གཙོ་ངོས།>> རྩོམ་རིག>>དཔྱད་རྩོམ།

བཀྲ་བྷ། རྩོམ་སྒྲིག་པ།ཚེ་དཔལ། ཡོང་ཁུངས།ཀྲུང་གོའི་བོད་རིག་པ། སྤེལ་དུས། ༢༠༢༡ལོའི་ཟླ་བ་༠༩ཚེས་༡༦ཉིན།

༄༅།། བྱུང་རིམ་ལ་གཞིགས་ཏེ་གཏམ་རྒྱུད་དང་སྒྲུང་གཏམ་གྱི་རྩ་བའི་ཁྱད་པར་ལ་དཔྱད་པ།


[ནང་དོན་གནད་བསྡུས།] གཏམ་རྒྱུད་དང་སྒྲུང་གཏམ་གཉིས་ཀ་བྱུང་རིམ་དང་འབྲལ་ཐབས་མེད་མོད། འོན་ཀྱང་བྱུང་རིམ་འདྲེན་པའི་དམིགས་ཡུལ་དང་བྱུང་རིམ་འདྲེན་ལུགས་ནི་མི་འདྲ་སྟེ། གཏམ་རྒྱུད་ཀྱི་བྱུང་རིམ་ནི་གོ་རིམ་ཅན་གྱི་དོན་དག་ཆ་ཚང་བ་ཞིག་སྟོན་པ་དང་དོན་དག་གི་རྒྱབ་རོལ་ལ་གནས་ལུགས་ཤིག་གབ་ནས་སྟོན་ཆེད་ཡིན་ལ། སྒྲུང་གཏམ་གྱི་བྱུང་རིམ་ནི་མི་སྣའི་སྣང་བརྙན་གསར་སློང་བྱེད་པ་དང་མི་སྣའི་ལས་དབང་གི་རྒྱབ་རོལ་ལ་གནས་ལུགས་ཤིག་གབ་ནས་སྟོན་ཆེད་དྲངས་པར་འདོད། བྱུང་རིམ་འདྲེན་ལུགས་ཐད་ཀྱི་ཁྱད་པར་བརྗོད་ན། གཏམ་རྒྱུད་ཀྱི་བྱུང་རིམ་ནི་དུས་ཚོད་ཀྱི་གོ་རིམ་ལྟར་དྲངས་ཡོད་པ་དང་།བྱུང་རིམ་འདྲེན་སྐབས་སྤྲོས་བརྗོད་ལ་བརྟེན་ནས་གནས་ཚུལ་བསྟན་ཡོད་ལ། སྒྲུང་གཏམ་གྱི་བྱུང་རིམ་ནི་གཏན་ཚིགས་ཀྱི་འབྲེལ་བར་བརྟེན་ནས་ལྷན་དུ་བསྡེབས་ཡོད་པ་དང་། བྱུང་རིམ་འདྲེན་སྐབས་བཀོད་འབྲི་བརྒྱུད་ནས་རྣམ་པ་བསྟན་འདུག་པར་འདོད།
[གནད་ཚིག] གཏམ་རྒྱུད། སྒྲུང་གཏམ། བྱུང་རིམ། དམིགས་ཡུལ། འདྲེན་ལུགས།
[ཀྲུང་གོའི་དཔེ་དེབ་དབྱེ་རྟགས།] I207.9 [ཡིག་ཆའི་མཚོན་རྟགས།] A [རྩོམ་ཡིག་ཨང་རྟགས།]  1002-9060-2021-01-0122-10
          དོན་གྱི་བྱུང་བ་བརྗོད་པའི་བརྩམས་ཆོས་ཤིག་ཡིན་ན། དེ་ལས་ཅི་ཞིག་བྱུང་བའམ་ཇི་ལྟར་འགྱུར་བའི་གོ་རིམ་གསལ་བའི་དོན་དག་བྱེ་བྲག་པ་དུ་མ་ལྷན་དུ་བསྡེབས་ཏེ་བརྗོད་སྙིང་ངེས་གཏན་ཅན་ཞིག་སྟོན་བཞིན་ཡོད་པ་དང་། བྱུང་རིམ་ཞེས་པ་ནི་དོན་གྱི་བྱུང་བ་བརྗོད་པའི་བརྩམས་ཆོས་ལས་བསྟན་པའི་དོན་དག་བྱེ་བྲག་པ་རྣམས་ལ་གོ་དགོས་ལ། གཏམ་རྒྱུད་དང་སྒྲུང་གཏམ་གཉིས་ཀ་ནི་དོན་གྱི་བྱུང་བ་བརྗོད་པའི་བརྩམས་ཆོས་ཀྱི་གྲས་སུ་གཏོགས་པ་ན། དེ་གཉིས་ཀར་ཡིད་དབང་འཕྲོག་པའི་བྱུང་རིམ་འབའ་ཞིག་ཡོད་དགོས་མོད། འོན་ཏེ་བྱུང་རིམ་འདྲེན་པའི་དམིགས་ཡུལ་དང་བྱུང་རིམ་འདྲེན་ལུགས་མི་གཅིག་པར་སོ་སོ་བ་ཡིན་པས། གནད་འདི་དམིགས་སུ་བཟུང་སྟེ་དཔྱད་ན་ཟུར་ངེས་ཅན་ཞིག་ནས་གཏམ་རྒྱུད་དང་སྒྲུང་གཏམ་གཉིས་ཀའི་ཁྱད་པར་རྟོགས་ཐུབ་པར་འདོད།
          གཅིག བྱུང་རིམ་འདྲེན་པའི་དམིགས་ཡུལ།
          གཏམ་རྒྱུད་དང་སྒྲུང་གཏམ་གཉིས་ལ་མཚོན་ན།བརྩམས་ཆོས་སུ་བྱུང་རིམ་འདྲེན་པའི་དམིགས་ཡུལ་ནི་མི་འདྲ་བར་སོ་སོ་བ་ཡིན་ཏེ། གཅིག་ཏུ་ན་གཏམ་རྒྱུད་སྒྲིག་པའི་དམིགས་ཡུལ་ནི་དོན་དག་རིལ་པོ་ཞིག་སྟོན་རྒྱུ་དེ་ཡིན་པས། གཏམ་རྒྱུད་ཀྱི་དོན་དག་མགོ་མཇུག་བར་གསུམ་ཚང་བ་ཞིག་ནི་ཅིས་ཀྱང་སྟོན་དགོས་པས། བྱུང་རིམ་ནི་དོན་དག་རྫོགས་པར་སྟོན་པའི་དགོས་མཁོ་དང་བསྟུན་ཏེ་འདྲེན་བཞིན་ཡོད་པ་དང་། གཉིས་སུ་ན་གཏམ་རྒྱུད་ལས་དོན་དག་རིལ་པོ་ཞིག་གི་རྒྱབ་རོལ་དུ་གནས་ལུགས་ཤིག་གབ་ནས་སྟོན་བཞིན་ཡོད་པ་ན། བྱུང་རིམ་ནི་དོན་དག་ཅི་ཞིག་ལ་བརྟེན་ནས་གནས་ལུགས་གང་ཞིག་གབ་ནས་སྟོན་པའི་དགོས་མཁོ་དང་བསྟུན་ཏེ་འདྲེན་དགོས་བྱུང་བ་ཡིན་ལ། འོན་ཏེ་སྒྲུང་གཏམ་གསར་རྩོམ་གྱི་དམིགས་ཡུལ་ནི་མི་སྣའི་སྣང་བརྙན་གསར་སློང་བྱེད་པའམ་མི་གཤིས་ཀྱི་དགེ་སྡིག་གི་ཆ་དེ་གཟུགས་རིས་གསལ་བའི་སྒོ་ནས་སྟོན་རྒྱུ་དེ་ཡིན་པ་ན། མི་སྣའི་སྣང་བརྙན་ནམ་མི་གཤིས་གང་དེ་གཟུགས་རིས་ལྡན་པའི་ངང་ནས་སྟོན་ཐུབ་པའི་བྱུང་རིམ་ཆ་ཚང་ཞིག་ཅིས་ཀྱང་འདྲེན་དགོས་བྱུང་།
          ཀ དོན་དག་ཆ་ཚང་དང་བྱུང་རིམ་ཆ་ཚང་། 
          གཏམ་རྒྱུད་གང་ཞིག་ཡིན་རུང་དེ་ལས་སྔ་ཕྱིའི་གོ་རིམ་གསལ་བའི་བྱུང་རིམ་འབའ་ཞིག་ཕྲེང་བར་བསྒྲིགས་ཏེ་དོན་དག་མགོ་རྔ་ཅན་ཞིག་གོ་རིམ་གསལ་བའི་སྒོ་ནས་སྟོན་བཞིན་ཡོད་ལ། དོན་དག་མགོ་རྔ་ཅན་གང་དེ་གོ་རིམ་གསལ་བ་དང་། མིའི་བློ་ངོར་འབབ་སླ་ཞིང་འཛིན་བདེ་བའི་སྒོ་ནས་སྟོན་ཆེད། གཏམ་རྒྱུད་ཀུན་གྱི་བྱུང་རིམ་ནི་དོན་དག་གང་ཞིག་ཐོག་མར་ཇི་ལྟར་བྱུང་བ་དང་། བར་དུ་ཇི་ལྟར་འགྱུར་བ་དང་གལ་འགག་ག་འདྲར་སླེབས་པ། མཇུག་འབྲས་ཅི་ཞིག་སྨིན་པ་སོགས་ལེགས་པར་སྟོན་པའི་དགོས་མཁོ་དང་བསྟུན་ནས་དྲངས་ཡོད་དེ། དཔེར་ན་《མི་རོ་རྩེ་སྒྲུང་》ཁྲོད་ཀྱི་《མོ་སྟོན་ཕག་མགོ་》ཞེས་པའི་གཏམ་རྒྱུད་ལ་ཆ་མཚོན་ན།གཏམ་རྒྱུད་དེ་ཉིད་སྒྲིག་མཁན་གྱིས་“ལས་ཀ་གཅིག་ཀྱང་ལས་མི་ཤེས་པས། ཆུང་མ་ཁོ་ནར་བརྟེན་ནས་ཁྱི་ལྟར་ཟ་ཞིང་ཕག་ལྟར་ཉལ་ནས་” ①སྡོད་པའི་སྐྱེས་པ་ལེ་ལོ་ཅན་ཞིག་མི་མངོན་ཤེས་ཅན་ལ་བརྫུས་ནས་མི་རྣམས་ལ་མགོ་གཡོགས་མགོ་སྐོར་བཏང་བའི་དོན་དག་དེ་གོ་རིམ་གསལ་བའི་སྒོ་ནས་སྟོན་ཆེད། 《མོ་སྟོན་ཕག་མགོ་》ཞེས་པར་ཐོག་མར་མི་ལེ་ལོ་ཅན་གྱིས་གྲོད་རྙེད་པའི་བྱུང་རིམ་དེ་དྲངས་ནས་དོན་དག་ཐོག་མར་ཇི་ལྟར་བྱུང་བ་བསྟན་པ་དང་། དེའི་རྗེས་སུ་མི་ལེ་ལོ་ཅན་དེ་རི་དྭགས་རྔོན་པར་ཕྱིན་པའི་བྱུང་རིམ་དྲངས་ཏེ་དོན་དག་གང་དེར་བར་དུ་ཇི་ལྟར་འགྱུར་བ་བསྟན་པ་དང་། ཡང་དེའི་རྗེས་སུ་རྒྱལ་པོའི་བླ་གཡུ་བཙལ་བ་དང་། རྒྱལ་པོའི་མཛོད་ཀྱི་དངོས་པོ་བརྐུས་པའི་རྐུན་མ་བརྩད་བཅད་པ་དང་། དཔོན་པོའི་བུ་ནད་ལས་སྒྲོལ་བའི་བྱུང་རིམ་གྱི་སྡེ་ཚན་དེ་རྣམས་རིམ་པ་ལྟར་དྲངས་ཏེ་མི་ལེ་ལོ་ཅན་ཞིག་མངོན་ཤེས་ཅན་ལ་བརྫུས་པའི་དོན་དག་དེ་གལ་འགག་ལ་ཇི་ལྟར་སླེབས་པར་བསྟན་པ་དང་། མཇུག་མཐར་རྔོན་པའི་ཆུང་མར་ལུང་རྫུན་བསྟན་པའི་བྱུང་རིམ་དེ་དྲངས་ནས་མི་ལེ་ལོ་ཅན་ཞིག་མངོན་ཤེས་ཅན་ལ་བརྫུས་པའི་དོན་དག་ལ་མཇུག་འབྲས་ཅི་ཞིག་སྨིན་པར་བསྟན་པ་ན། གཏམ་རྒྱུད་ལ་ཉན་མཁན་དང་གཏམ་རྒྱུད་ཀློག་མཁན་གྱི་སྣང་ངོར་མི་ལེ་ལོ་ཅན་ཞིག་ཐོག་མར་མངོན་ཤེས་ཅན་ལ་གང་ལྟར་བརྫུ་དགོས་བྱུང་བ་དང་། མངོན་ཤེས་ཅན་དུ་བརྫུས་རྗེས་གྲོགས་གང་ལ་འཕྲད་པ་དང་ཕམ་ཁ་ཅི་ཞིག་བྱུང་བའི་དོན་བྱ་དག་རིམ་བཞིན་དུ་གོ་རིམ་ཡོད་པའི་སྒོ་ནས་མངོན་ཡོང་བ་ལྟ་བུ་ཡིན་ཏེ། སྒྲུང་གཏམ་ཕལ་མོ་ཆེར་བྱུང་རིམ་ཆ་ཚང་བ་ཞིག་འདྲེན་དགོས་པ་བདེན་མོད། བྱུང་རིམ་འདྲེན་པའི་དམིགས་ཡུལ་ནི་མི་སྣའི་སྣང་བརྙན་གསར་སློང་བྱེད་པའམ་མི་གཤིས་ཀྱི་དགེ་སྡིག་གི་ཆ་དེ་གཟུགས་རིས་ཅན་དུ་སྒྱུར་བ། བརྩམས་ཆོས་ཀྱི་བརྗོད་སྙིང་ལེགས་པར་སྟོན་པ་དང་བརྗོད་དོན་རྫོགས་པར་སྟོན་པའི་དགོས་མཁོ་དང་བསྟུན་ཏེ་འདྲེན་བཞིན་ཡོད་པ་ན། བྱུང་རིམ་ནི་སིལ་མ་འབའ་ཞིག་དྲངས་ཆོག་པ་དང་། བྱུང་རིམ་སིལ་མ་ཕྲེང་བར་བསྒྲིགས་ན་མགོ་རྔ་ཚང་བའི་དོན་དག་རིལ་པོ་གཅིག་སྟོན་ཐུབ་པའི་ངེས་པའང་གཏན་ནས་མེད་པས། སྒྲུང་གཏམ་གྱི་བྱུང་རིམ་ནི་གཏམ་རྒྱུད་ལྟར་དོན་དག་ཅིག་ཐོག་མར་ཇི་ལྟར་བྱུང་བ་དང་། བར་དུ་ཇི་ལྟར་འགྱུར་བ་དང་གལ་འགག་ག་འདྲར་སླེབས་པ། མཐར་མཇུག་འབྲས་ཅི་ཞིག་སྨིན་པའི་གོ་རིམ་དེ་དམིགས་སུ་བཟུང་ནས་འདྲེན་མི་དགོས་པར་གྱུར། དཔེར་ན་ཁོ་བོའི་སྒྲུང་གཏམ་《གལ་ཏེ་》ཞེས་པ་རུ་གཞོན་ནུ་ལེ་ལོ་ཅན་ཞིག་གི་“གཏམ་རྒྱུད་”བརྗོད་ཡོད་མོད། སྒྲུང་གཏམ་གྱི་བརྗོད་སྙིང་ནི་ཕུགས་སེམས་ཀྱི་ཕམ་ཁ་ཡིན་པ་དང་། གསར་རྩོམ་གྱི་དམིགས་ཡུལ་ནི་ཕུགས་འདུན་ལ་ཕམ་ཁ་བྱུང་བའི་གཞོན་ནུ་ཞིག་གི་སྣང་བརྙན་གསར་སློང་བྱེད་རྒྱུ་དེ་ཡིན་པ་ན། དམིགས་འབེན་དེ་གཉིས་ཀ་ནང་འགལ་མེད་པར་མངོན་པར་སྒྱུར་ཆེད། མི་སྣ་“ཁྱོད་”ཀྱི་མལ་ཁང་དང་། གཞུང་ལས་ཁང་། ལས་ཁུངས་ཕྱི་རོལ་གྱི་སྲང་ལམ་དང་མལ་ཁང་རྣམས་ལ་དམིགས་པ་གཏད་དེ་ཁོར་ཡུག་གི་རྣམ་པ་དང་། མི་སྣའི་སྤྱོད་ལམ་དང་ཡིད་ཀྱི་འཆར་སྒོ་སིལ་མ་རྣམས་གཏན་ཚིགས་ཀྱི་འབྲེལ་བར་བརྟེན་ནས་ལྷན་དུ་བསྡེབས་པ་ན། བྱུང་རིམ་ཆ་ཚང་བའི་སྒྲུང་གཏམ་ཚད་ལྡན་ཞིག་འཁྱོངས་པར་གྱུར་མོད། འོན་ཏེ་《གལ་ཏེ་》ཡི་བྱུང་རིམ་གྱི་སྡེ་ཚན་རྣམས་ནི་ཡུལ་གྱི་རྣམ་པ་དང་མི་སྣའི་ཡིད་ཀྱི་འཆར་སྒོ་གཉིས་ཀ་སིལ་བུར་གཏོར་རྗེས་ལྷན་དུ་བསྡེབས་ནས་དྲངས་ཡོད་པས། དེ་དག་ཕྲེང་བར་བསྒྲིགས་ན་《མོ་སྟོན་ཕག་མགོ་》ལྟར་ཐོག་མར་ཇི་ལྟར་བྱུང་བ་དང་། བར་དུ་ཇི་ལྟར་འགྱུར་བ་དང་གལ་འགག་ག་འདྲར་སླེབས་པ། མཐར་མཇུག་འབྲས་ཅི་ཞིག་སྨིན་པའི་གོ་རིམ་སོགས་ཡོངས་སུ་གསལ་བའི་དོན་དག་རིལ་པོ་ཞིག་སྟོན་མི་ཐུབ་པར་གྱུར་པ་ལྟ་བུའོ། །
          ཁ། དོན་དག་དང་མི་སྣའི་ལས་དབང་གི་རྒྱབ་རོལ་ལ་གབ་པའི་གནས་ལུགས།
          བརྗོད་བྱའི་དོན་གྱི་སྟོན་ལུགས་ལ་གཞིགས་ན་གཏམ་རྒྱུད་ལས་མགོ་མཇུག་ཚང་བའི་དོན་དག་རིལ་པོ་ཞིག་སྟོན་བཞིན་ཡོད་པ་འདྲ་མོད། ཞིབ་ཏུ་དཔྱད་ན་གཏམ་རྒྱུད་ལས་ཡིད་དབང་འཕྲོག་པའི་དོན་དག་རིལ་པོ་ཞིག་སྟོན་བཞིན་ཡོད་པར་མ་ཟད། ཉན་མཁན་ནམ་ཀློག་མཁན་གྱི་བློ་ཁ་དགེ་བའི་ཕྱོགས་སུ་འདྲེན་ཆེད། དོན་དག་རིལ་པོ་རྣམས་ཀྱི་རྒྱབ་རོལ་ལ་གནས་ལུགས་དང་མཐུན་པ་ཞིག་གབ་ནས་སྟོན་བཞིན་ཡོད་པ་ན། དོན་དག་གྲུབ་བྱེད་ཀྱི་བྱུང་རིམ་བྱེ་བྲག་པ་རྣམས་ནི་གབ་ནས་སྟོན་གྲབས་ཡོད་པའི་གནས་ལུགས་དེ་ལ་དམིགས་པ་གཏད་ནས་འདྲེན་བཞིན་ཡོད་པ་འདྲ་སྟེ། དཔེར་ན་《མི་རོ་རྩེ་སྒྲུང་》ཁྲོད་ཀྱི་《ཤིང་བཟོ་ཀུན་དགའ་》ཞེས་པའི་གཏམ་རྒྱུད་ལ་ཆ་མཚོན་ན། བརྗོད་བྱ་ནི་ལྷ་བཟོ་ཀུན་དགའ་དང་ཤིང་བཟོ་ཀུན་དགའ་གཉིས་ཀའི་འཐབ་རྩོད་ཡིན་པ་དང་། བརྗོད་སྙིང་ནི་མིས་བསམ་ངན་བཅངས་མི་རུང་བ་དེ་ཡིན་ལ། གཏམ་རྒྱུད་ལས་འགྲན་རྩོད་ཀྱི་གོ་རིམ་དེ་ཆད་ལྷག་མེད་པར་བརྗོད་དེ་སྟོན་པར་འདོད་པའི་གནས་ལུགས་དེ་གབ་པའི་སྒོ་ནས་མཚོན་ཆེད། མི་སྣ་གཙོ་བོ་གཉིས་ཀའི་འགྲན་རྩོད་ནི་གཏམ་གྱི་ཁུངས་སྣེར་བཟུང་ནས་བྱུང་རིམ་བཀོད་སྒྲིག་བྱས་ཏེ། ཐོག་མར་ཇི་ལྟར་བྱུང་བའི་སྐོར་ནི་“ཡུལ་ཀུན་སྨོན་ཞེས་བྱ་བ་ན། རྒྱལ་པོ་ཀུན་སྣང་ཞེས་ཟེར་བ་ཡོད་པ་དེ་འདས་ནས། དེའི་བུ་ཀུན་སྐྱོང་ཟེར་བས་རང་གི་ཕ་ཤི་བ་ལ་དགེ་རྩ་རྒྱ་ཆེན་པོ་བྱས་ཏེ། ཨ་ལགས་གདན་དྲངས་ནས་ལྷར་སྐྱེས་པའི་འཕོ་བ་བཏབ། གཤིན་རྩིས་བྱས་པས་ཀྱང་ལྷར་སྐྱེས་པར་ལུང་བསྟན་”ཞེས་པ་ལྟར་བརྗོད་དེ་གཏམ་རྒྱུད་ཀྱི་བྱུང་རིམ་ལ་ཁ་ཕྱོགས་བསྟན་པ་དང་། བར་དུ་ཇི་ལྟར་འགྱུར་བའི་སྐོར་ནི་“ཡུལ་དེར་མི་ཞིག་ཡོད་པས་ཞིང་པ་རྣམས་ལ་ཤིང་ཆས་སྣ་ཚོགས་བཟོས་ནས་འཚོ་བ་ལ། ཞིང་པ་ཀུན་ཁོ་ལ་དགའ་ཞིང་ཤིང་ཆས་བཟོས་པ་ཡང་ཤིན་ཏུ་ལེགས་པས་ཚང་མས་ཁོ་ལ་ཤིང་བཟོ་ཀུན་དགའ་ཞེས་འབོད་པ་”ན། རྒྱལ་པོ་ཀུན་སྐྱོང་གི་ནང་འཁོར་གྱི་གྲས་ལ་གཏོགས་པའི་ལྷ་བཟོ་ཀུན་དགའ་ཞེས་པ་དེས་“ང་རྒྱལ་བོའི་ནང་འཁོར་ཡིན་པས། ཀུན་དགའ་ཞེས་འབོད་འོས་པ་ལ་ཤིང་ཆས་བཟོ་མཁན་ཞིག་ལ་ཀུན་དགའ་ཞེས་བོས་ན་ཆེས་མི་འོས་པ་ཞིག་ཡིན་པར་མ་ཟད། རང་གི་སྙན་གྲགས་ལ་ཡང་གནོད་སྙམ་”སྟེ། “ཤིང་བཟོ་ཀུན་དགའ་མེད་པར་གཏོང་”ཆེད། རང་ཉིད་རྒྱལ་པོ་ཀུན་སྣང་དུ་བརྫུས་ཏེ་རྒྱལ་པོ་ཀུན་སྐྱོང་ལ་“ངེད་དེ་ནས་ཤི་འཕོས་ནས་ལྷར་སྐྱེས་པས་ལོངས་སྤྱོད་ཕུན་སུམ་ཚོགས་པ་ཡོད། སྟོབས་ནི་བསམ་གྱིས་མི་ཁྱབ་པར་སྣང་། འདིར་གཙུག་ལག་ཁང་ཞིག་བཞེངས་པ་ལ་ཤིང་བཟོ་མ་རྙེད་པས། ཁྱེད་ཀྱིས་ཤིང་བཟོ་ཀུན་དགའ་འདིར་རྫོངས་པར་གྱིས་ཤིག ཡར་ལྷ་ཡུལ་ལ་འོང་ལུགས་ལྷ་བཟོ་ཀུན་དགས་བསླབས་པ་ལྟར་གྱིས་ཤིག་”ཅེས་པ་ལྟར་འཕྲིན་ཡིག་ཅིག་བཏང་རྗེས། འཕྲིན་ཡིག་དེ་“རྒྱལ་བོ་འགྲོ་སའི་ལམ་ཁར་དོར་བ་”ཞེས་པ་ལྟར་བརྗོད་པ་དང་། གལ་འགག་ག་འདྲར་སླེབས་པའི་སྐོར་ནི་ལྷ་བཟོས་གཡོ་ཇུས་བཤམས་ཏེ་ལྷ་ཡུལ་ལ་ནི་“ཤིང་གུར་ཆེན་པོ་ཞིག་བཟོས། དེའི་ཕྱི་ནང་ཀུན་ལ་ཏིལ་མར་བྱུགས། ཤིང་བཟོ་ཡོ་བྱད་དང་བཅས་གུར་ནང་ལ་བཞག ཤིང་གུར་ཐོག་ལ་གསོམ་ཤུག་གི་ལོ་མ་བཀབ་ནས་དེ་ལ་མེ་སྦར་ཏེ་ལྷ་བསངས་ཆེན་པོ་ཞིག་བཏང་ནས། རོལ་མོའི་སྒྲ་སྣ་ཚོགས་བསྒྲགས་ན་བསངས་དུད་ལ་ཞོན་ན་”འགྲོ་ནུས་པར་བརྗོད་པ་ན། ཤིང་བཟོ་ཀུན་དགས་“ང་ཤིང་བཟོ་ཡིན་པས་ཤིང་གི་གུར་ཡང་ང་རང་གི་ཁང་བའི་ལྟག་ཏུ་ང་རང་གིས་བཟོས་ཆོག དེ་ལྟར་བྱས་ན་དུས་ཐུང་ཡང་ཉིན་བདུན་གྱི་དུས་ཚོད་དགོས་”ཞེས་བརྗོད་རྗེས། རང་གི་ཁྱིམ་ལ་ཕྱིན་ཏེ་“ཁང་བའི་ནང་ནས་དོང་བྲུས་ཏེ་ཁང་བའི་ལྟག་པའི་ཞིང་དཀྱིལ་ལ་བརྟོལ། ཁུང་ཁ་མི་མངོན་པར་བསུབས་”པ་དང་། “ཁུང་ཁ་བཀབ་ཡོད་ས་དེར་ཤིང་གི་གུར་ཆེན་པོ་ཞིག་བརྩིགས་”པ་ན། ཕྱིས་སུ་ཤིང་བཟོ་ཀུན་དགའ་ནི་“ཤིང་གུར་ལ་མེ་སྦར་འཕྲལ་སྔར་ནས་གྲ་སྒྲིག་བྱས་ཡོད་པའི་ཁུང་ལམ་བརྒྱུད་ནས་རང་ཁྱིམ་ལ་སོང་” ②ཞེས་པ་ལྟར་བརྗོད་པ་དང་། མཐར་མཇུག་འབྲས་ཅི་ཞིག་སྨིན་པ་སྟེ་ཟླ་གཅིག་གི་རྗེས་སུ་ཤིང་བཟོ་ཀུན་དགས་ལྷ་བཟོ་ཀུན་དགའི་གཡོ་ཇུས་སྤྱད་དེ་ལྷ་བཟོ་ཀུན་དགའ་མེ་ལ་བསྲེགས་པའི་བྱུང་རིམ་དེ་བསྡུས་ནས་དྲངས་པ་ན། འགལ་བས་ཡོངས་སུ་ཁྱབ་འདུག་པའི་དོན་དག་རྙོག་དྲ་ཅན་ཞིག་སྟོན་ཐུབ་པར་གྱུར་པར་མ་ཟད། ཀློག་པ་པོས་གཏམ་རྒྱུད་བཀླགས་པ་དང་བསྟུན་ནས་གཏམ་རྒྱུད་ཀྱི་རྒྱབ་རོལ་དུ་གབ་འདུག་པའི་གནས་ལུགས་རྟོགས་ཏེ། མི་ལ་བསམ་ངན་བཅངས་མི་རུང་བ་དང་། སྦྱོར་ངན་གཞན་ལ་གཏད་ན་རྣམ་སྨིན་རང་ལ་འཁོར་བའི་བློ་བསྐྱེད་འབྱུང་སྲིད་པ་ལྟ་བུ་ཡིན་ཏེ། སྒྲུང་གཏམ་ཕལ་མོ་ཆེ་ལ་ཆ་མཚོན་ན། གསར་རྩོམ་གྱི་དམིགས་ཡུལ་ནི་མི་སྣའི་སྣང་བརྙན་གསར་སློང་བྱེད་པའམ་མི་གཤིས་ཀྱི་དགེ་སྡིག་གི་ཆ་དེ་མཚོན་པ་ལས་མ་འདས་པ་ན། བྱུང་རིམ་འདྲེན་སྐབས་དགོས་གལ་ཆེ་ཞིང་དཔེ་མཚོན་རང་བཞིན་ལྡན་པའི་བྱུང་རིམ་སིལ་མ་སྐོར་ཞིག་དྲངས་ཏེ་མི་སྣའི་སྣང་བརྙན་གསར་སློང་ངམ་མི་གཤིས་མཚོན་བཞིན་ཡོད་པར་མ་ཟད། གསལ་འདེབས་ལ་བརྟེན་ནས་ཀློག་མཁན་རྣམས་ལ་བག་ཆགས་རེ་འཇོག་ཆེད། མི་སྣའི་སྣང་བརྙན་ནམ་གཤིས་ཀ་མཚོན་བྱེད་ཀྱི་བྱུང་རིམ་བྱེ་བྲག་པ་རྣམས་ནི་གབ་ནས་སྟོན་གྲབས་ཡོད་པའི་གནས་ལུགས་དེ་ལ་དམིགས་པ་གཏད་ནས་འདྲེན་བཞིན་ཡོད་དེ།དཔེར་ན་ཁོ་བོའི་སྒྲུང་གཏམ་སྟེ་《གནས་རི་》ཞེས་པར་ཆ་མཚོན་ན། བརྗོད་བྱ་ནི་སྡེ་དཔོན་གཡུ་འབྲུག་དང་མཆོག་སྤྲུལ་མཁའ་ལྡིང་གཉིས་ཀའི་བར་དུ་བྱུང་བའི་གནས་བདག་སྟོབས་ལྡན་དབང་ཕྱུག་གི་གནས་རིའི་གཏེར་ཁ་སྔོག་དང་མི་སྔོག་ཐད་ཀྱི་འགལ་བ་དེ་ཡིན་པ་དང་། འགལ་བ་དེ་གཞིར་བཟུང་ནས་མི་སྣ་རིགས་མི་འདྲ་བ་གཉིས་ཀའི་སྣང་བརྙན་གསར་སློང་བྱེད་ཆེད། སྦྲ་ནག་གི་ནང་རོལ་གནད་དུ་བཟུང་སྟེ་རྩོམ་མགོ་འཛིན་སྐབས་“ཞོགས་པའི་དུས་ནས་བཟུང་། མཆོག་སྤྲུལ་མཁའ་ལྡིང་ལགས་དང་སྡེ་དཔོན་གཡུ་འབྲུག་གཉིས་ཀ་ཐབ་ཀའི་འགྲམ་དུ་བསྡད་དེ། གཅིག་ཀྱང་བརྗོད་འདོད་དངོས་ལ་མ་བབས་ཏེ་གཏམ་སིལ་མང་པོ་ཡུན་གྱིས་བརྗོད་པ་ན། ཉིན་གུང་ལ་སོན་སྐབས། གཉིས་ཀ་གཏམ་གྱིས་ཕོངས་ཏེ་རེ་ཞིག་ལ་ཅི་ཡང་མི་སྨྲ་བར་དལ་ཅག་གེར་འདུག་དགོས་བྱུང་” ③ཞེས་བརྗོད་དེ་ཕྱིས་འབྱུང་གི་བྱུང་རིམ་ལ་ཁ་ཕྱོགས་ངེས་གཏན་ཅན་ཞིག་བསྟན་རྗེས། མཆོག་སྤྲུལ་མཁའ་ལྡིང་ལགས་ཀྱིས་གནས་རིའི་གཏེར་ཁ་བསྔོག་དགོས་ཞེས་གསུང་མ་ཕོད་དེ་དཀའ་ལས་ལ་འཕྲད་པ་དང་། སྡེ་དཔོན་གཡུ་འབྲུག་གིས་སྤྲུལ་སྐུའི་འདོད་བློ་མ་རྟོགས་པ་ལྟར་སྒྲུབ་པའི་བྱུང་རིམ་སིལ་མ་གལ་འགངས་ཆེ་བ་རྣམས་ཕྲེང་བར་བསྒྲིགས་ནས་མདུན་ལ་དེད་དེ་བརྗོད་བྱའི་དོན་གྱི་གལ་འགག་ལ་སླེབས་སྐབས། སྔར་གྱི་བྱུང་རིམ་མདུན་ལ་འདེད་ལུགས་ཀྱི་ཁ་ཕྱོགས་བསྒྱུར་ཏེ་སྡེ་དཔོན་གཡུ་འབྲུག་གིས་གཏམ་གྱི་བརྗོད་གཞི་གནས་རིའི་ཕྱོགས་སུ་དྲངས་པ་ན། གཏམ་གླེང་གི་འགྲོས་དང་བསྟུན་ནས་མཆོག་སྤྲུལ་མཁའ་ལྡིང་མཆོག་གིས་གོ་སྐབས་སླེབས་བྱུང་སྙམ་སྟེ་“གཉན་ཆེན་སྟོབས་ལྡན་དབང་ཕྱུག་ནི་ངའི་སྐུ་ཕྲེང་གོང་མས་གནས་རི་འདིའི་གནས་བདག་ལ་གདན་དྲངས་པ་ཡིན། དགོས་མཁོ་ཡོད་ན་རི་བོ་གཞན་ཞིག་གི་གནས་བདག་ལ་བསྐོས་ནས་དེ་གར་གདན་དྲངས་ན་ཆོག་པ་མ་ཡིན་ནམ་”ཞེས་གསུངས་མོད། བསམ་ཡུལ་ལས་འདས་པ་ཞིག་ནི་སྡེ་དཔོན་གཡུ་འབྲུག་གིས་མཆོག་སྤྲུལ་ལགས་ཀྱི་གསུང་ལ་འཐད་ལན་བྱིན་པར་མ་ཟད། “དེ་ལྟར་མཛད་དགོས་ན་ཆོས་འབངས་ཡོངས་དང་སྒོས་སུ་བདག་གི་རེ་བ་བསྐང་དགོས་པ་འདུག་”པར་བརྗོད་པ་ན། “མཆོག་སྤྲུལ་མཁའ་ལྡིང་ལགས་ཀྱི་ཡིད་ལ་སྐད་ཅིག་ཉིད་ལ་སྒོར་མོ་འཕོས་”པ་དང་། “དོན་དག་འདི་སྒོར་མོར་བརྟེན་ནས་ཐག་གིས་གཅད་དགོས་ན་ཤིན་ཏུ་སླ་”བར་འདོད་དེ་“རེ་བ་ཡོད་ན་ཤོད་”ཅེས་ཡང་ཡང་བསྐུལ་བ་ན། སྡེ་དཔོན་གཡུ་འབྲུག་གིས་མཆོག་སྤྲུལ་མཁའ་ལྡིང་ལགས་ཀྱི་ཐུགས་རེ་གཅོག་པའི་དུས་ལ་བབས་སོང་སྙམ་སྟེ་“མཆོག་སྤྲུལ་དམ་པས་མཁྱེན་པ་ནང་བཞིན། གཉན་ཤུལ་ཚོ་བདུན་ལ་གངས་དཀར་ཏི་སེར་གནས་སྐོར་ལ་འགྲོ་བའི་སྲོལ་ཞིག་སྔ་མོ་ནས་ཆགས་ཡོད་མོད། གཅིག་ཏུ་ན་ཏི་སེར་ལམ་ཐག་རིང་བ་དང་། གཉིས་སུ་ན་ལམ་ལ་ཉེན་ཁ་ཆེ་བས།མང་ཚོགས་མང་པོ་ནི་འགྲོ་འདོད་ཡོད་རུང་འགྲོ་མི་ཕོད། ཁྱེད་ཀྱིས་གཉན་ཆེན་སྟོབས་ལྡན་དབང་ཕྱུག་གི་གནས་རི་མ་བརྗེ་བའི་ཡར་སྔོན་དུ། གངས་ཏི་སེ་ཡུལ་གྲུ་འདི་ལ་གདན་དྲོངས་དང་། འདི་མཛད་ན་ཆོས་འབངས་རྣམས་གནས་སྐོར་ལ་འགྲོ་ན་སྟབས་བདེ་བ་མ་ཟད། གནས་རིའི་གསེར་གཏེར་སྔོག་པ་ལའང་མྱུར་མོར་ཡིད་འཐད་འབྱུང་ངེས་ཡིན། ང་ལ་རེ་བ་འདི་ཙམ་ལས་མེད་”ཅེས་བརྗོད་པ་ན། གངས་ཏི་སེའི་གནས་བདག་ནི་ཡུལ་གྲུ་གང་ཞིག་ལ་གདན་དྲངས་སོང་ཞེས་བརྗོད་ཆོག་པ་ཞིག་གཏན་ནས་མིན་པས། “མཆོག་སྤྲུལ་མཁའ་ལྡིང་ལགས་ཀྱི་ངོ་གདོང་སྐད་ཅིག་ཉིད་ནག་རོག་གེར་གྱུར་སོང་”བར་མ་ཟད། ཐུགས་ལ་མྱུར་མོར་“དགའ་རོགས་ཀྱིས་ཁོར་ཟི་ལིང་ནས་ཁང་པ་ཆེན་པོ་ཞིག་ཉོ་དགོས།མ་ཉོས་ན་ཁྱོད་ལ་མི་འགྲོགས་”ཞེས་བཤད་པ་དང་། “བུ་དང་མནའ་མ་གཉིས་ཀྱིས་རྫོང་ཡོངས་སུ་མཐོང་དཀའ་བའི་རླངས་འཁོར་ཆེན་པོ་ཞིག་ཉོ་དགོས་” ④ཞེས་བརྗོད་པའི་གཏམ་དག་འཕོས་བྱུང་བས། གལ་སྲིད་གཏེར་ཁ་སྔོག་མཁན་དང་འབྲེལ་བ་འཛིན་མ་ནུས་ན་“སྒོར་མོ་དེ་འདྲ་མང་པོ་ནི་གང་ལ་འཚོལ་དུ་འགྲོ་དགོས་”སྙམ་སྟེ་ཡིད་སེམས་ཕམ་པའི་བྱུང་རིམ་དཔེ་མཚོན་རང་བཞིན་ལྡན་པ་དེ་དག་རྣམ་པ་གསལ་བའི་ངང་ནས་དྲངས་པ་ན། ནོར་ལ་སྲེད་པའི་སྤྲུལ་སྐུ་ཞིག་དང་སྤྱི་སེམས་ཆེ་ཞིང་ཐབས་ལ་མཁས་པའི་སྡེ་དཔོན་ཞིག་གི་སྣང་བརྙན་གསར་སློང་བྱེད་ཐུབ་པར་གྱུར་པ་མ་ཟད། “གཉོམ་ཆུང་ཐབས་ལ་མཁས་ན། བཙན་པོས་སྒུལ་བར་མི་ནུས་”ཞེས་པའི་གནས་ལུགས་དེ་བྱུང་རིམ་གྱི་རྒྱབ་རོལ་དུ་གབ་ནས་སྟོན་ཐུབ་པར་གྱུར་པ་ལྟ་བུ་ཡིན་ཏེ། མདོར་ན་གོང་ནས་གླེངས་པའི་གཏམ་རྒྱུད་དེ་《 ཤིང་བཟོ་ཀུན་དགའ་》ལས་བྱུང་རིམ་ལ་བརྟེན་ནས་དོན་དག་ཆ་ཚང་ཞིག་བསྟན་པ་དང་དོན་དག་ཆ་ཚང་དེའི་རྒྱབ་རོལ་དུ་གནས་ལུགས་ཤིག་གབ་ནས་བསྟན་ཡོད་པ་དང་། སྒྲུང་གཏམ་སྟེ་《གནས་རི་》ལས་བྱུང་རིམ་ལ་བརྟེན་ནས་མི་སྣའི་སྣང་བརྙན་གསར་སློང་བྱས་པ་དང་མི་སྣའི་སྣང་བརྙན་གྱི་རྒྱབ་རོལ་ལ་གནས་ལུགས་ཤིག་གབ་ནས་བསྟན་འདུག་པ་ན། གཏམ་རྒྱུད་དང་སྒྲུང་གཏམ་དུ་བྱུང་རིམ་འདྲེན་པའི་དམིགས་ཡུལ་ནི་མི་གཅིག་པར་སོ་སོ་བ་ཡིན་པ་རྟོགས་སླའོ། །
          གཉིས། བྱུང་རིམ་འདྲེན་ལུགས།
          གཏམ་རྒྱུད་དང་སྒྲུང་གཏམ་གཉིས་སུ་བྱུང་རིམ་འདྲེན་པའི་དམིགས་ཡུལ་མ་འདྲ་བ་ན། དེ་གཉིས་ཀར་བྱུང་རིམ་འདྲེན་ལུགས་ཀྱང་མི་གཅིག་པར་སོ་སོ་བ་སྟེ། གཏམ་རྒྱུད་ཐམས་ཅད་ཀྱི་བྱུང་རིམ་ནི་དུས་ཀྱི་གོ་རིམ་ལྟར་འདྲེན་བཞིན་ཡོད་པ་དང་། སྒྲུང་གཏམ་སྐོར་ཞིག་གི་བྱུང་རིམ་ནི་དུས་ཚོད་ཀྱི་གོ་རིམ་ལྟར་དྲངས་ཡོད་ཀྱང་། ཕལ་མོ་ཆེའི་བྱུང་རིམ་གྱི་སྔ་ཕྱིའི་འབྲེལ་བ་ནི་གཏན་ཚིགས་ཀྱི་འབྲེལ་བ་ཞིག་ལ་བརྟེན་ནས་ལྷན་དུ་སྦྲེལ་ཡོད། དེ་མིན་གཏམ་རྒྱུད་དུ་བྱུང་རིམ་འདྲེན་སྐབས་སྤྲོས་བརྗོད་དམིགས་སུ་བཟུང་ནས་གནས་ཚུལ་གཙོ་བོར་སྟོན་བཞིན་ཡོད་པ་དང་། སྒྲུང་གཏམ་དུ་བྱུང་རིམ་འདྲེན་སྐབས་བཀོད་འབྲི་དམིགས་སུ་བཟུང་ནས་རྣམ་པ་གཙོ་བོར་སྟོན་བཞིན་ཡོད་པར་འདོད།
          ཀ དུས་ཚོད་ཀྱི་གོ་རིམ་དང་གཏན་ཚིགས་ཀྱི་འབྲེལ་བ།
          གཏམ་རྒྱུད་ཀྱི་སྲོག་ཤིང་ནི་དོན་དག་ཡིན་པ་དང་།གཏམ་ལས་གོ་རིམ་ཅན་གྱི་དོན་དག་ཅིག་ངོ་སྤྲོད་བྱ་དགོས་པ་ན། དུས་ཚོད་ཀྱི་གོ་རིམ་དམིགས་སུ་བཟུང་ནས་དོན་དག་དེ་ཐོག་མར་ཇི་ལྟར་བྱུང་བ་དང་། བར་དུ་ཇི་ལྟར་འགྱུར་བ་དང་གལ་འགག་ག་འདྲར་སླེབས་པ། མཐར་མཇུག་འབྲས་ཅི་ཞིག་སྨིན་པ་སོགས་གོ་རིམ་ལྟར་དུ་བརྗོད་དགོས་ཏེ། དཔེར་ན་《མི་རོ་རྩེ་སྒྲུང་》ཁྲོད་ཀྱི་《དྲིན་ལན་འཇལ་བ་》ཞེས་པའི་གཏམ་རྒྱུད་ལ་ཆ་མཚོན་ན། བརྗོད་བྱའི་དོན་ནི་ཞིང་ཁྲལ་པ་བྲམ་ཟེ་ཁྱེའུ་འབོད་པ་ལ་“བརྣབ་སེམས་མེ་ལྟར་འབར་ཞིང་། ཞིང་ཁྲལ་ཆུ་བོའི་རྒྱུན་བཞིན་ཆད་པ་མེད་པར་འོང་”པའི་དཔོན་པོའི་ཞིང་ཁྲལ་མ་ཐེག་སྟེ་“ཡུལ་གཞན་ལ་འཁྱམས་” ⑤སྐབས། ལམ་བར་ནས་བྱི་བ་ཞིག་དང་། སྤྲེལ་ཕྲུག་ཅིགདོམ་ཕྲུག་ཅིག་བཅས་བསྐྱབས་རྗེས། སེམས་ཅན་དེ་གསུམ་གྱིས་བྲམ་ཟེ་ཁྱེའུ་ལ་དྲིན་ལན་འཇལ་བའི་སྐོར་དེ་ཡིན་ལ།དོན་དག་དེ་གོ་རིམ་གསལ་ཞིང་ཡིད་དབང་འཕྲོག་པའི་སྒོ་ནས་མཚམས་སྦྱོར་བྱེད་ཆེད། སྔོན་འགྲོའི་ཚུལ་དུ་ཞིང་ཁྲལ་པ་བྲམ་ཟེ་ཁྱེའུའི་ཐོག་མའི་གནས་ཚུལ་བསྡུས་ནས་བསྟན་རྗེས། དོན་དག་བྱུང་བའི་གོ་རིམ་ལྟར་ཐོག་མར་དོན་དག་ཇི་ལྟར་བྱུང་བ་སྟེ་བྱི་བ་དང་། སྤྲེལ་ཕྲུག དོམ་ཕྲུག་སོགས་བསྐྱབས་པའི་བྱུང་རིམ་རྣམས་དྲངས་པ་དང་། དེའི་རྗེས་སུ་བར་དུ་ཇི་ལྟར་འགྱུར་ལུགས་དེ་“དགོང་མོ་ཁོས་བྲོ་ཞིག་སློང་སྙམ་ནས་དཔོན་ཚང་ཞིག་གི་སྒོ་དྲུང་ལ་སླེབས་པ་དང་། དཔོན་པོའི་ཕྱག་མཛོད་ཀྱིས་དེར་ཟས་ཀྱི་ཁྲེས་པོ་གཅིག་བརྐུས་ནས་བྲོས་འོང་བ་སྒོ་དྲུང་དུ་བདག་པོ་ལ་འཕྲད་པས་ཁོས་མི་དཀར་པོ་ལ་ཞྭ་ནག་པོ་བསྐོན་པའི་དཔེ་ལྟར་ཁྲེས་པོ་དེ་ཞིང་གླ་པའི་གམ་ལ་བཞག་ནས་མི་འདིས་ཕོ་བྲང་དུ་བརྐུས་སོ་ཞེས་ཀུ་ཅོ་བཏོན་” ⑥པས། ཞིང་ཁྲལ་པར་རྒྱལ་པོས་ཞལ་ལྕེ་བཅད་དེ་ལུས་ལ་ཀོ་ཐུམ་བརྒྱབ་ནས་ཆུ་ལ་བསྐྱུར་བ་ན། བྱི་བ་དང་། སྤྲེལ་ཕྲུག དོམ་ཕྲུག་བཅས་ཀྱིས་བསྐྱབས་རྗེས། སེམས་ཅན་དེ་གསུམ་གས་བྲམ་ཟེ་ཁྱེའུ་ལ་ཡིད་བཞིན་ནོར་བུ་ཕུལ་བས་དེ་ཉིད་འབྱོར་ཕྱུག་ལྡན་པར་གྱུར་པའི་བྱུང་རིམ་དེ་དག་དྲངས་པ་དང་། དེའི་རྗེས་སུ་གལ་འགག་ག་འདྲ་སླེབས་པ་སྟེ་ཞིང་ཁྲལ་པ་བྲམ་ཟེ་ཁྱེའུའི་ཁྱིམ་ལ་ཚོང་པ་ཞིག་ཡོང་སྟེ་ཡིད་བཞིན་ནོར་བུ་གཡོ་ལེན་བྱས་པས་ཞིང་ཁྲལ་པ་སླར་ཡང་དབུལ་པོར་གྱུར་པ་ན། བྱི་བ་དང་། སྤྲེལ་ཕྲུག དོམ་ཕྲུག་བཅས་གསུམ་གས་དཔུང་བསྡོངས་ཏེ་ཚོང་པའི་འབྲུ་མཛོད་ནས་ཡིད་བཞིན་ནོར་བུ་བརྐུས་ཏེ་ཞིང་ཁྲལ་པ་ལ་ཕུལ་བའི་བྱུང་རིམ་རྙོག་ཅན་དེ་གཉིས་དྲངས་པ་དང་། མཐར་མཇུག་འབྲས་ཅི་ཞིག་སྨིན་པའི་སྐོར་ཏེ་བྲམ་ཟེ་ཁྱེའུས་“ཡིད་བཞིན་ནོར་བུ་ལ་གསོལ་འདེབས་སྨོན་ལམ་བཏབ་པས། སྔར་ལྟར་རྒྱལ་པོའི་ཕོ་བྲང་ལས་ཀྱང་རྒྱ་ཆེ་བའི་ཁང་པ་དང་། ཤིང་སྣ་ཚོགས་ལ་འབྲས་བུ་ཕུན་སུམ་ཚོགས་པ་དང་ལྡན་པ་དང་། བྱ་དང་བྱེའུས་སྐད་སྙན་པར་སྒྲོག་པ་དང་། དུས་རྟག་ཏུ་ལོ་ཏོག་ཕུན་སུམ་ཚོགས་ཤིང་དགུན་གྱི་མིང་ཙམ་ཡང་མེད་”པར་གྱུར་པ་མ་ཟད། རང་ལ་“ཆུང་མ་བཟང་མོ་ཞིག་ཐོབ་པར་ཤོག་ཅེས་སྨོན་ལམ་བཏབ་པས། དེ་མ་ཐག་ནམ་མཁའ་ནས་ལྷའི་བུ་མོ་བལྟ་བས་ཆོག་མི་ཤེས་པ་ཞིག་བྱུང་” ⑦སྟེ་བདེ་སྐྱིད་ཀྱི་དཔལ་ལ་རོལ་པའི་བྱུང་རིམ་དེ་དྲངས་པ་ན། དྲིན་ལན་འཇལ་ལུགས་ཐད་ཀྱི་གཏམ་རྒྱུད་ཅིག་གོ་རིམ་ཡོད་པའི་སྒོ་ནས་རྫོགས་པར་སྟོན་ཐུབ་པར་གྱུར་པ་ལྟ་བུ་ཡིན་ཏེ། སྒྲུང་གཏམ་ཡང་གཏམ་རྒྱུད་དང་འདྲ་བར་བྱུང་རིམ་དང་འབྲལ་ཐབས་མེད་མོད། འོན་ཏེ་སྒྲུང་གཏམ་གྱི་སྲོག་ཤིང་ནི་མི་སྣ་ཡིན་པ་དང་། སྒྲུང་གཏམ་ལས་བྱུང་རིམ་ཆ་ཚང་ཞིག་ལ་བརྟེན་ནས་མི་སྣའི་གཤིས་ཀའམ་སྣང་བརྙན་མཚོན་པ་ལས་མགོ་མཇུག་བར་གསུམ་ཚང་བའི་དོན་དག་རིལ་པོ་གཅིག་གོ་རིམ་ཡོད་པའི་སྒོ་ནས་རྫོགས་པར་མ་བསྟན་རུང་ཆོག་པ་ན། རྩོམ་མཁན་ཕལ་མོ་ཆེས་སྒྲུང་གཏམ་གསར་རྩོམ་བྱེད་སྐབས། མི་སྣའི་སྣང་བརྙན་གསར་སློང་བྱེད་པ་དང་། བརྩམས་ཆོས་ཀྱི་བརྗོད་སྙིང་ལེགས་པར་སྟོན་པ། ཀློག་མཁན་གྱི་ཡིད་དབང་འགུགས་པའི་དགོས་མཁོར་དམིགས་ཏེ། བྱུང་རིམ་གྱི་དུས་ཚོད་ཀྱི་གོ་རིམ་སིལ་བུར་གཏོར་རྗེས། བྱུང་རིམ་སིལ་མ་དེ་དག་གཏན་ཚིགས་ཀྱི་འབྲེལ་བ་ཞིག་ལ་བརྟེན་ནས་ལྷན་དུ་སྡེབ་བཞིན་ཡོད། དཔེར་ན་《སྒྲོལ་མ་ཉེར་གཅིག་》གི་དང་པོ་སྟེ་《ཕུགས་རེ་》ལ་ཆ་མཚོན་ན། བརྗོད་བྱ་ནི་མི་ལོ་ང་གསུམ་གྱི་ཡར་སྔོན་ལ་སྒྲོལ་མའི་མཛའ་གྲོགས་ཏེ་ཚོ་དཔོན་བོད་ལྡེ་སོག་པོར་རྟ་དེད་པའི་ར་མདར་ཕྱིན་ཏེ་ཚེ་ལས་འདས་པ་དང་། “ལོ་ངོ་ང་གསུམ་གྱི་རིང་ལ་”སྒྲོལ་མས་“བླ་མ་བཅུ་བདུན་ལ་ལུང་བསྟན་ཞུས་”མོད། “ཁོང་རྣམ་པས་སྡིག་པ་ཆེ་བས་མི་ལུས་མ་དགོས་ཟོག་ལུས་ཤིག་ཀྱང་བླངས་མེད་ཅེས་གསུངས།” མི་ལོ་ང་ལྔའི་རྗེས་སུ་མཁའ་ལྡིང་སྤྲུལ་སྐུ་ལ་ལུང་བསྟན་ཞུ་སྐབས། བོད་ལྡེས་“མི་ལུས་གཙང་མ་ཞིག་རྙེད་”འདུག་པ་མ་ཟད། ཁོ་རང་ནི་སྒྲོལ་མའི་ཚ་བོ་ཚེ་རིང་ཡིན་པར་གསུངས་པ་ན། ཁོ་མོ་ཤིན་ཏུ་དགའ་སྟེ་ཚེ་ལས་འདས་སྐབས་“ཚ་བོའི་ལགས་པར་བཟུང་ནས་‘སྒུགས་དང་། ང་རང་ཁྱོད་ཀྱི་ཆུང་མ་བྱེད། ཡིན་གཅིག་མིན་གཉིས་ལ་སྒུགས་རོགས་’ཞེས་ཁ་ཆེམས་བཞག་”པའི་དོན་དག་འདི་ཡིན་ལ། དོན་དག་འདི་ཉིད་ཀྱི་གོ་རིམ་སིལ་བུར་གཏོར་ཏེ་སྒྲུང་གཏམ་དུ་འདྲེན་སྐབས། ཐོག་མར་སྐྱེས་མ་གཉིས་ཀྱི་གཏམ་གླེང་ལ་བརྟེན་ནས་སྒྲོལ་མ་ཚེ་ལས་འདས་ཏེ་“བེམ་པོ་འཁྱགས་ནས་རེངས་པོར་གྱུར་རུང་། གདོང་གི་འཛུམ་མདངས་ཡལ་མེད་”པར་མ་ཟད། “འཆི་ཁར་ད་དུང་ཚ་བོའི་ལག་པར་བཟུང་ནས་‘སྒུགས་དང༌། ང་རང་ཁྱོད་ཀྱི་ཆུང་མ་བྱེད། ཡིན་གཅིག་མིན་གཉིས་ལ་སྒུགས་རོགས་’ཞེས་ཁ་ཆེམས་བཞག་”ལུགས་དེ་བསྟན་པ་ན། ཀློག་པ་པོའི་ཡིད་སེམས་ཨ་ཡེ་སྒྲོལ་མ་དང་ཚ་བོ་ཚེ་རིང་གཉིས་ཀའི་གཏམ་གླེང་ཕྱོགས་ལ་འཆོར་སྲིད་པས། མི་རྣམས་ཀྱིས་དོན་དག་ལ་དང་དོད་བྱེད་ལུགས་ཐད་ཀྱི་གཏན་ཚིགས་ཀྱི་འབྲེལ་བ་དེ་གཞིར་བཟུང་སྟེ་དོན་ཚན་གཉིས་པར་ཨ་ཡེ་སྒྲོལ་མ་དང་ཁོ་མོའི་ཁྱོ་ག ཚ་བོ་ཚེ་རིང་གསུམ་གའི་གཏམ་གླེང་དྲངས་པ་དང་། ཀློག་པ་པོས་ཨ་ཡེ་སྒྲོལ་མས་ཚེ་རིང་ལ་“ཚེ་རིང༌། ངའི་ཚ་བོ་གཅིག་པུ། ངའི་གམ་ལ་ཤོག་དང༌། ཨ་ཡེ་ཧོན་ལོག་གིས་གཏམ་རྒྱུད་བཤད་ཡ་”ཞེས་བཤད་པ་ན། ཚེ་རིང་གིས་རྨོ་མོ་ལ་“སྟོང་དཔོན་ཞིག་ར་མདར་སོང་བའི་གཏམ་རྒྱུད་དེ་མདང་དགོང་ཐེངས་གསུམ་ལ་བཤད། མི་ཉན་”ཞེས་བཤད་པ་དང་། དེ་མིན་ཚེ་རིང་གིས་སྤོ་བོ་ལ་“སྤོ་བོ། ངས་བཤད་ཡ། ཨ་ཡེ་ཧོན་ལོག་གིས་མདང་དགོང་ངའི་མིང་འཕྱུགས་སོང༌། ང་ལ་‘བོད་ལྡེ་’ཞེས་འབོད་ཞོར་འོ་བྱས།ཨ་ཡེ་ཧོན་ལོག་ངོ་རེ་ཚ། ཀོ་རེ་རློན་པ་ཇི་ལྟར་ཟ་”ཞེས་བཤད་པའི་ཚིག་རྣམས་བཀླགས་རྗེས། ཀློག་པ་པོའི་ཡིད་སེམས་ནི་“སྟོང་དཔོན་”དང་། “ར་མདའ་”དང་། “བོད་ལྡེ་”བཅས་ཀྱི་ཕྱོགས་སུ་འཆོར་སྲིད་པས། མི་རྣམས་ཀྱིས་དོན་དག་ལ་དང་དོད་བྱེད་ལུགས་ཐད་ཀྱི་གཏན་ཚིགས་ཀྱི་འབྲེལ་བ་དེ་གཞིར་བཟུང་སྟེ་དོན་ཚན་གསུམ་པར་སྟོང་དཔོན་བོད་ལྡེ་སོག་པོར་ར་མདར་འགྲོ་སྐབས་ལོ་ན་གཞོན་པའི་སྒྲོལ་མ་དང་འཕྲད་པའི་སྐོར་དེ་དྲངས་པ་ཡིན་ལ། སྒྲུང་གཏམ་བཀླགས་ཏེ་མཚམས་འདིར་སླེབས་སྐབས་ཀློག་པ་པོས་སྟོང་དཔོན་བོད་ལྡེའི་སྲོག་ལ་བར་ཆད་བྱུང་མིན་ལ་བསམ་བློ་གཏོང་སྲིད་པས། ཚན་པ་རྗེས་མར་ཨ་ཡེ་སྒྲོལ་མ་མཁའ་ལྡིང་སྤྲུལ་སྐུའི་མདུན་ལ་ལུང་བསྟན་ཞུ་བར་སོང་བའི་བྱུང་རིམ་དེ་དྲངས་ཏེ་སྟོང་དཔོན་བོད་ལྡེ་“འདས་ནས་ལོ་ལྔ་བཅུ་ང་གསུམ་འགོར་”བ་དང་། “ཁོས་མི་ལུས་གཙང་མ་ཞིག་རྙེད་” ⑧པ་དེ་ནི་ཨ་ཡེ་སྒྲོལ་མའི་ཚ་བོ་ཚེ་རིང་ཡིན་པར་བསྟན་པ་ན། བྱུང་རིམ་གྱི་དུས་ཚོད་ཀྱི་གོ་རིམ་སིལ་བུར་གཏོར་ནས་བསྐྱར་དུ་བསྒྲིགས་རུང་སྒྲུང་གཏམ་གྱི་བརྗོད་བྱ་སོགས་པར་སྟོན་ཐུབ་པ་གེགས་དང་བར་ཆད་ཅི་ཡང་མ་བྱུང་བ་ལྟ་བུ་ཡིན་ཏེ། སྣང་ཚུལ་འདི་ལ་གཞིགས་ན། བྱུང་རིམ་འདྲེན་ལུགས་ཏེ་དུས་ཚོད་ཀྱི་གོ་རིམ་ལྟར་འདྲེན་པ་དང་གཏན་ཚིགས་ཀྱིས་ལྷན་དུ་སྦྲེལ་བ་གཉིས་ནི་གཏམ་རྒྱུད་དང་གཏམ་གཉིས་ཀའི་ཁྱད་ཆོས་གལ་འགངས་ཆེ་བ་ཞིག་ཏུ་གྱུར་འདུག་པ་མ་ཡིན་ནམ།
          ཁ། གནས་ཚུལ་བརྗོད་པ་དང་རྣམ་པ་སྟོན་པ།
          གཏམ་རྒྱུད་ལས་གོ་རིམ་ཅན་གྱི་དོན་དག་ཆ་ཚང་ཞིག་གི་བྱུང་ལུགས་སྟོན་བཞིན་ཡོད་པ་ན། བྱུང་རིམ་འདྲེན་སྐབས་སྤྲོས་བརྗོད་ཀྱི་ཐབས་ལ་བརྟེན་ནས་གནས་ཚུལ་བྱེ་བྲག་པ་ཞིག་གི་བྱུང་ལུགས་བརྗོད་པར་ནུས་ན་ཆོག་པ་ཡིན་ཏེ། དཔེར་ན་《མི་རོ་རྩེ་སྒྲུང་》ཁྲོད་ཀྱི་《སྦལ་བ་དང་སྲས་མོ་》ཞེས་པའི་གཏམ་རྒྱུད་གཡོག་མོ་བགྲེས་མོས་པུས་མོ་ལས་སྦལ་བ་བཙས་པའི་བྱུང་རིམ་དེ་འདྲེན་སྐབས། བྱུང་རིམ་བྱེ་བྲག་པ་སྟེ་སྦལ་བ་བཙའ་ལུགས་ནི་སྤྲོས་བརྗོད་ཀྱི་ཐབས་ལ་བརྟེན་ནས་“ལོ་དེར་རྒན་མོའི་པུས་མོ་ལ་སྐྲང་འབུར་བྱུང་སྟེ་ཉིན་རེ་བཞིན་ཆེར་སོང་ནས། ལམ་ལ་ཡང་འགྲོ་མ་ཐུབ།ཆུ་ཡང་ལེན་མ་ཐུབ་པས། ཁྱིམ་དུ་བསྡད་ནས་གཡོ་འགུལ་ཙམ་ཡང་བྱེད་མི་ཕོད། ཉིན་མང་པོ་འགོར་ཚེ། ཁོ་མོའི་པུས་མོའི་སྐྲང་འབུར་དེ་གས་ནས་ནང་ནས་སྦལ་བ་ཞིག་ལྷུང་བྱུང་”ཞེས་པ་ལྟར་བརྗོད་པ་དང་། གཡོག་མོའི་པུས་མོ་ལས་སྦལ་བ་བཙས་རྗེས་བཟའ་ཟླ་ལངས་ཕྱོགས་ནི་སྤྲོས་བརྗོད་ཀྱི་ཐབས་ལ་བརྟེན་ནས་“རྒད་པོ་ཚིག་པ་ཟོས་ནས། སྦལ་བ་འདི་འདྲེ་གདོན་ཞིག་ཡིན་པར་ཐག་ཆོད། བཀྲ་མ་ཤིས་པ་དེ་མར་གཡུག་ཞོག་ཟེར་བར། རྒད་མོས་ཅུང་ཟད་བློས་གཏོང་མི་ཕོད་པ་བྱུང་ལ། རྒད་པོའི་ངོ་ཡང་ཟློག་མ་ཐུབ་པར། མིག་མཆི་མས་བཀང་བཞིན། འདྲེ་ཡིན་ནམ་གདོན་ཡིན། ལྷ་ཡིན་ནམ་ཀླུ་ཡིན་སུ་ཞིག་གིས་ཤེས། འོ་སྐོལ་གཉིས་ཧ་ཅང་སྡུག་པ་དང་། བུ་དང་བུ་མོ་ཡང་མེད། ཐ་ན་ཆུ་ལེན་མེ་འབུད་ཅིག་ཀྱང་མེད་པ་དཀོན་མཆོག་གིས་མཁྱེན་ནས་བུ་སྐལ་ཞིག་གནང་བ་མིན་པའི་ངེས་པ་ཡང་མེད་ཟེར་ནས་ངུས་པར། རྒད་པོས་ཀྱང་རྒན་མོ་ཧ་ཅང་སེམས་སྡུག་འགྲོ་སྙམ་ནས། མ་དོར་བར་ཁྱིམ་དུ་བཞག་ནས་གསོས་”ཞེས་པ་ལྟར་བརྗོད་པ་དང་། རྒད་པོའི་ལངས་ཕྱོགས་ལ་འགྱུར་ལྡོག་བྱུང་བ་དང་མ་བུ་གཉིས་ཀའི་གནས་སྟངས་སྟོན་པའི་བྱུང་རིམ་བྱེ་བྲག་པ་དེ་ནི་“ཡིན་ན་ཡང་མགོ་ལེབ་ཁ་ཆེ་མིག་གཅེར་བའི་དངོས་པོ་བཙོག་པོ་དེ་ལ་བལྟས་ན་སེམས་དགའ་པོ་ཞིག་མིན་པས་གཞན་ལ་སོང་། དེ་ནས་བཟུང་སྦལ་བ་ཆུང་ཆུང་དེས་རྒན་མོ་ལ་འདུག་གྲོགས་བྱས། རྒན་མོས་ཟས་ཟ་དུས་དེ་ལ་སྐལ་བྱིན་ཞིང་ཉིན་རེ་བཞིན་ཡར་འཇོག་མར་ལེན་སོགས་བུ་ཕྲུག་སྙོད་པ་ལྟར་བྱས། སྦལ་བས་ཀྱང་སྐད་ཆ་བཤད་མི་ཤེས་པ་མ་གཏོགས་གཅེས་མཐོང་བྱེད་པ་ལྟར། མིག་རིག་རིག་བྱེད་པ་མིའི་བསམ་ཚུལ་ཧ་གོ་བ་དང་འདྲ་” ⑨ཞེས་པ་ལྟར་བརྗོད་པ་ན། བྱུང་རིམ་ལས་གཡོག་མོ་བགྲེས་མོའི་པུས་མོ་ལས་སྦལ་བ་བྱུང་བའི་རྣམ་པ་ནི་མི་མཐོང་མོད། གནས་ཚུལ་ནི་ཞིབ་ཆ་ཡོད་པའི་སྒོ་ནས་བསྟན་འདུག་པས། གཏམ་རྒྱུད་ཀྱི་དོན་སྟོན་པའི་དགོས་མཁོ་ལྟར་དོན་དག་བྱེ་བྲག་པ་ཞིག་གོ་རིམ་གསལ་ལ་ནང་འགལ་མེད་པའི་སྒོ་ནས་སྟོན་ཐུབ་པར་གྱུར་པ་ལྟ་བུ་ཡིན་ཏེ། སྒྲུང་གཏམ་གྱི་སྲོག་ཤིང་ནི་མི་སྣ་ཡིན་པ་ན། མི་སྣ་སྲོག་ཤིང་དུ་བྱས་ཏེ་བྱུང་རིམ་མདུན་ལ་འདེད་སྐབས། མི་སྣའི་ལུས་ཀྱི་རྣམ་པ་སྟེ་གཟུགས་བྱད་དང་གྱོན་གོས་སམ། སེམས་ཀྱི་རྣམ་པ་སྟེ་དགའ་སྤྲོ་ཆགས་སྡང་ངམ། སྤྱོད་པའི་རྣམ་པ་སྟེ་ལུས་ཀྱི་བྱ་སྟངས་རྣམས་ནི་དགོས་མཁོ་ལྟར་བྱུང་རིམ་ཁྲོད་དུ་གཟུགས་རིས་གསལ་བའི་སྒོ་ནས་བཀོད་དེ་སྣང་བརྙན་བསླངས་ཤིང་གཤིས་ཀ་མཚོན་བཞིན་ཡོད་དེ། དཔེར་ན་སྒྲུང་འབྲིང་《ར་བྷ་འདྲེ་མིག་དང་རིན་ཆེན་རྐྱལ་ཁ་》ཞེས་པར་མི་སྣ་གཙོ་བོ་གཉིས་ཀས་རྩྭ་གཟུགས་ཟློག་ལུགས་སྟོན་པའི་བྱུང་རིམ་དེ་འདྲེན་སྐབས། བཀོད་འབྲི་ལ་བརྟེན་ནས་རྩྭ་གཟུགས་ཀྱི་ལུས་དང་སྤྱོད་པའི་རྣམ་པ་ནི་“རྩྭ་གཟུགས་དེའི་བོངས་ནི་མི་དར་མ་ཞིག་གི་ཚོད་དང་མཉམ་ལ། རྐང་ལག་མགོ་རྐེད་ཐམས་ཅད་མི་ཡི་དབྱིབས་སུ་འདུག ཚུར་ཡོང་དུས་གོམ་པ་འཁྱར་འཁྱོར་སྤོ་བཞིན་ཡོད་ནའང་།གཤོང་འབུར་ཀུན་ལ་ཐོགས་པ་མེད་པ་དང་། འཁྱར་རེ་འཁྱོར་རེ་ངང་ནས་གོམ་པ་མགྱོགས་ལེན་བྱས་པ་ན། རྟ་ཕོ་བྲེལ་འགྲོ་བྱས་པའི་བང་མྱུར་ལྟ་བུ་ལྡན་”ཞེས་པ་ལྟར་བརྗོད་པ་དང་། རྩྭ་གཟུགས་མཐོང་སྐབས་ཀྱི་ར་བྷ་འདྲེ་མིག་གི་སྤྱོད་པའི་རྣམ་པ་ནི་“ཚུལ་དེ་མཐོང་རྗེས། ར་བྷ་འདྲེ་མིག་གིས་སྐུ་གཞོགས་མཁའ་ལྡིང་ཚང་དང་ཁོང་གི་ཆོས་སྐྱོང་སྲུང་མ་ལ་གསོལ་བ་འདེབས་རིན་ཆེན་རྐྱལ་ཁ་ལ་‘ཨ་ཕའི་བུ། ཨ་ལགས་ཚང་གིས་ཅི་གསུང་ཡིད་ལ་ཟུངས་’ཞེས་དྲན་སྐུལ་བྱས་”ཞེས་པ་ལྟར་བཀོད་འབྲི་བྱས་པ་ན། མི་སྣའི་དཔའ་གདེང་གིས་རང་ཚུགས་མི་ཐུབ་པ་དང་བཀོལ་འདོམས་ལ་དགའ་བའི་གཤིས་ཀའི་ཟུར་སྟོན་ཐུབ་པར་གྱུར་པ་དང་། རྩྭ་གཟུགས་སླར་ཟློག་ལུགས་དེ་ལ་མི་སྣའི་སྤྱོད་པ་བསྣན་ཏེ་“རིན་ཆེན་རྐྱལ་ཁས་མགར་ཁྲི་འབྲིང་གི་ཕྱག་མདུང་དེ་རྩྭ་གཟུགས་ཀྱི་སོག་རྒྱབ་ལ་ཤུགས་ཀྱིས་བསྣུན་པ་ན། སྔར་གྱི་འཚུབ་མ་གློ་བུར་དུ་ཇེ་ཆེར་གྱུར་པ་དང་། ཕོ་རོག་གསུམ་པོ་འཚུབ་མའི་ཁྲོད་དུ་ཞུགས་ཏེ་ལྡིང་འཁོར་བྱེད་བཞིན་ཨག་འགྱུར་བྱས་པས། མི་སེམས་ཟང་ཟིང་ལང་ལོང་དུ་གྱུར་ཏེ་ཅི་བྱེད་འདི་བྱེད་མེད་པའི་གནས་ལ་ལྷུང་། རིན་ཆེན་རྐྱལ་ཁས་འཚུབ་མའི་ཁྲོད་དུ་ཅི་ཡང་མི་མཐོང་རུང་། རྩྭ་གཟུགས་མདུང་མོའི་རྩེ་ལ་བསྐྱོན་ཅིང་ཡོང་ཕྱོགས་སུ་ལྡོག་སྟེ་ཁ་གཏད་ནས་བཞག་པ་ན། ལྟས་ངན་སྐྱ་བོ་དེ་རླུང་འཚུབ་ཁྲོད་ནས་ཡོམ་ཡོམ་འགུལ་བཞིན་ལངས་ནས་བསྡད། སྐབས་དེར། ར་བྷ་འདྲེ་མིག་གིས་སྡིགས་མཛུབ་བསྟན་ནས་སྐད་གསང་མཐོན་པོས་‘རིག་འཛིན་མེ་འབར་སྒར་ལ་ཧོ་མ་ཡ་’ཞེས་བརྗོད་པ་ན། རླུང་འཚུབ་ཆེན་པོ་དེ་རིམ་བཞིན་དུམ་བུ་གཉིས་སུ་གྱེས་ལ། རླུང་འཚུབ་ཆེན་པོས་མདུན་བསུས་པ་དང་། རླུང་འཚུབ་ཆུང་ངུ་དེའང་དལ་གྱིས་ནུབ་ཕྱོགས་ལ་འཁོར་ནས་གཡུགས་པས། རྩྭ་གཟུགས་དེས་ཀྱང་ཕྱིར་ལམ་དེད་ནས་སོང་” ⑩ཞེས་པ་ལྟར་བརྗོད་པ་ན། སྒྲུང་གཏམ་གྱི་ཁྱད་ཆོས་ལྟར་བྱུང་རིམ་གྱི་རྣམ་པ་གསལ་པོར་སྟོན་ཐུབ་པར་གྱུར་པ་མ་ཟད། མི་སྣའི་སྤྱོད་པ་ལ་གཟུགས་རིས་ལྡན་པར་གྱུར་པ་ལྟ་བུ་ཡིན་ཏེ། སྣང་ཚུལ་འདི་ལ་གཞིགས་ན། བྱུང་རིམ་འདྲེན་སྐབས་སྤྲོས་བརྗོད་བརྒྱུད་ནས་གནས་ཚུལ་ངོ་སྤྲོད་བྱེད་པ་ནི་གཏམ་རྒྱུད་ཀྱི་སྲོལ་ཡིན་པ་དང་། བཀོད་འབྲི་བརྒྱུད་ནས་རྣམ་པ་མཚམས་སྦྱོར་བྱེད་པ་ནི་སྒྲུང་གཏམ་གྱི་སྲོལ་ཡིན་པ་རྟོགས་སྲིད་པ་མ་ཡིན་ནམ།
          མཇུག་བསྡོམས།
          མདོར་ན། བྱུང་རིམ་ལ་གཞིགས་ཏེ་གཏམ་རྒྱུད་དང་སྒྲུང་གཏམ་ལ་དཔྱད་ན་བརྩམས་ཆོས་རིགས་མི་འདྲ་བ་དེ་གཉིས་ལ་ཁྱད་པར་འདི་འདྲ་ཡོད་པ་རྟོགས་ཐུབ་པ་འདྲ་སྟེ།དཔེར་ན་ཀློག་པ་པོས་དོན་གྱི་བརྗོད་པའི་བརྩམས་ཆོས་དེ་རིགས་གང་ཞིག་རྫོགས་པར་བཀླགས་རྗེས། སེམས་སུ་དོན་དག་རིལ་པོ་ཞིག་གི་གྲུབ་ཆར་གྱུར་པའི་བྱུང་རིམ་འབའ་ཞིག་སྣང་བ་ལས་མི་སྣ་མི་སྣང་བ་དང་། གལ་སྲིད་མི་སྣ་སེམས་སུ་སྣང་རུང་མི་སྣ་ལ་འབྲེལ་བ་ཡོད་པའི་དོན་དག་གིས་མི་སྣ་སྒྲིབ་སྲིད་པ་ཞིག་ཡིན་ན། བརྩམས་ཆོས་དེ་ནི་གཏམ་རྒྱུད་ཡིན་དགོས་འདུག་ལ། དེ་མིན་དཔེར་ན་ཀློག་པ་པོས་དོན་གྱི་བྱུང་བ་བརྗོད་པའི་བརྩམས་ཆོས་དེ་རིགས་གང་ཞིག་ཀློག་སྐབས། སེམས་སུ་མི་སྣའི་སྣང་བརྙན་འཕོས་ཡོང་བ་མ་ཟད། མི་སྣ་ལ་འབྲེལ་བ་ཡོད་པའི་བྱུང་རིམ་གྱིས་ཀློག་མཁན་གྱི་བློ་སྒོ་འབྱེད་སྲིད་པའམ་ཡིད་སེམས་བསམ་གཞིག་གི་རྒྱ་ལ་འདྲེན་སྲིད་པ་ཞིག་ཡིན་ན། བརྩམས་ཆོས་དེ་ནི་སྒྲུང་གཏམ་ཡིན་དགོས་འདུག་པ་བཅས་སོ། །
          དཔྱད་གཞིའི་ཡིག་ཆ།
①《མི་རོ་རྩེ་སྒྲུང》 [M] ཟི་ལིང་། མཚོ་སྔོན་མི་རིགས་དཔེ་སྐྲུན་ཁང་། 1994ལོ། ཤོག་ངོས་107
②《མི་རོ་རྩེ་སྒྲུང》 [M] ཟི་ལིང་། མཚོ་སྔོན་མི་རིགས་དཔེ་སྐྲུན་ཁང་། 1994ལོ། ཤོག་ངོས་28-32
③ བཀྲ་བྷ། 《བཀྲ་བྷ་ཡི་སྒྲུང་ཐུང་ཕྱོགས་བསྒྲིགས》[G] ཟི་ལིང་། མཚོ་སྔོན་མི་རིགས་དཔེ་སྐྲུན་ཁང་། 2016ལོ། ཤོག་ངོས་207
④ བཀྲ་བྷ། 《 བཀྲ་བྷ་ཡི་སྒྲུང་ཐུང་ཕྱོགས་བསྒྲིགས》[G] ཟི་ལིང་། མཚོ་སྔོན་མི་རིགས་དཔེ་སྐྲུན་ཁང་། 2016ལོ། ཤོག་ངོས་215-217
⑤⑥⑦《མི་རོ་རྩེ་སྒྲུང》[M] ཟི་ལིང་། མཚོ་སྔོན་མི་རིགས་དཔེ་སྐྲུན་ཁང་། 1994ལོ། ཤོག་ངོས་55; 58; 64-65
⑧ བཀྲ་བྷ། 《 སྒྲོལ་མ་ཉེར་གཅིག》[M] ཟི་ལིང་། མཚོ་སྔོན་མི་རིགས་དཔེ་སྐྲུན་ཁང་། 2015ལོ། ཤོག་ངོས་4-10
⑨《མི་རོ་རྩེ་སྒྲུང》 [M] ཟི་ལིང་། མཚོ་སྔོན་མི་རིགས་དཔེ་སྐྲུན་ཁང་། 1994ལོ། ཤོག་ངོས་140-141
⑩ བཀྲ་བྷ། 《 འཚུབ་མ་ཁེར་རྐྱང》[M] ཟི་ལིང་། མཚོ་སྔོན་མི་རིགས་དཔེ་སྐྲུན་ཁང་། 2009ལོ། ཤོག་ངོས་181-183
39.7K

ཐག་རག་ཡིག་བསྒྱུར་མ་ལག

དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1