གཙོ་ངོས།>> གསར་འགྱུར།>>སི་ཁྲོན་གསར་འགྱུར།

དཀོན་མཆོག་རྡོ་རྗེ། རྩོམ་སྒྲིག་པ།ཚེ་དཔལ། ཡོང་ཁུངས།ངེད་དྲ་བ། སྤེལ་དུས། ༢༠༢༡ལོའི་ཟླ་བ་༡༠ཚེས་༡༣ཉིན།

དཔལ་སྤུངས་ནས་བྲག་རིས་ཤིག་གསར་དུ་རྙེད།


        ཟླ་བ་༡༠པའི་ཚེས་༥ཉིན་གསར་འགོད་པ་དཔལ་སྤུངས་སུ་འགྲོ་སྐབས་ས་གནས་དེ་གའི་གྲོགས་པོ་རྟ་མགྲིན་ཚེ་དབང་གིས་ཁ་པར་ལམ་ནས་ཁོའི་ཕ་ཡུལ་དཔའ་སྟོད་དུ་བྲག་རིས་ཁ་ཤས་འདུག་པས་ལྟ་ཙམ་འགྲོ་རོགས་ཟེར། དེ་ནས་ང་ཚོ་དཔལ་སྤུངས་ཤང་གི་ཧྲུའུ་ཅི་སྐལ་ལྡན་ནོར་བུ་དང་ས་གནས་དེ་གའི་འབྲོག་པ་རྡོ་རྗེ་དཔལ་ལྡན་གྱི་སྣེ་ཁྲིད་འོག །བྲག་རིས་ཡོད་སའི་ཡུལ་དངོས་སུ་ལྟ་སར་སོང་ནས་འདྲ་པར་ཡང་བརྒྱབ་པ་ཡིན།

        བྲག་རིས་གསར་རྙེད་བྱུང་ས་ནི་སྡེ་དགེ་རྫོང་དཔལ་སྤུངས་ཤང་ནས་ལེ་བར་༢༠ཙམ་སོང་བའི་དཔའ་སྟོད་ཀྱི་དིལ་ལྟག་ཟེར་བའི་བྲག་ངོས་དེ་ཡིན་ཞིང་། རླངས་འཁོར་ལམ་འགྲམ་ནས་གཡོན་ཕྱོགས་སུ་སྨི་༨༠༠ཙམ་གྱི་རི་ངོས་སུ་འཛེག་ན་སླེབས་ཐུབ་ཀྱི་འདུག །ས་གནས་དེ་ནི་མཁས་དབང་ཐུབ་བསྟན་ཕུན་ཚོགས་སྐུ་འཁྲུངས་སའི་ཕ་ཡུལ་ངོ་མ་དེའང་ཡིན་པས་ཐུབ་བསྟན་ཕུན་ཚོགས་ཀྱིས་བྲག་དེ་ལ་དིལ་ལྟག་བྲག་ཤྭ་བ་དང་། དེ་ནས་མར་དཔལ་སྤུངས་ཕྱོགས་ཀྱི་ལེ་བར་གསུམ་ཙམ་གྱི་མཚམས་སུ་འོ་ཐང་བྲག་ཤྭ་བ་ཟེར་བའི་བྲག་རིས་ཤིག་ཀྱང་ཡོད་ཚུལ་གསུངས།

        

        བྲག་རིས་ནི་གནའ་བོའི་སྤྱི་ཚོགས་ཀྱི་ཤེས་རིག་ལག་རྩལ་མཚོན་པའི་དཔང་པོ་གལ་ཆེན་ཞིག་ཡིན་ཞིང་། ལོ་འདི་ཤས་རིང་བོད་ལྗོངས་མངའ་རིས་ཙམ་མ་ཚད་པར་མཚོ་སྔོན་ཡུལ་ཤུལ་ཕྱོགས་སུ་བྲག་རིས་མང་དག་གསར་རྙེད་བྱུང་ཞིང་དུས་ཚོད་སྔ་ཤོས་ནི་ལོ་༣༢༠༠དང་། ཕྱི་ཤོས་ནི་ལོ་༢༦༠༠ཙམ་གྱི་ལོ་རྒྱུས་ཡོད་པ་རེད། དེས་མ་ཚད་པར་ན་ནིང་ནས་ད་ལོའི་བར་དཀར་མཛེས་ཁུལ་གྱི་སེར་ཤུལ་ཨ་རིག་རྫ་དང་དབོན་པོ། ཉག་རོང་། དར་མདོའི་ལྷ་སྒང་སོགས་སུ་བྲག་རིས་ཚོ་མང་པོ་གསར་རྙེད་བྱུང་ཡོད། ད་ཐེངས་སྡེ་དགེའི་དཔལ་སྤུངས་ཀྱི་དཔའ་སྟོད་ནས་བྲག་རིས་གསར་རྙེད་བྱུང་བ་ཡང་བོད་ཀྱི་གནའ་བོའི་ཤེས་རིག་ལ་ལོ་རྒྱུས་ཡུན་རིང་ལྡན་པའི་མཚོན་རྟགས་གལ་ཆེན་ཞིག་ཡིན་པས་ཞིབ་འཇུག་གི་རིན་ཐང་ཆེན་པོ་ལྡན་སྙམ།

        དཔའ་སྟོད་དིལ་ལྟག་བྲག་རིས་ཡོད་སའི་བྲག་ངོས་ཚོ་དྲུག་ཙམ་ཐོག་བྲག་རིས་གཙོ་བོ་ཤྭ་བ་དང་། གཡུང་དྲུང་སོགས་ཀྱི་རི་མོ། ཡི་གེ་རེ་འགའ་བཅས་བསྡོམས་པས་རི་མོ་འདྲ་མིན་༣༠ཙམ་འདུག །

        བོད་ཀྱི་བྲག་རིས་ཞིབ་འཇུག་པ། ཡུལ་ཤུལ་གྲོང་ཁྱེར་གྱི་ལོ་རྒྱུས་རིག་གནས་ཞིབ་འཇུག་ཁང་གི་ཡོན་ཀྲང་འཇམ་དབྱངས་ཉི་མས་བྲག་རིས་ཀྱི་འདྲ་པར་དེ་དག་ལ་གཟིགས་རྗེས་གསུང་རྒྱུར། ཐེངས་འདིར་དཔའ་སྟོད་ནས་རྙེད་པའི་བྲག་རིས་ནི་དཀར་མཛེས་ཁུལ་གྱི་འབྲི་ཆུའི་རྒྱུད་ནས་ཐེངས་དང་པོ་རྙེད་པ་ཞིག་ཡིན་ཞིང་། རི་མོའི་ནང་དོན་དང་། བརྐོ་སྟངས་ཀྱི་ཁྱད་ཆོས་སོགས་ལ་གཞིགས་ན་ཡུལ་ཤུལ་འབྲི་ཆུ་སྟོད་རྒྱུད་ཀྱི་བྲག་རིས་དང་འདྲ་ས་མང་པོའང་འདུག་པས་འཛམ་གླིང་བྲག་རིས་མཉམ་འབྲེལ་ཚོགས་པའི་ཀྲུའུ་ཞི་ནའོ་པའེ་ཐེ་ཡིས་ཡུལ་ཤུལ་གྱི་ཤྭ་བའི་བྲག་རིས་ཤིག་ལ་བརྟག་དཔྱད་གནང་སྟངས་ལྟར་ན་ད་ཐེངས་ཀྱི་ཤྭ་བའི་བྲག་རིས་དེ་དག་ཕལ་ཆེར་ལོ་༢༦༠༠ཙམ་ཡོད་པ་དང་། ཡི་གེ་དང་གཡང་དྲུང་སོགས་ཀྱི་རི་མོ་དེ་དག་ཀྱང་མ་མཐའ་ཡང་ལོ་༡༣༠༠ཡན་ཡོད་ས་འདུག་གསུངས། །



39.7K

ཐག་རག་ཡིག་བསྒྱུར་མ་ལག

དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1