        སྐྱིད་དགའ་སློབ་ཆུང་ནི་གྲོང་རྡལ་དུ་གཏོགས་པའི་ཉིན་ཧྲིལ་པོའི་ལམ་ལུགས་ཀྱི་བཅའ་སྡོད་སློབ་ཆུང་ཞིག་ཡིན་ལ། སློབ་མའི་ཡོང་ཁུངས་གཙོ་བོ་ནི་འབྲི་སྟོད་རྫོང་གི་ཞང་ལྔ་དང་གྲོང་རྡལ་གཅིག་གི་འབྲོག་པའི་བུ་ཕྲུག་རྣམས་རེད། གནས་དེ་ནི“ལྗང་མདོག་འབྱུང་གནས”ཏེ་གཙང་གསུམ་འབྱུང་ཡུལ་རྒྱལ་ཁབ་སྤྱི་གླིང་ཁུལ་ལོ་ཆུང་གཞོན་ནུའི་སྐྱེ་ཁམས་ཀུན་སྤྱོད་སློབ་གསོའི་ལས་གཞིའི་རྟེན་གཞི་རེད།
        “ང་ཚོའི་ཕ་ཡུལ་ནི་གཙང་གསུམ་འབྱུང་ཡུལ་དུ་ཡོད། འདི་ནི་འབྲི་ཆུའི་མགོ་ཁུངས་ཡིན་ཞིང་། ང་ཚོས་གཙང་གསུམ་འབྱུང་ཡུལ་ལ་དགའ་ཞེན་དང་། གཙང་གསུམ་འབྱུང་ཡུལ་ལ་སྲུང་སྐྱོབ་བྱ་དགོས་ལ། ང་ཚོས་སྐྱེ་ཁམས་ཀྱི་ཆུ་མགོར་ལྟ་སྲུང་བྱ་དགོས།” ཟླ7པར། སྐྱིད་དགའ་སློབ་ཆུང་གི་གཙང་གསུམ་འབྱུང་ཡུལ་རྒྱལ་ཁབ་སྤྱི་གླིང་ཁུལ་ལོ་ཆུང་གཞོན་ནུའི་སྐྱེ་ཁམས་ཀུན་སྤྱོད་སློབ་གསོ་རྟེན་གཞི་རུ་སོང་པ་ན། སློབ་ཁང་ནང་གི་ཁ་དོག་ལྗང་སྐྱ་ཡིན་པའི་གྱང་ལྡེབས་ཀྱིས་མི་རྣམས་ལ་གསར་སྣང་དང་རང་བྱུང་གི་ཚོར་བ་མྱོང་དུ་འཇུག གསར་འགོད་པ་དང་སློབ་མ་རྣམས་མཉམ་དུ་གསོན་ཉམས་ལྡན་པའི་ཁོར་སྲུང་སློབ་ཁྲིད་ལ་ཞུགས།
        ཁོར་སྲུང་སློབ་ཁྲིད་ཀྱི་དགེ་རྒན་ནོར་བུ་དྲི་མེད་ཀྱིས་ངོ་སྤྲོད་བྱས་དོན། གཙང་གསུམ་འབྱུང་ཡུལ་རྒྱལ་ཁབ་སྤྱི་གླིང་ཁུལ་གྱི་ལོ་ཆུང་གཞོན་ནུ་རྣམས་ཀྱི་སྐྱེ་ཁམས་ཀུན་སྤྱོད་སློབ་གསོར་སྔར་ལས་ཤུགས་སྣོན་དང་། ཁོ་ཚོར་ཆུང་དུས་ནས“ཆུ་དྭངས་རི་སྔོ་ནི་གསེར་རི་དངུལ་རི་ཡིན་པ”ཡི་འདུ་ཤེས་སྐྱེ་རུ་འཇུག་ཆེད། 2016ལོའི་ཟླ5པ་ནས་བཟུང་སྟེ། སྐྱིད་དགའ་སློབ་ཆུང་གིས་མཚོ་སྔོན་ཞིང་ཆེན་གཙང་གསུམ་འབྱུང་ཡུལ་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོབ་མཐུན་ཚོགས་དང་། ཧྲང་ཧའེ་རུའོ་ཧྲུའེ་རུ་ཁག་བཅས་ཕྱོགས་གསུམ་མཉམ་ལས་བྱས་ཏེ། “ལྗང་མདོག་འབྱུང་གནས”ཀྱི་བྱ་འགུལ་རབ་དང་རིམ་པ་སྤེལ་ཞིང་། “གཙང་གསུམ་འབྱུང་ཡུལ་རྒྱལ་ཁབ་སྤྱི་གླིང་ཁུལ་ལོ་ཆུང་གཞོན་ནུའི་སྐྱེ་ཁམས་སློབ་གསོ་ལས་གཞི”བཙུགས་པ་དང་། སློབ་མ་ཆུང་ཆུང་རྣམས་ལ་ཆུང་དུས་ནས་ཁོར་སྲུང་ལ་བསམ་བློ་གཏོང་བར་ཧུར་ཐག་གིས་ཁྲིད་སྟོན་བྱས་ལ། ཆུང་དུས་ནས་ཁོར་སྲུང་ལག་ལེན་བྱེད་དུ་བཅུག་སྟེ། ཁོར་ཡུག་སྲུང་སྐྱོབ་རང་ཉིད་ནས་མགོ་རྩོམ་པའི་འདུ་ཤེས་གསོ་སྐྱོང་བྱས།
        ནོར་བུ་དྲི་མེད་ཀྱིས་བཤད་རྒྱུར། “ང་ནི་འབྲི་སྟོད་རྫོང་ཟོ་སྐྱ་ཞང་ནས་ཡོང་བ་ཡིན་ལ། དེ་ནི་རྗེ་བཟང་བསོད་ནམས་དར་རྒྱས་ཀྱི་ཕ་ཡུལ་ཡིན་ཞིང་། ངའི་སེམས་སུ་ཁོང་གིས་ཁོར་སྲུང་ལས་དོན་ལ་སྐུལ་འདེད་བཏང་ཡོད་པ་དང་། ང་རང་ད་ལྟ་དེའི་ཁྲོད་དུ་ཞུགས་ཐུབ་ཅིང་། བྱིས་པ་ཚོ་ཁྲིད་དེ་མཉམ་དུ་ཁོར་ཡུག་ལ་རྒྱུས་ལོན་བྱེད་པ། ཁོར་ཡུག་སྲུང་སྐྱོབ་བྱེད་པ་བཅས་ནི་དགའ་ཞེན་ཞིག་དང་འགན་འཁྲི་ཞིག་ཀྱང་ཡིན།”
        བུ་ཕྲུག་ཚོར་སྔར་ལས་བཟང་བའི་སྐྱེ་ཁམས་སློབ་གསོ་མྱོང་དུ་འཇུག་ཆེད། སློབ་གྲྭས་ད་དུང་གཙང་གསུམ་འབྱུང་ཡུལ་རྒྱལ་ཁབ་སྤྱི་གླིང་གི་ལས་བྱེད་མི་སྣ་ཚོ་དང་གཙང་གསུམ་འབྱུང་ཡུལ་སྐྱེ་ཁམས་ཁོར་སྲུང་མཐུན་ཚོགས་ཀྱི་ཁོར་སྲུང་བ་སློབ་གྲྭར་གདན་ཞུ་བྱས་ཏེ་སློབ་གྲོགས་ཚོར་སྐྱེ་ཁམས་ཁོར་སྲུང་སྐོར་གྱི་སློབ་ཁྲིད་བྱེད་དུ་བཅུག་ཡོད།
        ལོ་རིམ་ལྔ་པའི་སློབ་མ་ལྷ་མོ་སྒྲོལ་མས་བཤད་རྒྱུར། “ང་ཚོ་ཚང་མ་སྐྱེ་ཁམས་སློབ་ཁྲིད་ལ་དགའ། ངས་ད་ལྟ་འབྲི་ཆུའི་མགོ་ཁུངས་ནི་རང་གི་ཕ་ཡུལ་ཡིན་པ་ཤེས། སྲོག་ཆགས་གང་དག་ལ་སྲུང་སྐྱོབ་བྱེད་དགོས་པ་ཤེས། དབྱར་ཁར་དགེ་རྒན་གྱིས་ང་ཚོ་ཁྲིད་དེ་ཕྱི་རོལ་ཏུ་སོང་ནས་རྩི་ཤིང་ལ་ལྟ་ཞིབ་བྱེད་དུ་འཇུག་ལ། དེའི་རྗེས་སུ་ང་ཚོར་རི་མོ་འབྲི་རུ་འཇུག་པ་རེད།”
        ཁོར་སྲུང་སློབ་ཁྲིད་བྱས་པ་ནས་བཟུང་། སློབ་གྲྭ་ཡོངས་ཀྱི་སློབ་མ80%ཡིས་རྫོང་མཁར་ཉེ་འཁོར་དང་རང་ཁྱིམ་གྱི་རྩྭ་སའི་ཉེ་འཁོར་གྱི་རི་ཆུའི་མིང་ཤེས་པར་གྱུར། །

39.7K

ཐག་རག་ཡིག་བསྒྱུར་མ་ལག

དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1