གཙོ་ངོས།>> སློབ་གསོ།>>འཚོ་བའི་རྒྱུན་ཤེས།

རྩོམ་སྒྲིག་པ།ཚེ་དཔལ། ཡོང་ཁུངས།མཚོ་སྔོན་བོད་ཡིག་གསར་འགྱུར། སྤེལ་དུས། ༢༠༢༡ལོའི་ཟླ་བ་༠༩ཚེས་༢༩ཉིན།

༄༅།། ཁ་དོག་ནག་པོ་ཅན་གྱི་མེ་ཏོག་ཉུང་བའི་རྒྱུ་མཚན་ཅི།

        སྐྱེ་དངོས་མང་པོ་ཞིག་ལ་མེ་ཏོག་བཞད་པར་མ་ཟད། ད་དུང་ཁ་དོག་རྣམ་པར་བཀྲ་བའི་མེ་ཏོག་སྣ་ཚོགས་བཞད་སྲིད། རྩྭ་དང་རྩི་ཤིང་རིགས་ཀྱི་དབྱིབས་དང་ཆེ་ཆུང་། མེ་ཏོག་གི་ཁ་དོག་སོགས་ལ་གཞི་རྒྱུའི་ཚོད་འཛིན་ཐེབས་ཀྱིན་ཡོད་པས། རྒྱུད་འདེད་བྱེད་ཆོག་པ་རེད། རྩི་ཤིང་གི་སྡོང་རྐང་ནང་དུ་མེ་ཏོག་གི་མདོག་རྒྱུ་དང་ལ་ཕུག་རྒྱུའི་རིགས་གནས་ཡོད། མེ་ཏོག་གི་མདོག་རྒྱུ་ནི་སྐྱེ་ལྡན་མདོག་རྒྱུའི་རིགས་ཤིག་ཡིན་ལ། ཁོར་ཡུག་གི་ཤུགས་རྐྱེན་ལ་བསྟེན་ནས་འགྱུར་བ་བྱུང་བས་རྩི་ཤིང་མེ་ཏོག་གི་ཁ་དོག་ལ་དམར་པོ་དང་སྨུག་པོ།སྔོན་པོ་སོགས་འབྱུང་བ་དང་། ལ་ཕུག་རྒྱུ་ལ་ཁ་མདོག་སྣ60ལྷག་ཡོད་དེ། མེ་ཏོག་གི་ཁ་དོག་ལ་སེར་པོ་དང་ལི་མདོག དམར་པོ་སོགས་མི་འདྲ་བ་མང་པོ་ཡོད།
        གོ་ལའི་སྟེང་མེ་ཏོག་གི་ཁ་དོག་ལ་རིགས་མང་པོ་ཡོད་ནའང་། ཁ་དོག་ནག་པོ་ཅན་གྱི་མེ་ཏོག་ཧ་ཅང་དཀོན། ང་ཚོ་ཚང་མས་ཤེས་གསལ་ལྟར། ཉི་མའི་འོད་ནི་དམར་པོ་དང་ལི་མདོག སེར་པོ། ལྗང་ཁུ། སྔོན་པོ། སྨུག་པོ་སོགས་ཁ་དོག7ལས་གྲུབ་པ་ཞིག་ཡིན། མེ་ཏོག་གི་འདབ་མ་ནི་མཉེན་པོ་ཡིན་པས། ཚ་བ་མཐོན་པོས་དེ་ལ་གནོད་སྐྱོན་ཐེབས་སྲིད། མདོག་ནག་པོས་འོད་རླབས་ཡོད་ཚད་སྡུད་ལེན་བྱེད་སླ་བ་དང་། ཉི་འོད་འོག་ཏུ་མེ་ཏོག་གི་དྲོད་ཚད་ཇེ་མགྱོགས་སུ་སོང་ནས་མེ་ཏོག་རྙིད་སླ་བས། མེ་ཏོག་གིས་རང་ལ་སྲུང་སྐྱོང་བྱེད་པར་གནོད་པ་ཐེབས་ཀྱིན་ཡོད། དེའི་ཕྱིར། རང་བྱུང་གི་ཉར་ཚགས་ཐུབ་པའི་མེ་ཏོག་ནག་པོ་ཧ་ཅང་ཉུང་བ་རེད།
        དེ་ལས་གཞན། མིའི་ཐབས་ཀྱིས་བཟོས་པའི་མདོག་ནག་པོའི་མེ་ཏོག་ཧ་ཅང་དཀོན་པོ་ཡིན་ལ། བྱེད་ཐབས་སྣ་མང་བཏོན་ནས་མེ་ཏོག་ནག་པོ་བཙུགས་ཀྱང་སྐྱེས་ནས་གསོན་ཐབས་མེད་པ་ཞིག་རེད། དེའི་ཕྱིར། ཤིང་པད་མ་ནག་པོ་སོགས་ཀྱི་མེ་ཏོག་ནི་མེ་ཏོག་ཁྲི་མ་འབུམ་གྱི་ཁྲོད་ནས་དཀོན་པའི་རིགས་དང་རྩ་ཆེན་གྱི་རིགས་སུ་གྱུར་ཡོད། །

《ལོ་ཆུང་གཞོན་ནུའི་ཤེས་བྱ་ཀུན་བཏུས》ལྟར།

39.7K

ཐག་རག་ཡིག་བསྒྱུར་མ་ལག

དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1