གཙོ་ངོས།>> ཞིབ་འཇུག>>ཀུན་འདུས།

ངག་དབང་རྡོ་རྗེ། རྩོམ་སྒྲིག་པ།ཚེ་དཔལ། ཡོང་ཁུངས།ཀྲུང་གོའི་བོད་རིག་པ། སྤེལ་དུས། ༢༠༢༡ལོའི་ཟླ་བ་༡༠ཚེས་༡༥ཉིན།

༄༅།།ཇོ་བོ་རྗེ་དཔལ་ལྡན་ཨ་ཏི་ཤས་འབྲོམ་སྟོན་པ་རྒྱལ་བའི་འབྱུང་གནས་རང་གི་རྒྱལ་ཚབ་ཏུ་དབང་བསྐུར་བའི་རྒྱུ་མཚན་སྐོར་གླེང་བ།

 ངག་དབང་རྡོ་རྗེ།
[ནང་དོན་གནད་བསྡུས།] དཔྱད་རྩོམ་འདིར་ཨ་ཏི་ཤ་དང་འབྲོམ་སྟོན་པ་གཉིས་ཀྱི་རྣམ་ཐར་གཞིར་བཟུང་ཐོག ཨ་ཏི་ཤ་ཉིད་ཀྱིས་རང་གི་སློབ་མ་ཕུལ་དུ་བྱུང་བ་མང་དུ་ཡོད་པའི་ཁྲོད་ཀྱི་འབྲོམ་སྟོན་པར་སྐྱེས་བུ་གསུམ་གྱི་ལམ་གྱི་རིམ་པའི་གདམས་པ་གནང་སྟེ། རང་གི་རྒྱལ་ཚབ་ཏུ་དབང་བསྐུར་བའི་དགོས་པ་དང་རྒྱུ་མཚན། ཇོ་འབྲོམ་ཡབ་སྲས་བར་གྱི་འབྲེལ་ལམ་སོགས་ཀྱི་སྐོར་གླེངས་ཡོད།
[གནད་ཚིག] ཇོ་བོ་རྗེ་ཨ་ཏི་ཤ། འབྲོམ་སྟོན་པ་རྒྱལ་བའི་འབྱུང་གནས། བླ་སློབ་འབྲེལ་བ།
[ཀྲུང་གོའི་དཔེ་དེབ་དབྱེ་རྟགས།] K281 [ཡིག་ཆའི་མཚོན་རྟགས།] A [རྩོམ་ཡིག་ཨང་རྟགས།]  1002-9060-2021-01-0080-08
         དེ་ཡང་དུས་རབས་བཅུ་གཅིག་པ་དང་དུས་རབས་བཅུ་གཉིས་པ་ནི་བོད་ཀྱི་ནང་བསྟན་གང་ཕྱོགས་ཡོངས་ནས་སླར་གསོ་མཛད་པའི་དམིགས་བསལ་གྱི་དུས་སྐབས་ཤིག་ཡིན་པ་དང་། སྐབས་དེར་བསྟན་པ་སླར་གསོའི་ཆེད་དུ་རྒྱ་གར་གྱི་མཁས་གྲུབ་མང་པོ་གདན་དྲངས་ཤིང་། ཇོ་བོ་རྗེ་དཔལ་ལྡན་ཨ་ཏི་ཤ་ནི་ཁོང་རྣམ་པའི་ཁྲོད་ནས་མཛད་རྗེས་ཆེ་ཤོས་ཉིད་ཡིན། ཇོ་བོ་རྗེས་“བསྟན་པ་དགེ་འདུན་གྱི་སྡེ་ལ་རག་ལས་” ①ཞེས་གདམས་པ་བཞིན། ཁོང་བོད་དུ་ཕེབས་རྗེས་སློབ་མ་ཕུལ་ཏུ་བྱུང་བ་མང་པོ་བསྐྱངས་པ་དང་། ལྷག་པར་དུ་འབྲོམ་སྟོན་པར་སྐྱེས་བུ་གསུམ་གྱི་ལམ་གྱི་རིམ་པའི་གདམས་པ་གནང་ནས་རང་གི་རྒྱལ་ཚབ་ཏུ་དབང་བསྐུར་བ་ན། འབྲོམ་སྟོན་པས་ཀྱང་ལམ་གྱི་རིམ་པའི་ཁྲིད་རྒྱུན་རྒྱ་ཆེར་སྤེལ་ནས་བཀའ་གདམས་པའི་བསྟན་པའི་རྨང་བཙུགས་པས། ཐུབ་པའི་བསྟན་པ་སླར་ཡང་བོད་དུ་དར་བར་མཛད་རྗེས་བླ་མེད་བཞག་ཡོད།
         ཨ་ཏི་ཤར་སློབ་མ་ཕུལ་ཏུ་བྱུང་བ་མང་དུ་བྱུང་བའི་ཁྲོད་ནས་མཐར་འབྲོམ་སྟོན་པ་ཉིད་ཁོང་རང་གི་རྒྱལ་ཚབ་ཏུ་དབང་བསྐུར་བ་ལས། དུས་རབས་བཅུ་གཅིག་པར་བཀའ་གདམས་པའི་བསྟན་པ་བོད་ཡུལ་དུ་རྐང་ཚུགས་ཐུབ་པའི་རྒྱུ་མཚན་རྟོགས་ཐུབ་ལ། ཇོ་འབྲོམ་བར་གྱི་འབྲེལ་ལམ་དེ་ལས་དུས་རབས་བཅུ་གཅིག་པའི་ནང་གི་བཀའ་གདམས་པའི་བླ་སློབ་ཀྱི་འབྲེལ་བར་ངེས་ཤེས་གསར་པ་ཞིག་རྙེད་ཐུབ། དེར་བརྟེན་གཤམ་ནས་ཨ་ཏི་ཤས་འབྲོམ་སྟོན་པ་རྒྱལ་ཚབ་ཏུ་དབང་བསྐུར་བའི་རྒྱུ་མཚན་སྐོར་ནས་གླེང་བར་བྱ་བ་ལ།
དང་པོ། བླ་མའི་ཞབས་ཏོག་མཐར་ཕྱིན་པར་སྒྲུབ་པ།
         སྤྱིར་མདོ་ལུགས་སུ་བླ་མའི་ཞབས་ཏོག་སྒྲུབ་ཚུལ་ལ་ཡང་བཀའ་བཞིན་སྒྲུབ་པ་རབ་དང་། ལུས་ངག་གི་བསྙེན་བཀུར་འབྲིང་། ཟང་ཟིང་དབུལ་བ་ཐ་མ་ཞེས་པ་ལྟར།འབྲོམ་སྟོན་པས་མཉེས་པ་གསུམ་གྱི་སྒོ་ནས་བླ་མའི་ཞབས་ཏོག་སྒྲུབ་པ་ལ་འགྲན་དུ་མེད་པ་ཡིན་ཏེ། འབྲོམ་སྟོན་པ་བླ་མ་སེ་བཙུན་དང་མཇལ་ཏེ་དངོས་སུ་ཆོས་གྲྭར་ཞུགས་རྗེས་མདོ་སྔགས་ལ་གསན་བསམ་མཛད་པ་ཁོ་ན་ཙམ་མ་ཡིན་པར། “བླ་མ་སེ་བཙུན་གྱི་ནང་གི་ཞབས་ཏོག་ཕྱེ་འཐག་པ་ཡན་ཆོད་དང་ཕྱི་རོལ་དུ་རྟ་ཕྱུགས་མང་པོ་ཡོད་པས་ཉིན་པར་དེ་རྣམས་ཀྱི་རྫི་བོ་མཛད། རྟ་བཟང་ཞིག་ལ་བཞོན་ནས་མེལ་ཚེ་མཛད། ཕྱེ་བཏགས་པས་ལག་མཐིལ་གླང་རྒན་གྱི་མཇིང་པ་ལྟར་སོང་བ། དེ་དག་ལ་དགྲ་རྐུན་བྱུང་དུ་དོགས་ནས་ནུབ་རེ་ཞིང་རྟ་བཟང་པོ་རེ་ལ་ཆིབས་འཁོར་གསུམ་ཚེར་མ་འདྲ་བ་བསྣམས་ནས་མཐའ་སྐོར་ཞིང་མེལ་ཚེ་མཛད་པ་” ②སོགས་འཇིག་རྟེན་ཕལ་པའི་ལས་ལའང་དཀའ་བ་མང་དུ་སྤྱད་ལ། མཆིམས་ཆེན་མོས་“ལོ་ཉི་ཤུ་བསྟེན། བྱ་བ་བཞག་ནས་ལོ་བཞི་བསྟེན་” ③ཞེས་གསུངས་པ་ལྟར་འབྲོམ་སྟོན་པས་སེ་བཙུན་བསྟེན་པའི་ལོ་ངོ་ཉི་ཤུའི་རིང་ལོ་བཅུ་དྲུག་ཙམ་ལ་སེ་བཙུན་གྱི་ཞབས་ཏོག་ཁོ་ན་བསྒྲུབས། 
         འབྲོམ་སྟོན་པ་ནི་ཨ་ཏི་ཤ་དང་མཇལ་རྗེས། ཇོ་བོ་ཁུ་སྟོན་གྱིས་ཐང་པོ་ཆེར་གདན་དྲངས་པའི་ཟླ་བ་གཅིག་དང་འབྲོམ་ཉིད་བྱང་དུ་མི་ཆོས་ལ་གསེར་སློང་དུ་བྱོན་པའི་ཟླ་བ་གཅིག་སྟེ་སྔ་ཕྱིའི་ཟླ་བ་གཉིས་ཕུད།④ ཇོ་བོ་ཉིད་དང་གྲིབ་མ་བཞིན་མ་བྲལ་བར་ལོ་བཅུ་གཅིག་གི་རིང་དུ་ཞབས་ཏོག་མཛད་ལ། ཇོ་བོ་ཁུ་སྟོན་གྱིས་གདན་དྲངས་ནས་སྐུ་ངལ་བྱུང་སྐབས། འབྲོམ་སྟོན་པས་རང་གི་སྲོག་ལ་མི་འཛེམས་པར་ཁུ་སྟོན་གྱི་སར་ལྐོག་ཏུ་ཕེབས་ནས་ཇོ་བོ་སྙེ་ཐང་དུ་གདན་དྲངས་པ་⑤སོགས་བླ་མའི་ཆེད་དུ་ལུས་ངག་ཡིད་གསུམ་འབུལ་གནང་ཐུབ་པ་བྱུང་བས། བཤེས་གཉེན་བསྟེན་པའི་ཚུལ་ལ་རྒྱ་གར་ན་བྱང་སེམས་རྟག་ཏུ་ངུ་དང་།བོད་ན་རྗེ་བཙུན་མི་ལ་རས་པ་དང་འབྲོམ་སྟོན་པ་རྒྱལ་བའི་འབྱུང་གནས་གསུམ་མིག་ལྟོས་ཕེར་བའི་ཚད་དུ་འཛིན། 
         བླ་མ་བསྟེན་པ་ལ་རྒྱུ་དངོས་པོའི་བསྔོ་བ་ཡང་ཤིན་ཏུ་ནས་གལ་ཆེ་བས། འབྲོམ་སྟོན་པས་བྱང་དུ་གསེར་སློང་བར་ཕེབས་ནས་ཕྱིར་འཁོར་རྗེས། ཇོ་བོ་ལ་“གསེར་ཞོ་དགུ་དགུ་ལ་སྲང་རེར་རྩིས་པའི་གསེར་སྲང་བརྒྱ་རྩ་བརྒྱད། རྟ་ཉི་ཤུ་རྩ་གཅིག འབྲི་བཅུ་གཅིག བེར་གཉིས། དབྱ་སྤྱང་བཞི། ཁྲབ་བཞི། དངུལ་སྐྱོགས་གཉིས། གླ་གོར་གྱི་སྡེར་མ་གཅིག དེ་ལ་སོགས་པའི་ནོར་སྣ་བརྒྱ་རྩ་བརྒྱད་ཕུལ།བོད་ཀྱི་རྒྱལ་ཁམས་ན་ཉིན་གཅིག་ལ་བླ་མའི་ཞབས་ཏོག་དེ་ཆེ་བ་ཡིན་” ⑥ཞེས་གསུངས་པ་ལྟར། ཕྱིས་སུ་“འབྲོམ་གྱི་འབུལ་མོ་ཆེ་” ⑦ཞེས་བླ་མར་རྒྱུ་དངོས་པོའི་ཞབས་ཏོག་སྒྲུབ་པའི་དཔེ་མཚོན་དུ་གྱུར། རྗེས་སུ་ཇོ་བོ་འདའ་ཁར་ཇོ་བོའི་སློབ་མ་སུ་ཞིག་གིས་སྲོལ་འཛིན་མིན་ཐད་རྩོད་པ་བྱུང་བས། ནག་ཚོ་ལོ་ཙཱ་བའི་ཞལ་ནས་“བླ་མའི་ཞབས་ཏོག་འབྲོམ་སྟོན་པས་འདྲ་བ་ངེད་སུས་ཀྱང་མ་གྲུབ། ཇོ་བོའི་སྲོལ་ཟིན་པ་ཅིག་ཡོང་ན་ཁོང་ལ་ཡོང་” ⑧ཞེས་གསུངས་པ་ཤིན་ཏུ་དོན་ལ་གནས་པར་སེམས།
         གཞན་ཡང་། འབྲོམ་སྟོན་པས་ཨ་ཏི་ཤ་རང་གི་རྩ་བའི་བླ་མར་བཀུར་ནས་བསམ་སྦྱོར་གཉིས་ཀྱི་སྒོ་ནས་ཚུལ་བཞིན་བསྟེན་པ་དང་། མཉེས་པ་གསུམ་གྱི་སྒོ་ནས་བླ་མའི་ཞབས་ཏོག་ལེགས་པར་བསྒྲུབས་ནས་དམ་པའི་ཆོས་ལ་དཀའ་བ་སྤྱད་པའི་རྣམ་ཐར་དེ་འབྲོམ་ལས་བརྒྱུད་པའི་བཀའ་གདམས་པ་སྤྱིའི་མཛད་སྤྱོད་དུ་གྱུར་ལ། འབྲོམ་སྟོན་པ་ནས་པོ་ཏོ་བར་བརྒྱུད་པའི་ལམ་རིམ་གྱི་ལུགས་སུ་ཐོག་མར་བསྟེན་བྱ་དགེ་བའི་བཤེས་གཉེན་བསྟེན་ཚུལ་ནས་འཁྲིད་པ་མཛད་པ་བཞིན།⑨ ཕྱིས་སུ་རྗེ་ཙོང་ཁ་པས་ཀྱང་པོ་ཏོ་བའི་སྲོལ་ལྟར་ལམ་རིམ་ཆེན་མོ་ལྗགས་རྩོམ་གནང་སྐབས་སྔོན་འགྲོ་ཆེ་བ་གསུམ་གྱི་སྒོ་ནས་དབུ་བརྩམས་པ་ལས། ཐོག་མར་བསྟན་བཅོས་རྩོམ་པ་པོའི་ཆེ་བ་བརྗོད་པ་ལ་བསྟེན་བྱ་དགེ་བའི་བཤེས་གཉེན་བསྟེན་ཚུལ་བསྟན་པ་དང་། བོད་བརྒྱུད་ནང་བསྟན་གྱི་ཆོས་བརྒྱུད་གཞན་ཡང་ཕལ་ཆེ་བས་ཀྱང་བཀའ་གདམས་ནས་བརྒྱུད་པའི་ལམ་རིམ་ཉམས་ལེན་དུ་བཞེས་པས། བླ་མ་ལ་མོས་གུས་དང་བླ་མའི་གལ་ཆེའི་རང་བཞིན་གང་དེ་ཤིན་ཏུ་ནས་གསལ་བར་གྱུར།
གཉིས་པ། ལྟ་སྤྱོད་གཅིག་ཏུ་འདྲེས་པ།
         ཇོ་འབྲོམ་རྣམ་གཉིས་སོ་སོའི་ལྟ་བའི་བཞེད་པ་དང་སྤྱོད་པ་འཛིན་སྟངས་ཀྱི་ཆ་ནས་གླེང་ན། 《ཨ་ཏི་ཤའི་རྣམ་ཐར་》ལས། “ཇོ་བོའི་བླ་མ་གསེར་བརྗོད་པ་དེ་ལྟ་བ་སེམས་ཙམ་རྣམ་བདེན་པ་བཞེད། རྣམ་བུད་དྷའི་ལུགས་ལ་མི་བཞུགས། འབུམ་དྲངས་དོན་ཡིན། གསེར་གླིང་པའི་སློབ་མ་ཡིན་པ་ཇོ་བོའི་བླ་མ་ཡིན་པ་ཤན་ཏི་པ་ནི་སེམས་རྣམ་བདེན་པ་ལ་རྒྱ་ཆེར་སྤྱོད་པ་ཟེར། རང་གི་རྣམ་རྫུན་པ་ལ་དབུ་མ་ཟེར། དབུ་མ་པ་ལ་ཆད་ལྟ་ཟེར། ཇོ་བོ་གཉིས་ཀའི་སློབ་མ་ཡིན་ཏེ་ལྟ་བ་དབུ་མ་བཞེད་པ་ཡིན་” ⑩ཞེས་ཇོ་བོ་རྗེ་ནི་མགོན་པོ་ཀླུ་སྒྲུབ་ནས་བརྒྱུད་པའི་དབུ་མའི་ལུགས་བཞེད་མཁན་དང་། ཁོང་གིས་ཀྭ་ཆུར་དབུ་མ་རིགས་ཚོགས་གསུངས་ཤིང་། ནག་ཚོ་ལོ་ཙཱ་བ་དང་ལྷན་དུ་དཔལ་ལྡན་ཟླ་བ་གྲགས་པས་མཛད་པའི་དབུ་མ་ཕུང་པོ་ལྔ་པ་བསྒྱུར།⑪འབྲོམ་སྟོན་པ་ཡང་དབུ་མའི་ལྟ་བ་ལ་ཤིན་ཏུ་ནས་མོས་མཁན་ཞིག་སྟེ། ཁོང་གིས་སེ་བཙུན་གྱི་མདུན་དུ་བཞུགས་རིང་ཀླུ་སྒྲུབ་ཡབ་སྲས་ཀྱི་དབུ་མའི་གཞུང་སྐོར་དང་གསང་སྔགས་རྙིང་པར་རྩལ་དུ་ཐོན་པ་སྦྱངས་པ་དང་། ཇོ་བོ་སྙེ་ཐང་དུ་བཞུགས་སྐབས་“དགེ་བཤེས་སྟོན་པས་ཇོ་བོ་ལ་ཟླ་གྲགས་ལུགས་ཀྱི་རྟོགས་པ་ཕུལ་བས། ཇོ་བོའི་ཕྱག་ཐལ་མོ་ཤར་ཕྱོགས་སུ་སྦྱར་ནས་ད་ལྟ་རྒྱ་གར་ཤར་ཕྱོགས་ན་ལྟ་བ་འདི་ཁོ་ན་འཛིན། ཁྱོད་ལྟ་བུའི་སེམས་ཅན་ཆེན་པོ་བོད་ན་འདུག་པ་ལ་བོད་བསོད་ནམས་མི་ཆུང་ཁོ་བོ་ཡང་མི་དགོས་པར་འདུག་” ⑫ཅེས་ཇོ་བོ་འབྲོམ་སྟོན་པར་ཐུགས་ཤིན་ཏུ་དགྱེས་པར་གནང་། ཇོ་བོ་དགོངས་པ་རྫོགས་རྗེས་ཁུ་རྔོག་འབྲོམ་གསུམ་སོ་སོས་ཚོགས་པ་བསྐྱངས་ནས་བསྟན་པ་སྤེལ་སྐབས།“ཁུ་ནི་བོད་འདི་ལྟར་འདོད། ཨ་དྷི་ཤ་འདི་ལྟར་འདོད། སྐབས་འདིར་བོད་ཀྱི་རང་བདེ་གསུངས་ནས་སུན་འདོན་པར་ཡང་མཛད། རྔོག་ནི་བོད་འདི་ལྟར་འདོད། ཨ་དྷི་ཤ་འདི་ལྟར་འདོད། ཅེས་གཉིས་སུ་བྱེད་ཀྱང་སུན་མི་འདོན། འབྲོམ་ནི་སྔར་སེ་བཙུན་གྱི་ཆོས་རྣམས་ཇོ་བོ་ཆོས་དང་མཐུན་པ་རྣམས་མཐུན་ཞེས་བྱ། མི་མཐུན་པ་རྣམས་མཚམས་བཞག་ནས་ཇོ་བོའི་གསུང་ཇི་ལྟ་བ་བཞིན་དུ་མཛད་” ⑬ཅེས་འབྲོམ་སྟོན་པས་ལྟ་བ་ཇོ་བོའི་ལུགས་ལྟར་མཛད་ཚུལ་འཁོད་འདུག
         སྤྱོད་པ་སྙིང་རྗེ་ཆེན་པོ་ཞེས་སངས་རྒྱས་ཆོས་ལུགས་སྤྱིའི་མཛད་སྤྱོད་ཡིན་པ་བཞིན་ཇོ་འབྲོམ་གཉིས་ཀར་བདག་གཞན་མཉམ་བརྗེའི་བྱང་ཆུབ་ཀྱི་སེམས་དང་ལྡན་པ་ཁོང་གཉིས་ཀྱི་རྣམ་ཐར་ལས་རྟོགས་ཐུབ། འཇིག་རྟེན་ཕལ་པའི་མཛད་སྤྱོད་ཆ་ནས་བརྗོད་ཀྱང་འབྲོམ་སྟོན་པ་ནི་མི་གཤིས་འཇམ་ཞིང་ཁེངས་པ་དང་ཆེ་འགྱིང་མི་མངའ་བས་ཀུན་གྱི་བྲན་དུ་བཞུགས་པ་ལྟ་བུ་ཡིན་ཞིང་། སྔ་ཕྱིར་སེ་བཙུན་གྱི་རྟ་ཕག་གི་རྫི་བོ་གནང་བ་དང་། ཞང་འཕྲང་ཁ་བེར་ཆུང་ལ་ཕྱག་ཕུལ་བ། སྔགས་པ་ཆང་གིས་བཟི་བའི་ལྷམ་ཁྲེས་འཁུར་གནང་བ། ཁུས་བརྙས་པ་ལན་མང་མཛད་པར་ཇི་མི་སྙམ་པའི་བཟོད་པ་མཛད་པ་⑭སོགས་མཛད་པ་ཡ་མཚན་པ་བསྐྱངས་པས། ཇོ་བོ་རྗེའི་སློབ་མའི་ཁྲོད་མཛད་སྤྱོད་ཕུལ་ཏུ་བྱུང་བ་ཡིན། 
         བཀའ་གདམས་ཀྱི་མཛད་སྤྱོད་ཀུན་ནི་བླ་མ་གསེར་གླིང་པ་ནས་བྱུང་ཞེས་པ་ལྟར། ཇོ་བོ་རྗེའི་བླ་མའི་ཁྲོད་གསེར་གླིང་པ་ཉིད་བཀའ་དྲིན་ཆེ་ཤོས་སུ་འཛིན་པས། ཇོ་བོས་ལོ་ལྟར་བླ་མ་གསེར་གླིང་པའི་འདས་མཆོད་རྒྱ་ཆེན་རེ་མཛད་སྲོལ་ཡོད་པ་བཞིན། ཕྱིས་སུ་འབྲོམ་སྟོན་པས་ཀྱང་སྲོལ་འདི་བཟུང་ནས་ཇོ་བོ་རྗེ་འདས་ནས་ལོ་གཅིག་འགོར་རྗེས་ཀྱི་ལུག་ལོ་ནས་བཟུང་སྟེ་ལོ་རེར་རྗེས་དྲན་གྱི་མཆོད་པ་ཆེན་པོ་རེ་མ་ཆད་པར་བྱས་ལ། ཇོ་བོ་མཇལ་བའི་ནུབ་མོ་ནས་བཟུང་མར་མེ་མཚན་ཐུབ་གཅིག་ཇོ་བོའི་དབུ་སྔས་སུ་ཕུལ་བས་ད་ལྟར་རྭ་སྒྲེང་ན་ཡང་གདུང་བཞུགས་པ་ཡན་ཆོད་ལ་མར་དཀར་གྱི་མར་མེ་མཚན་ཐུབ་རེ་ཆད་མ་མྱོང་གསུངས།⑮
 གསུམ་པ། ཕྱི་དར་གྱི་འདུལ་བའི་སྡོམ་རྒྱུན་དང་འབྲེལ་བ།
         བསྟན་པ་སྔ་དར་གྱི་སྐབས་སུ་བོད་དུ་འདུལ་བའི་སྡོམ་པ་ཞི་བ་འཚོ་ཡབ་སྲས་ནས་བརྒྱུད་པའི་གཞི་ཐམས་ཅད་ཡོད་པར་སྨྲ་བའི་སྡེ་ལས་སྡེ་པ་གཞན་ལེན་མི་ཆོག་པ་རྒྱལ་པོས་བཀས་བཅད། ཨ་ཏི་ཤ་བོད་དུ་ཕེབས་པའི་དུས་སྐབས་ནི་བསྟན་པ་ཕྱི་དར་འགོ་ཚུགས་ནས་དུས་རབས་གཅིག་ཙམ་འགོར་བའི་རྗེས་ཡིན་པས། སྐབས་དེའི་བོད་ཀྱི་ཆོས་བྱེད་པ་ཕལ་ཆེ་བ་ཐམས་ཅད་ཡོད་སྨྲའི་སྡོམ་རྒྱུན་འདུལ་བ་སྟོད་འདུལ་དང་སྨད་འདུལ་གྱི་ལུགས་འཛིན་མཁན་ཤ་སྟག་ཡིན། ཨ་ཏི་ཤ་ནི་ཕལ་ཆེན་སྡེ་པའི་སྡོམ་རྒྱུན་འཛིན་མཁན་ཞིག་ཡིན་པས་བོད་དུ་ཕལ་ཆེན་པའི་སྡེ་འཛུགས་པར་མོས་ཀྱང་འབྲོམ་སྟོན་པས་བཀག་ནས་འཛུགས་དབང་མ་བྱུང་བ་རེད། 
         ཇོ་བོ་རྗེའི་སློབ་མའི་ཁྲོད་ལོ་ཆེན་རིན་ཆེན་བཟང་པོ་དང་ནག་ཚོ་ལོ་ཙཱ་བ་སོགས་ཀྱིས་སྟོད་འདུལ་གྱི་སྲོལ་འཛིན་པ་དང་། ཁུ་རྔོག་འབྲོམ་གསུམ་དང་ཁམས་པ་སྐུ་མཆེད་སོགས་ཀྱིས་སྨད་འདུལ་གྱི་སྲོལ་འཛིན། སྐབས་དེའི་དབུས་ཀྱི་དགེ་འདུན་ཕལ་ཆེར་མཁན་བརྒྱུད་གཅིག་ནས་བརྒྱུད་པའི་འདུལ་བའི་སྡོམ་རྒྱུན་གཙོར་བྱས་པའི་འདུལ་བ་སྡེ་བཞིར་གྱེས། འདི་ལ་དུས་རབས་བཅུ་གཉིས་པའི་ནང་བྱོན་པའི་ས་སྐྱ་རྗེ་བཙུན་གྲགས་པ་རྒྱལ་མཚན་(1147-1216)གྱིས་མཛད་པའི་《རྒྱ་བོད་ཀྱི་སྡེ་པའི་གྱེས་མདོ་》ལས། “དབུས་ཀྱི་སྡེ་བཞི་ལ་ཀླུ་མེས་དང་། སྦ་དང་། རག་ཤ་དང་། འབྲིང་ཚོའོ་” ⑯ཞེས་པ་ལྟར་ཡིན་ལ། ཨ་ཏི་ཤའི་དབུས་ཀྱི་སློབ་མ་གཙོ་ཆེ་བ་ཕལ་ཆེར་དབུས་ཀྱི་འདུལ་བ་སྡེ་བཞིར་གྲགས་པའི་མཁན་བརྒྱུད་ཡིན་ཞིང་། མཁན་བརྒྱུད་སོ་སོར་ཡང་རང་རང་གི་གནས་གཞི་ཡོད། ཨ་ཏི་ཤ་དགོངས་པ་རྫོགས་རྗེས་ཁོང་གི་སློབ་མ་ཕལ་ཆེ་བས་སྡེ་པ་སོ་སོའི་མཁན་བརྒྱུད་གཙོར་དེད་ནས་“སྙེ་ཐང་བང་སྟོན་གྱི་བོར་(འོར)བཞེངས་པས་རྦ་རག་གིས་ཁྱེར། ཁུ་སྟོན་གྱིས་ཡར་ཀླུང་འདྲེན་གྱི་ལྷ་སྡིངས་བཞེངས་པས་ཀླུ་མེས་ཀྱིས་ཁྱེར། རྔོག་སྟོན་པས་གསང་ཕུ་སྣེ་ཐོག་རྒྱ་ཕུགས་ཆ་ར་ཙམ་གཅིག་བཞེངས་པས་འབྲི་ཆོས་(འབྲིང་ཚོས)ཁྱེར་” ⑰ནས་ཨ་ཏི་ཤའི་སྲོལ་འཛིན་མཁན་མ་བྱུང་ལ། ཨ་ཏི་ཤ་དགོངས་པ་རྫོགས་ཁར་འབྲོམ་སྟོན་པར་གདམས་པའི་ཞལ་ཆེམས་སྙན་ངག་ལས་“ད་ནི་གུང་ཐང་པ་ཡང་ཡར་ལ་སོང་། །ཨ་མེས་དམ་པ་རྒྱ་གར་ཡུལ་དུ་ཆས། །ཁུ་རྔོག་ལ་སོགས་ཆེ་བ་རང་སར་སྐྱོང་། །ཁྱོད་ཀྱི་དྲུང་ན་རང་ཉིད་དགོང་ཉི་ཙམ། །” ⑱ཞེས་པའི་ཚིགས་རྐང་གསུམ་པའི་ཁྲོད་ཀྱི་ཁུ་རྔོག་རང་སར་སྐྱོང་ཞེས་པའི་རང་ས་ཡང་ཁུས་ཀླུ་མེས་ཀྱི་སྡེ་དང་རྔོག་གིས་འབྲིང་གི་སྡེ་སྐྱོང་ཞེས་པའི་དོན་ཡིན་པ་གསལ་པོར་རྟོགས་ཐུབ། འབྲོམ་སྟོན་པར་མཚོན་ན་གཅིག་ནས་རང་གི་གནས་གཞི་མེད་ལ། གཉིས་ནས་ཁོང་གི་སྡོམ་པ་ཀླུ་མེས་ཀྱི་མཁན་བུ་ལས་བླངས་མོད། དབུས་ཀྱི་སྡེ་པ་བཞི་གང་གི་ཕྱོགས་སུ་ཡང་མི་ལྷུང་པར། ཀུན་ལ་སྙོམས་ཤིང་“ཐུགས་སྒམ་ལ་སྐྱེལ་ཆེ་བ་རྒྱལ་པོ་དར་བའི་དུས་ཡིན་ན་གུང་བློན་ཕེར་བའི་ཐུགས་ཚད་ཙམ་མངའ་” ⑲ཞེས་སྨྲས་པ་ལྟར་ཡིན་ལ། འབྲོམ་སྟོན་པ་ནི་བོད་ཁམས་སྤྱིའི་བདེ་སྡུག་ལ་བསམས་ནས་སངས་རྒྱས་ཆོས་ལུགས་བསྐྱར་དར་གྱི་ཆེད་འབད་པ་ལྷོད་མེད་མཛད་མཁན་ཞིག་ཡིན་པ་ཁོང་གི་རྣམ་ཐར་ལ་མཇལ་ཚེ་རྟོགས་ནུས་ཤིང་། རྒྱུ་མཚན་འདི་དག་ལ་བརྟེན་ནས་ཨ་ཏི་ཤས་འབྲོམ་སྟོན་པ་རྒྱལ་ཚབ་ཏུ་དབང་བསྐུར་བས། འབྲོམ་སྟོན་པས་ཀྱང་ཕྱིས་སུ་རྭ་སྒྲེང་བཞེངས་སྐབས་“ཇོ་བོའི་ཐུགས་དགོངས་བའི་ཕྱིར། བྷི་ཀ་མ་ལ་ཤི་ལའི་གནས་ཆུང་ལྟར་དུ་བཞེངས་ཏེ། བོད་ཀྱི་སྡེ་པ་གང་གི་ཡང་ཕྱོགས་སུ་མ་སོང་བ། བོད་ཀྱི་རྡོ་རྗེ་གདན། སྦ་མི་རག ཀླུ་མི་ཚད། འབྲིང་མི་ཚོ། རག་མི་ཚོ། ཚོང་མི་ཚོ། བོད་ཁ་བ་ཅན་ཡོངས་ཀྱི་སྤྱི་མཆོད་གནས་སངས་རྒྱས་བསྟན་པ་མི་ནུབ་པའི་རྒྱལ་མཚན། མི་འགྱུར་བའི་སྲོག་ཤིང་དུ་བཞེངས་” ⑳པ་ནི་རྩ་བའི་རྒྱུ་མཚན་ཡིན།
         བཞི་པ། རྒྱ་གར་གྱི་ནང་བསྟན་གྱི་གནས་བབ་དང་འབྲེལ་བ།ཇོ་བོ་རྗེ་སྐུ་འཚོ་བཞུགས་སྐབས་ཀྱི་དུས་རབས་བཅུ་པ་དང་དུས་རབས་བཅུ་གཅིག་པ་ནི་ཨེ་ཤ་ཡ་དབུས་རྒྱུད་ཀྱི་ཡུལ་གྲུ་ཁག་ཏུ་ནང་ཆོས་ཉམས་འགོ་ཚུགས་པའི་དུས་སྐབས་ཤིག་ཡིན་ཏེ། སྐབས་དེར་གྷེ་ཛི་ནི་དང་གར་ལོག་སོགས་དབྱི་སི་ལན་ཆོས་ལུགས་ལ་དད་མོས་ཆེ་བའི་ཨེ་ཤ་ཡ་དབུས་རྒྱུད་ཀྱི་རྒྱལ་ཁབ་ཁག་རིམ་བཞིན་དབང་ཤུགས་ཇེ་ཆེར་སོང་བས། དེ་དག་གིས་དྲག་པོའི་སྟོབས་ཤུགས་ལ་བརྟེན་ནས་སྔར་གྱི་ནང་ཆོས་དར་བའི་ཡུལ་གྲུ་མང་པོ་ཞིག་རིམ་བཞིན་དབྱི་སི་ལན་ཆོས་ལུགས་སུ་བསྒྱུར་འགོ་ཚུགས། སྤྱི་ལོ་1001ལོ་སྟེ་ཇོ་བོ་རྗེ་དགུང་གྲངས་བཅུ་དགུར་བཞེས་སྐབས། ཨེ་ཤ་ཡ་དབུས་རྒྱུད་ཀྱི་གྷེ་ཛི་ནི་རྒྱལ་རབས་(21)ཀྱི་དབང་བསྒྱུར་བ་མུ་ཧན་མུདྡ་(22)ཡིས་རྒྱ་གར་གྱི་ནུབ་བྱང་རྒྱུད་དུ་ཐོག་མར་བཙན་འཛུལ་བྱས་ཤིང་། དེའི་རྗེས་སུ་བསྟུད་མར་བཙན་འཛུལ་དྲག་པོ་ལན་བཅུ་བདུན་བྱས་པའི་རིང་དུ། ཨུ་རྒྱན་དང་ཁ་ཆེའི་ཡུལ་གྱི་བྲམ་ཟེ་དང་ནང་པའི་དགོན་སྡེ་མང་པོར་གཏོར་སྐྱོན་ཚབས་ཆེན་བཏང་བ་མ་ཟད། རྒྱ་གར་དབུས་ཕྱོགས་སུ་ཡང་“དུ་རུ་ཁའི་དམག་” (23)གི་འཇིགས་པ་བྱུང་ནས། ཡུལ་གྲུ་དེ་དག་རིམ་བཞིན་དབྱི་སི་ལན་ཆོས་ལུགས་སུ་བསྒྱུར་འགོ་ཚུགས།(24) དེ་དང་མཐུན་པར་བོད་ཀྱི་བྱང་ཕྱོགས་སུ་གནས་པའི་ལི་ཡུལ་དང་གར་ལོག་དབར་དམག་འཁྲུག་ལོ་མང་བྱུང་མཐར། སྤྱི་ལོ་1006ལོར་གར་ལོག་གིས་ལི་ཡུལ་དབང་འོག་ཏུ་བསྡུས་པས། ལི་ཡུལ་ཕལ་ཆེར་དབྱི་སི་ལན་ཆོས་ལུགས་སུ་བསྒྱུར་འགོ་ཚུགས།(25) དེ་ཡང་ད་ལྟ་རྭ་སྒྲེང་དུ་བཞུགས་པའི་ཇོ་བོའི་ཐུགས་དམ་ཇོ་བོ་འཇམ་དཔལ་རྡོ་རྗེ་ཡང་ཐོག་མར་ལི་ཡི་རྒྱལ་པོའི་ཐུགས་དམ་ཡིན་པ་དང་། ཕྱིས་སུ་ལི་རྒྱལ་གྱི་ཐུགས་སྨོན་འཕྲིན་ཡིག་དང་བཅས་བྱིས་པ་ཞིག་གིས་ཇོ་བོའི་ཕྱག་ཏུ་ཕུལ་བར་གྲགས་པས།(26) དུས་སྐབས་དེར་ལི་ཡུལ་གྱི་ནང་པ་མི་ཉུང་བ་ཞིག་བོད་དང་རྒྱ་ནག་སོགས་ནང་པའི་ཡུལ་གྲུ་ཁག་ཏུ་སྐྱབས་བཅོལ་དུ་བྱོན་པ་ཡང་གསལ་པོར་རྟོགས་ཐུབ།
         ཇོ་བོ་རྗེ་དཔལ་ལྡན་ཨ་ཏི་ཤ་ནི་དེ་ལྟའི་སྤྱི་ཚོགས་ཤིག་གི་ནང་འཚར་ལོངས་བྱུང་བའི་རྒྱ་གར་གྱི་ནང་པའི་མཁས་པ་ཆེན་པོ་ཞིག་ཡིན་པས། ཐུབ་པའི་བསྟན་པ་མི་ཉམས་གོང་འཕེལ་གཏོང་རྒྱུ་ནི་ཁོང་གི་འགན་འཁྲི་ཆེན་པོ་ཞིག་ཏུ་གྱུར། ཨ་ཏི་ཤ་བོད་དུ་བྱོན་པའི་དུས་སྐབས་ནི་ས་ཕོ་སྟག་ལོར་(919) (27)ཀླུ་མེས་སོགས་མཁས་པ་མི་བཅུས་དབུས་གཙང་ནས་ཐུབ་བསྟན་སླར་གསོ་མཛད་ནས་དུས་རབས་གཅིག་ལྷག་འགོར་བ་དང་། སྤྱི་ལོ་987པར་ལོ་ཆེན་རིན་ཆེན་བཟང་པོ་ཁ་ཆེའི་ཡུལ་ནས་ཕྱིར་མངའ་རིས་སུ་ཕེབས་ཏེ་དུས་རབས་ཕྱེད་ལྷག་འགོར་བ་སོགས་བོད་ཁམས་ཕྱོགས་མཐའ་ཀུན་ཏུ་ནང་བསྟན་སླར་གསོ་བྱེད་པའི་དུས་རབས་ཤིག་ཡིན་པས། ཨ་ཏི་ཤར་མཚོན་ན་བོད་ཡུལ་ནི་ཐུབ་པའི་བསྟན་པ་དར་འཕེལ་གཏོང་བའི་ཡུལ་དམིགས་བསལ་བ་ཞིག་ཏུ་གྱུར་ཡོད། འོན་ཀྱང་སྐབས་དེར་བོད་ཡུལ་ཕལ་ཆེར་རུས་རྒྱུད་དང་འདུལ་བའི་སྡོམ་རྒྱུན་གཙོ་བོར་བཟུང་བའི་ཆོས་རྒྱུད་ཕན་ཚུན་བར་ས་གནས་ཀྱི་དབང་ཆ་འཕྲོག་རེས་བྱེད་པ་སོགས་འགལ་བ་སྣ་ཚོགས་འབྱུང་བཞིན་ཡོད་པས། ཨ་ཏི་ཤས་དེ་ལྟའི་སྤྱི་ཚོགས་སུ་ཐུབ་པའི་བསྟན་པ་སྤེལ་བར་དཀའ་ངལ་མི་ཉུང་བ་ཞིག་ལ་འཕྲད་མྱོང་། ཨ་ཏི་ཤའི་སློབ་མའི་ཁྲོད་འབྲོམ་སྟོན་པ་ནི་བོད་བཙན་པོའི་སྐབས་ཀྱི་རུས་རྒྱུད་གྲགས་ཅན་འབྲོམ་(28)ལས་འཁྲུངས་ཤིང་། ཁོང་ལ་དབུ་རུའི་བྱང་ཕྱོགས་སུ་འབྲོམ་རུས་ཚོ་དང་ཞང་འཕྲང་ཁ་བེར་ཆུང་སོགས་ས་གནས་སྟོབས་ཤུགས་ཀྱི་རྒྱབ་སྐྱོར་ཆེན་པོ་ཐོབ་ཡོད་པས། ཨ་ཏི་ཤས་དབུས་ནས་བསྟན་པ་སྤེལ་བར་འབྲོམ་སྟོན་པ་ལས་ལྷག་པའི་འོས་མི་ཞིག་མེད་པར། ཇོ་བོས་འབྲོམ་སྟོན་པར་གདམས་པའི་ཞལ་ཆེམས་སྙན་རྩོམ་ལས་“མཐའ་རྒྱ་བྱང་ནས་སྐྱེད་ཅིག་” (29)ཅེས་པ་ཡང་རྒྱུ་མཚན་འདིར་དགོངས་པར་འདོད་དོ། །
         མཇུག་བསྡུ་བ།
         ཇོ་བོ་རྗེ་ཨ་ཏི་ཤ་བོད་དུ་བྱོན་པའི་དུས་རབས་བཅུ་གཅིག་པ་ནི་བོད་དུ་གཅིག་གྱུར་གྱི་སྲིད་དབང་ཞིག་མེད་པར་བཙན་པོའི་གདུང་རྒྱུད་དང་རུས་རྒྱུད་ཆེ་ཁག་ནས་ས་གནས་བཅད་བཟུང་གིས་དབང་བསྒྱུར་བའི་དུས་སྐབས་ཤིག་ཡིན་ཞིང་། སྐབས་དེར་བོད་དུ་སྦྱོར་སྒྲོལ་སོགས་རྩིང་སྤྱོད་སྣ་ཚོགས་དར་བ་དང་། འདུལ་བའི་སྡོམ་རྒྱུན་གཙོ་བོར་བཟུང་བའི་ཆོས་རྒྱུད་ཕན་ཚུན་བར་ས་གནས་ཀྱི་དབང་ཆ་འཕྲོག་རེས་བྱེད་པ་སོགས་འགལ་བ་སྣ་ཚོགས་བྱུང་བས། ཨ་ཏི་ཤས་དེ་ལྟའི་སྤྱི་ཚོགས་ཀྱི་ནང་དུ་ཐུབ་པའི་བསྟན་པ་སྤེལ་བར་ས་གནས་ཀྱི་དབང་བསྒྱུར་བ་དང་རུས་རྒྱུད་ཆེ་ཁག་གི་རྒྱབ་སྐྱོར་བྱས་པ་དང་ཁ་བྲལ་ཐབས་མེད་ལ། ཇོ་བོ་རྗེས་“བསྟན་པ་དགེ་འདུན་གྱི་སྡེ་ལ་རག་ལས་” (30)ཞེས་གདམས་པ་བཞིན། ཐུབ་པའི་བསྟན་པ་ཡུན་དུ་གནས་པར་ཕ་རོལ་གྱི་ལྟ་སྤྱོད་ལོག་པ་འགག་པར་བྱེད་པའི་གཞུང་ལུགས་ཤིག་དགོས་པ་དང་རང་ལུགས་རྒྱུད་འཛིན་པའི་སློབ་བུའང་སྐྱོང་དགོས་པ་ཤིན་ཏུ་གལ་ཆེ་བར་དགོངས་པ་རེད།དེར་བརྟེན། ཨ་ཏི་ཤའི་ངོས་ནས་བརྗོད་ན། རང་གི་རྒྱུད་པ་འཛིན་པའི་སློབ་མ་ནི་ཡོན་ཏན་དང་ལྟ་སྤྱོད་ཀྱི་ཆ་ནས་བླ་མའི་མོས་པ་དང་མཐུན་པ་ཞིག་ཡིན་པས་ཆོག་མོད། དེ་ལས་ཀྱང་གལ་འགངས་ཆེ་བ་ནི་རང་གི་ཆོས་རྒྱུད་བཟུང་ནས་ཐུབ་བསྟན་སླར་གསོའི་འཕྲིན་ལས་སྤེལ་ནུས་མཁན་ཞིག་ཡིན་དགོས་པས། ཇོ་བོ་རྗེས་འབྲོམ་སྟོན་པ་ནི་དེ་ལྟའི་སློབ་མ་ཞིག་ཏུ་གཟིགས་ནས་རང་གི་བརྩེ་བའི་བུ་ལྟར་གདམས་ངག་ཅི་ཡོད་ཕས་བུ་ལ་སྦྱིན་པ་བཞིན་བུམ་པ་གང་བྱོའི་ཚུལ་དུ་གནང་ལ། ལྷག་པར་དུ་འབྲོམ་སྟོན་པར་སྐྱེས་བུ་གསུམ་གྱི་ལམ་གྱི་རིམ་པའི་གདམས་པ་གནང་ནས་རང་གི་རྒྱལ་ཚབ་ཏུ་དབང་བསྐུར་བས། བཀའ་གདམས་པའི་བསྟན་པ་གང་དེ་བོད་དུ་རྐང་ཚུགས་ཤིང་དར་ཞིང་རྒྱས་པར་བྱུང་བའོ། །
         དཔྱད་གཞིའི་ཡིག་ཆ།
         [1] ཨ་ཏི་ཤ། 《འབྲོམ་སྟོན་པ་རྒྱལ་བའི་འབྱུང་གནས་ཀྱི་སྐྱེས་རབས་བཀའ་གདམས་བུ་ཆོས》 [M] ཟི་ལིང་། མཚོ་སྔོན་མི་རིགས་དཔེ་སྐྲུན་ཁང་། 2012ལོ།
         [2] འབྲོམ་ཤེས་རབ་མེ་ལྕེ། 《རྒྱལ་བའི་དབེན་གནས་རྭ་སྒྲེང་གི་བཤད་པ་ཉི་མའི་འོད་ཟེར》 [M] དབུ་མེད་བྲིས་མ།
         [3] བཅོམ་ལྡན་རིག་པའི་རལ་གྲི། 《ཆོས་མངོན་པ་ཀུན་ལས་བཏུས་པ་རྒྱན་གྱི་མེ་ཏོག་གི་མཇུག་བྱང》 《བཅོམ་ལྡན་རིག་པའི་རལ་གྲིའི་གསུངས་འབུམ་ཕྱོགས་བསྒྲིགས》[G] (པོད་དང་པོ) དཔལ་བརྩེགས་བོད་ཡིག་གློག་རྡུལ་དཔེ་རྙིང་པར་སྐྲུན་ཁང་།
         [4] ནེའུ་པཎྜི་ཏ་གྲགས་པ་སྨོན་ལམ། 《སྔོན་གྱི་གཏམ་མེ་ཏོག་ཕྲེང་བ》 [M] ལྷ་ས། བོད་ལྗོངས་བོད་ཡིག་དཔེ་རྙིང་དཔེ་སྐྲུན་ཁང་། 1990ལོ།
         [5] ངག་དབང་ཀུན་དགའ་བསོད་ནམས་གྲགས་པ་རྒྱལ་མཚན།《བཀའ་གདམས་ཆོས་འབྱུང་ངོ་མཚར་རྒྱ་མཚོ》 ཟི་ལིང་། མཚོ་སྔོན་མི་རིགས་དཔེ་སྐྲུན་ཁང་། 1995ལོ།
          [6]ཡོངས་འཛིན་ཡེ་ཤེས་རྒྱལ་མཚན། 《ལམ་རིམ་བླ་མ་བརྒྱུད་པའི་རྣམ་ཐར》 [M] རྔ་བ། སི་ཁྲོན་རྔ་བ་ཁུལ་ཁྱུང་ཆུ་རྫོང་མི་རིགས་སློབ་གྲྭས་པར་བཏབ།
         [7] Vitali, Roberto. Bka’ gdams pa Religious Politics in Dbus:The One Hundred Years after Atisha’s Death, in: Olaf Czaja/ GuntramHazod (ed). The Illuminating Mirror. Wiesbaden, 2015.
         མཆན་འགྲེལ།
         ①ནག་ཚོ་ཚུལ་ཁྲིམས་རྒྱལ་བ། 《ཇོ་བོ་ཆེན་པོ་རྗེ་ལྷ་གཅིག་གི་རྣམ་པར་ཐར་བ》 《ཇོ་བོ་རྗེ་དཔལ་ལྡན་ཨ་ཏི་ཤའི་རྣམ་ཐར་ཕྱོགས་བསྒྲིགས》 [G] ལྷ་ས། བོད་ལྗོངས་མི་དམངས་དཔེ་སྐྲུན་ཁང་། 2014ལོ། ཤོག་ངོས་224
         ②③མཆིམས་ནམ་མཁའ་གྲགས། 《དགེ་བཤེས་སྟོན་པའི་རྣམ་ཐར》 [M] དབུ་ཅན་བྲིས་མ། ཤོག་ངོས། A173; A174
         ④⑤⑧ནག་ཚོ་ཚུལ་ཁྲིམས་རྒྱལ་བ། 《ཇོ་བོ་ཆེན་པོ་རྗེ་ལྷ་གཅིག་གི་རྣམ་པར་ཐར་བ》 《ཇོ་བོ་རྗེ་དཔལ་ལྡན་ཨ་ཏི་ཤའི་རྣམ་ཐར་ཕྱོགས་བསྒྲིགས》[G] ལྷ་ས། བོད་ལྗོངས་མི་དམངས་དཔེ་སྐྲུན་ཁང་། 2014ལོ། ཤོག་ངོས་357; 349-350; 374
         ⑥ལས་ཆེན་ཀུན་དགའ་རྒྱལ་མཚན། 《བཀའ་གདམས་ཆོས་འབྱུང་གསལ་བའི་སྒྲོན་མེ》 [M] ལྷ་ས། བོད་ལྗོངས་མི་དམངས་དཔེ་སྐྲུན་ཁང་། 2003ལོ། ཤོག་ངོས་16
         ⑦བསོད་ནམས་ལྷའི་དབང་པོ། 《བཀའ་གདམས་རིན་པོ་ཆེའི་ཆོས་འབྱུང་རྣམ་ཐར་ཉིན་མོར་འབྱེད་པའི་འོད་སྟོང》[M] འབྲས་ལྗོངས། སྒང་ཏོག་པར་མ། 1977ལོ། ཤོག་ངོས་300 Two Histories of Kadampa Tradition. From the Library of Burmiok Athing Gangtok: Gonpo Tseden, 1977.
         ⑨ལས་ཆེན་ཀུན་དགའ་རྒྱལ་མཚན། 《བཀའ་གདམས་ཆོས་འབྱུང་གསལ་བའི་སྒྲོན་མེ》 [M] ལྷ་ས། བོད་ལྗོངས་མི་དམངས་དཔེ་སྐྲུན་ཁང་། 2003ལོ། ཤོག་ངོས་15
         ⑩⑪⑫ནག་ཚོ་ཚུལ་ཁྲིམས་རྒྱལ་བ། 《ཇོ་བོ་ཆེན་པོ་རྗེ་ལྷ་གཅིག་གི་རྣམ་པར་ཐར་བ》 《ཇོ་བོ་རྗེ་དཔལ་ལྡན་ཨ་ཏི་ཤའི་རྣམ་ཐར་ཕྱོགས་བསྒྲིགས》[G] ལྷ་ས། བོད་ལྗོངས་མི་དམངས་དཔེ་སྐྲུན་ཁང་། 2014ལོ། ཤོག་ངོས་261-262; 343; 362
         ⑬མཆིམས་ནམ་མཁའ་གྲགས། 《ཇོ་བོ་རིན་པོ་ཆེ་དཔལ་ལྡན་ཨ་ཏི་ཤའི་རྣམ་ཐར་རྒྱས་པ་ཡོངས་གྲགས》 《ཇོ་བོ་རྗེ་དཔལ་ལྡན་ཨ་ཏི་ཤའི་རྣམ་ཐར་ཕྱོགས་བསྒྲིགས》[G] ལྷ་ས། བོད་ལྗོངས་མི་དམངས་དཔེ་སྐྲུན་ཁང་། 2014ལོ། ཤོག་ངོས་195
         ⑭⑮ནག་ཚོ་ཚུལ་ཁྲིམས་རྒྱལ་བ། 《ཇོ་བོ་ཆེན་པོ་རྗེ་ལྷ་གཅིག་གི་རྣམ་པར་ཐར་བ》 《ཇོ་བོ་རྗེ་དཔལ་ལྡན་ཨ་ཏི་ཤའི་རྣམ་ཐར་ཕྱོགས་བསྒྲིགས》 [G] ལྷ་ས། བོད་ལྗོངས་མི་དམངས་དཔེ་སྐྲུན་ཁང་། 2014ལོ། ཤོག་ངོས་331; 334
         ⑯གྲགས་པ་རྒྱལ་མཚན། 《ས་སྐྱའི་ཆོས་འབྱུང་གཅེས་བསྡུས》[G] (དེབ་དང་པོ) པེ་ཅིན། ས་སྐྱའི་དཔེ་རྙིང་བསྡུ་སྒྲིག་ཨུ་ཡོན་ལྷན་ཁང་ནས་བསྒྲིགས། ཀྲུང་གོའི་བོད་རིག་པ་དཔེ་སྐྲུན་ཁང་། 2009ལོ། ཤོག་ངོས་17 གཞན་ཡང་རོའོ་པེར་ཋོ་ཝི་ཐཱ་ལིས་(Roberto Vitali)ཨ་ཏི་ཤ་འདས་རྗེས་ཀྱི་དབུས་ཀྱི་འདུལ་བ་སྡེ་བཞིའི་སྐོར་ལ་དཔྱད་གླེང་མཛད་ཡོད་པ་ཁོང་གི་དཔྱད་རྩོམ་ཨ་《ཏི་ཤ་འདས་ནས་ལོ་བརྒྱའི་རྗེས་ཀྱི་དབུས་ཀྱི་བཀའ་གདམས་པའི་ཆོས་སྲིད་》ཅེས་པར་གཟིགས།Vitali, Roberto. “Bka’ gdams pa Religious Politics in Dbus: The One Hundred Years after Atisha’s Death”, in: Olaf Czaja/ Guntram Hazod (ed.), The Illuminating Mirror. Wiesbaden, 2015, pp.511.
         ⑰ནག་ཚོ་ཚུལ་ཁྲིམས་རྒྱལ་བ། 《ཇོ་བོ་ཆེན་པོ་རྗེ་ལྷ་གཅིག་གི་རྣམ་པར་ཐར་བ》 《ཇོ་བོ་རྗེ་དཔལ་ལྡན་ཨ་ཏི་ཤའི་རྣམ་ཐར་ཕྱོགས་བསྒྲིགས》 [G] ལྷ་ས། བོད་ལྗོངས་མི་དམངས་དཔེ་སྐྲུན་ཁང་། 2014ལོ། ཤོག་ངོས་386
         ⑱དཔའ་བོ་གཙུག་ལག་ཕྲེང་བ། 《ཆོས་འབྱུང་མཁས་པའི་དགའ་སྟོན》 [M] (སྟོད་ཆ) པེ་ཅིན། མི་རིགས་དཔེ་སྐྲུན་ཁང་། 1986ལོ། ཤོག་ངོས་700
         ⑲⑳འབྲོམ་ཤེས་རབ་མེ་ལྕེ། 《རྒྱལ་བའི་དབེན་གནས་རྭ་སྒྲེང་གི་བཤད་པ་ཉི་མའི་འོད་ཟེར》 [M] དབུ་མེད་བྲིས་མ། ཤོག་ངོས་12; 12
         (21)གྷེ་ཛི་ནི་རྒྱལ་རབས་ཞེས་པ་དབྱིན་ཡིག་གི་Ghaznavid Dynastyཞེས་པ་ལས་བསྒྱུར།
         (22)གྷེ་ཛི་ནི་རྒྱལ་རབས་ཀྱི་རྒྱལ་པོ་གཉིས་པ་སྟེ། དབྱིན་སྐད་དུ་Muhammad of Ghazniཞེས་འཁོད། 
         (23)འབྲོམ་སྟོན་པ་རྒྱལ་བའི་འབྱུང་གནས། 《ཇོ་བོའི་རྣམ་ཐར་ཆོས་ཀྱི་འབྱུང་གནས》 《ཇོ་བོ་རྗེ་དཔལ་ལྡན་ཨ་ཏི་ཤའི་རྣམ་ཐར་ཕྱོགས་བསྒྲིགས》 [G] ལྷ་ས། བོད་ལྗོངས་མི་དམངས་དཔེ་སྐྲུན་ཁང་། 2014ལོ། ཤོག་ངོས་427
         (24) P. M. Holt, Peter Malcolm Holt, Ann K. S. Lambton, Bernard Lewis, eds., The Cambridge History of Islam: Volume 2A. Cambridge University Press, 1977, pp. 1-5
         (25)Stein, Mark Aurel. Ancient Khotan: Detailed Report of Archaeological Explorations in Chinese Turkestan. Clarendon Press, 1907. p. 181.
         (26)འབྲོམ་སྟོན་པ་རྒྱལ་བའི་འབྱུང་གནས། 《ཇོ་བོའི་རྣམ་ཐར་ཆོས་ཀྱི་འབྱུང་གནས》 《ཇོ་བོ་རྗེ་དཔལ་ལྡན་ཨ་ཏི་ཤའི་རྣམ་ཐར་ཕྱོགས་བསྒྲིགས》[G] ལྷ་ས། བོད་ལྗོངས་མི་དམངས་དཔེ་སྐྲུན་ཁང་། 2014ལོ། ཤོག་ངོས་429
         (27)འགོས་ལོ་གཞོན་ནུ་དཔལ། 《དེབ་ཐེར་སྔོན་པོ》 [M] ཁྲེང་ཏུའུ། སི་ཁྲོན་མི་རིགས་དཔེ་སྐྲུན་ཁང་། 1984ལོ། ཤོགངོས་84
         (28)དཔའ་བོ་གཙུག་ལག་ཕྲེང་བ། 《ཆོས་འབྱུང་མཁས་པའི་དགའ་སྟོན》 [M] ལྷ་ས། བོད་ལྗོངས་མི་དམངས་དཔེ་སྐྲུན་ཁང་། 2012ལོ། ཤོག་ངོས་311 བཙན་པོ་ཁྲི་སྡེ་སྲོང་བཙན་གྱི་བཀའ་གཙིགས་ཡི་གེ་ལས་“དབང་པོ་དང་། ཕྱིས་བློན་བཀའ་ལ་གཏོགས་པ་ལ། འབྲོམ་བློན་རྒྱལ་གཞེར་ཁར་ཙི། རྩེ་འབྲོམ་བློན་སྒྲ་དགུ། འབྲོམ་སེ་རི་སྟང་། འབྲོམ་ཡང་གཟིགས། ”སོགས་བྱུང་བས། འབྲོམ་གྱི་རུས་རྒྱུད་ནི་བོད་བཙན་པོའི་སྐབས་ཀྱི་རུས་རྒྱུད་གལ་ཆེན་ཡིན་པ་གསལ་པོར་རྟོགས་ནུས།
         (29)གནམ་བྱམས་ཚེ་རིང་སོགས། 《བོད་ཀྱི་རྩོམ་རིག་ལོ་རྒྱུས》[M] (དེབ་གསུམ་པ) ལྷ་ས། བོད་ལྗོངས་མི་དམངས་དཔེ་སྐྲུན་ཁང་། 2009ལོ། ཤོག་ངོས་89
         (30)ནག་ཚོ་ཚུལ་ཁྲིམས་རྒྱལ་བ། 《ཇོ་བོ་ཆེན་པོ་རྗེ་ལྷ་གཅིག་གི་རྣམ་པར་ཐར་བ》 《ཇོ་བོ་རྗེ་དཔལ་ལྡན་ཨ་ཏི་ཤའི་རྣམ་ཐར་ཕྱོགས་བསྒྲིགས》 [G] ལྷ་ས། བོད་ལྗོངས་མི་དམངས་དཔེ་སྐྲུན་ཁང་། 2014ལོ། ཤོག་ངོས་224

39.7K

ཐག་རག་ཡིག་བསྒྱུར་མ་ལག

དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1