གཙོ་ངོས།>> གསར་འགྱུར།>>རྒྱལ་ནང་གསར་འགྱུར།

རྩོམ་སྒྲིག་པ།ཚེ་དཔལ། ཡོང་ཁུངས།མཚོ་སྔོན་བོད་སྐད་རླུང་འཕྲིན། སྤེལ་དུས། ༢༠༢༡ལོའི་ཟླ་བ་༡༠ཚེས་༢༡ཉིན།

ཞི་ཅིན་ཕིང་གིས་ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུའུ་ཡི་ཐུན་མོང་སློབ་སྦྱོང་ཐེངས་སོ་བཞི་པའི་སྟེང་གསུང་བཤད་གལ་ཆེན་གནང་།


        ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཟླ10པའི་ཚེས18ཉིན་གྱི་ཕྱི་དྲོ། ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུའུ་ཡིས་རང་རྒྱལ་གྱི་གཞི་གྲངས་དཔལ་འབྱོར་བདེ་ཐང་ངང་འཕེལ་རྒྱས་འགྲོ་རྒྱུར་སྐུལ་འདེད་གཏོང་བའི་ཐད་ཐུན་མོང་སློབ་སྦྱོང་ཐེངས་སོ་བཞི་པ་བསྡུས་པ་དང་།  ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་སློབ་སྦྱོང་ལ་འགོ་འཛིན་མཛད་དེ་ནན་གྱིས་བསྟན་དོན། ཉེ་བའི་ལོ་འདི་དག་གི་རིང་ལ། འཕྲིན་སྦྲེལ་དྲ་བ་དང་གཞི་གྲངས་ཆེན་མོ། སྤྲིན་རྩིས། མིས་བཟོས་རིག་ནུས་སོགས་ཀྱི་ལག་རྩལ་མགྱོགས་མྱུར་གསར་གཏོད་བྱས་ནས། དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ཀྱི་ཁྱབ་ཁོངས་ཁག་གི་བརྒྱུད་རིམ་ཧྲིལ་པོར་ཉིན་བཞིན་མཉམ་འདྲེས་ཐུབ་པ་བྱུང་བ་དང་། གཞི་གྲངས་དཔལ་འབྱོར་འཕེལ་རྒྱས་མགྱོགས་མྱུར་བྱུང་བ་དང་ཁྱབ་འགྱེད་ཁྱབ་ཁོངས་རྒྱ་ཆེ་བ། ཤུགས་རྐྱེན་ཐེབས་ཚད་གཏིང་ཟབ་པ་བཅས་སྔར་བྱུང་མྱོང་མེད་པ་དེ་དག་ནི། གོ་ལ་ཧྲིལ་པོའི་རྒྱུ་རྐྱེན་གཙོ་བོའི་ཐོན་ཁུངས་བསྐྱར་སྒྲིག་དང་གོ་ལ་ཧྲིལ་པོའི་དཔལ་འབྱོར་གྲུབ་ཆ་བསྐྱར་འཛུགས། གོ་ལ་ཧྲིལ་པོའི་འགྲན་རྩོད་རྣམ་པར་འགྱུར་ལྡོག་གཏོང་བ་བཅས་ཀྱི་འགག་རྩའི་སྟོབས་ཤུགས་སུ་གྱུར་དང་འགྱུར་བཞིན་ཡོད། ཀྲུང་ཧྭ་མི་རིགས་རླབས་ཆེན་བསྐྱར་དར་འཐབ་ཇུས་ཀྱི་ཁྱོན་ཡོངས་དང་འཛམ་གླིང་གི་ལོ་ངོ་བརྒྱའི་འགྱུར་ལྡོག་ཆེན་མོར་གཅིག་གྱུར་གྱིས་འཆར་འགོད་བྱེད་པའི་མཐོ་ཚད་དུ་བསྡད་དེ། རྒྱལ་ནང་དང་རྒྱལ་སྤྱིའི་ཁྱོན་ཡོངས་གཉིས་དང་འཕེལ་རྒྱས་དང་བདེ་འཇགས་ཀྱི་དོན་ཆེན་གཉིས་ལ་གཅིག་གྱུར་གྱིས་འཆར་འགོད་བྱེད་རྒྱུ་དང་། གྲངས་འབོར་ཆེ་བའི་གཞི་གྲངས་དང་ཕུན་སུམ་ཚོགས་པའི་བཀོལ་སྤྱོད་ས་ཆ་ཡི་བཟང་ཆ་འདོན་སྤེལ་གང་ལེགས་བྱེད་པ། གཞི་གྲངས་ལག་རྩལ་དང་དངོས་ཕུང་དཔལ་འབྱོར་མཉམ་འདྲེས་གཏིང་ཟབ་ཡོང་བར་སྐུལ་འདེད་གཏོང་བ། ནུས་སྤྲོད་ཀྱི་སྲོལ་རྒྱུན་ཐོན་ལས་ཚུལ་བསྒྱུར་རིམ་སྤོར་བྱེད་པ། ཐོན་ལས་གསར་པ་དང་ལས་རྣམ་གསར་པ། དཔེ་གཞི་གསར་པ་བཅས་ཡོང་བར་སྐུལ་འདེད་གཏོང་བ་བཅས་ལ་འབད་མཐར། རང་རྒྱལ་གྱི་གཞི་གྲངས་དཔལ་འབྱོར་རྒྱུན་ཆད་མེད་པར་སྟོབས་ལྡན་དུ་འཕེལ་བར་བྱེད་དགོས།
        ཀྲུང་གོ་ཚན་རིག་ཁང་གི་ཡོན་ཧྲི། ནན་ཅིན་སློབ་ཆེན་གྱི་སློབ་གཙོ་དང་དགེ་རྒན་ཆེན་མོ་ལུའུ་ཅན་གྱིས་གནད་དོན་དེའི་ཐད་འགྲེལ་བཤད་བརྒྱབ་ནས་ལས་ཀའི་གྲོས་འགོ་བཏོན། ཀྲུང་དབྱང་ཆབ་སྲིད་ཅུའུ་ཡི་བློ་མཐུན་ཚོས་ཁོང་གི་འགྲེལ་བཤད་ལ་ནན་ཏན་ངང་ཉན་ནས་དེ་འབྲེལ་གྱི་གྲོས་བསྡུར་བྱས།
        ཞི་ཅིན་ཕིང་གིས་སློབ་སྦྱོང་ལ་འགོ་འཛིན་མཛད་སྐབས་གསུང་བཤད་གལ་ཆེན་གནང་ནས་བསྟན་དོན། ཏང་གི་ཚོགས་ཆེན་བཅོ་བརྒྱད་པའི་ཚུན་ལ།  ཏང་ཀྲུང་དབྱང་གིས་གཞི་གྲངས་དཔལ་འབྱོར་གོང་དུ་སྤེལ་བར་མཐོང་ཆེན་བྱས་ཏེ། དྲ་རྒྱའི་སྟོབས་ལྡན་རྒྱལ་ཁབ་ཀྱི་འཐབ་ཇུས་དང་རྒྱལ་ཁབ་ཀྱི་གཞི་གྲངས་ཆེན་པོའི་འཐབ་ཇུས་ལག་བསྟར་བྱས་པ་དང་། དྲ་སྦྲེལ་གྱི་དཔལ་འབྱོར་བར་སྟོང་རྒྱ་སྐྱེད་དང་དྲ་སྦྲེལ་གྱི་གསར་གཏོད་སྣ་ཚོགས་ལ་རྒྱབ་སྐྱོར་བྱས་པ། དྲ་སྦྲེལ་དང་གཞི་གྲངས་ཆེན་མོ། མིས་བཟོས་རིག་ནུས། དངོས་གཉེར་དཔལ་འབྱོར་བཅས་མཉམ་འདྲེས་གཏིང་ཟབ་ཡོང་བར་སྐུལ་འདེད་བཏང་བ། གཞི་གྲངས་ཀྲུང་གོ་དང་རིག་ནུས་སྤྱི་ཚོགས་འཛུགས་སྐྲུན། གཞི་གྲངས་ཐོན་ལས་ཅན་དང་ཐོན་ལས་གཞི་གྲངས་ཅན་དུ་འགྱུར་བར་སྐུལ་འདེད་བཏང་བ། རྒྱལ་སྤྱིའི་འགྲན་རྩོད་བྱེད་ནུས་ལྡན་པའི་གཞི་གྲངས་ཐོན་ལས་སྡེ་ཚོགས་སྐྲུན་པ་བཅས་བྱས་པར་བརྟེན། རང་རྒྱལ་གྱི་གཞི་གྲངས་དཔལ་འབྱོར་འཕེལ་རྒྱས་རྣམ་པ་ཅུང་མགྱོགས་ཤིང་གྲུབ་འབྲས་མངོན་གསལ་ཐོབ་ཡོད། ལྷག་པར་དུ་པྲོག་གསར་གློ་ཚད་རིམས་ནད་བྱུང་བ་ནས་བཟུང་། གཞི་གྲངས་ལག་རྩལ་དང་གཞི་གྲངས་དཔལ་འབྱོར་གྱིས་པྲོག་གསར་གློ་ཚད་རིམས་ནད་ལ་འགོག་རྒོལ་དང་། ཐོན་སྐྱེད་དང་འཚོ་བ་སླར་གསོ་བྱ་རྒྱུར་རྒྱབ་སྐྱོར་བྱེད་པའི་ཐད་ནུས་པ་གལ་ཆེན་བཏོན།
        ཞི་ཅིན་ཕིང་གིས་ནན་གྱིས་བསྟན་དོན། གཞི་གྲངས་དཔལ་འབྱོར་ནི་རྒྱལ་ཁབ་འཕེལ་རྒྱས་ཀྱི་ཁྱོན་ཡོངས་དང་འབྲེལ་བ་ངེས་ཅན་ཡོད་པས། རང་རྒྱལ་གྱི་གཞི་གྲངས་དཔལ་འབྱོར་འཕེལ་རྒྱས་ཀྱི་མཐོ་རིམ་ཇུས་འགོད་དང་སྒྲིག་སྲོལ་ལམ་སྲོལ་འཛུགས་སྐྲུན་ཡག་པོ་བྱས་ཏེ། གནས་བབ་ལ་ཞིབ་འཇུག་དང་བརྡར་ཤ་གཅོད་རྒྱུར་ཤུགས་སྣོན་རྒྱག་རྒྱུ་དང་། གོ་སྐབས་དམ་འཛིན་དང་རང་འགུལ་ཐོབ་པར་བྱེད་དགོས།  རིམ་པ་སོ་སོའི་འགོ་ཁྲིད་ལས་བྱེད་པས་གཞི་གྲངས་དཔལ་འབྱོར་གྱི་བསམ་གཞིག་ནུས་པ་དང་ཆེད་ལས་ཀྱི་བྱང་ཚད་མཐོ་རུ་བཏང་སྟེ། གཞི་གྲངས་དཔལ་འབྱོར་འཕེལ་རྒྱས་གཏོང་བའི་འཇོན་ཐང་ཆེ་རུ་གཏོང་བ་དང་བདེ་འཇགས་ཀྱི་འདུ་ཤེས་ཇེ་ཟབ་ཏུ་བཏང་ནས། གཞི་གྲངས་དཔལ་འབྱོར་གྱིས་འཕེལ་རྒྱས་ཀྱི་རྣམ་པ་གསར་པར་སྔར་ལས་ལེགས་པའི་སྒོ་ནས་ཞབས་འདེགས་ཞུ་རྒྱུར་སྐུལ་འདེད་གཏོང་དགོས། དམངས་ཡོངས་དང་སྤྱི་ཚོགས་ཡོངས་ཀྱི་གཞི་གྲངས་བྱང་ཚད་དང་རྩལ་ནུས་ཆེ་རུ་བཏང་ནས། རང་རྒྱལ་གྱི་གཞི་གྲངས་དཔལ་འབྱོར་འཕེལ་རྒྱས་ཀྱི་སྤྱི་ཚོགས་རྨང་གཞི་སྔར་ལས་ཇེ་བརྟན་དུ་གཏོང་དགོས།  །

39.7K

ཐག་རག་ཡིག་བསྒྱུར་མ་ལག

དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1