གཙོ་ངོས།>> འཕྲོད་བསྟེན།>>བདེ་ཐང་ཤེས་བྱ།

རྩོམ་སྒྲིག་པ།ཚེ་དཔལ། ཡོང་ཁུངས།མཚོ་སྔོན་བོད་ཡིག་གསར་འགྱུར། སྤེལ་དུས། ༢༠༢༡ལོའི་ཟླ་བ་༡༡ཚེས་༠༡ཉིན།

༄༅།། སེམས་ཁམས་དང་བདེ་ཐང་།

        སེམས་ཁམས་དང་བདེ་ཐང་།མི་སུ་དང་སུ་ཞིག་ཡིན་རུང་བརྩོན་སེམས་ཀྱིས་ཕྱུག་པའི་སེམས་ཁམས་བཟང་པོ་ཞིག་ལྡན་ན།དེའི་མིག་ལམ་དུ་འཛམ་གླིང་གི་བྱ་དངོས་ཡོད་དོ་ཅོག་མཛེས་ཤིང་སྡུག་པ་ཞིག་ཏུ་འགྱུར་ངེས་ལ།མི་དེའི་རིགས་ལ་བདེ་ཞིང་སྐྱིད་པའི་མི་ཚེ་ཞིག་ཐོབ་རྒྱུའང་སླ་བོ་ཞིག་རེད།གཏམ་རྒྱུད་འདི་འདྲ་ཞིག་ཡོད་དེ། ལོ་ན70ལ་སོན་པའི་རྒན་པ་གཉིས་ཡོད་པ་ལ། གཅིག་གིས་ལོ་ཚོད་འདི་ལ་སླེབས་དུས་རྐང་པ་ཡ་གཅིག་ཕྱི་མའི་ཡུལ་དུ་བསྲིངས་འདུག་སྙམ་སྟེ།རང་ཉིད་ཀྱི་འདས་འཇུག་ལ་གྲ་སྒྲིག་བྱེད་མགོ་བརྩམས་པ་དང་།གཞན་དེས་མི་ཞིག་གིས་བྱ་བ་གང་ཞིག་ལས་འདོད་ན་ལོ་ཚོད་ལ་རག་མི་ལས་པར།བསམ་ཚུལ་ལ་རག་ལས་ཡོད་པར་སྙམ་སྟེ།རྩོམ་ཡིག་འབྲི་རྒྱུར་དགའ་བའི་ཁོ་རང་རྩོམ་འབྲིའི་ལམ་ལ་ཞུགས་མགོ་བརྩམས་ཤིང་།ཉིན་རེའི་རང་ཉིད་ཀྱི་མཐོང་ཐོས་མྱོང་གསུམ་དང་བསམ་བློའི་འཆར་སྒོ་སོགས་ཡིག་ངོར་ཕབ་པར།རྩོམ་ཡིག་ཁ་ཤས་ཤིག་ད་རུང་ཚགས་པར་དང་དུས་དེབ་ཀྱི་སྟེང་དུ་འགོད་ཐུབ་པ་བྱུང་བས།ཁོའི་སེམས་ཁམས་ཇེ་སྐྱིད་དང་ལུས་ཕུང་ཇེ་བདེ་རུ་སོང་བ་རེད།ཡང་གཏམ་རྒྱུད་གཞན་ཞིག་ཡོད་པ་སྟེ།གསར་བུ་ལས་བཟོ་པ་གསུམ་གྱིས་གྱང་རྩིག་བཞིན་ཡོད་པ་ལ།མི་ཞིག་དེར་ཡོང་ནས“ཁྱོད་ཚོས་ཅི་ཞིག་བྱེད་ཀྱིན་ཡོད”ཅེས་དྲིས་པར།གཅིག་གིས་གདོང་ལ་སྡུག་མདོག་ཅིག་ཤར་བཞིན“གྱང་རྩིག་བཞིན་པ་མི་མཐོང་ངམ”ཞེས་ལན་བཏབ་པ་དང་།གཅིག་གིས་མགོ་བོ་ཡར་བཏེགས་ཏེ་དགོད་ཞོར་དུ“ང་ཚོས་ཐོག་ཁང་ཆེན་མོ་ཞིག་ལས་བཞིན་ཡོད”ཅེས་ལན་བཏབ་ལ།ཡང་གཅིག་གིས་སྐྱིད་པའི་གླུ་དབྱངས་ལེན་ཞོར་གདོང་ལ་འཛུམ་གྱིས་ཁེངས་ཏེ།“ང་ཚོས་མཛེས་ཤིང་ཡིད་དུ་འོང་བའི་གྲོང་ཁྱེར་ཆེན་པོ་ཞིག་སྐྲུན་བཞིན་པའི་སྒང་ཡིན”ཞེས་ལན་བཏབ།ལོ་ངོ་བཅུ་འགོར་རྗེས།ལས་བཟོ་པ་དང་པོ་དེས་ཨར་ལས་ལས་ཡུལ་གཞན་ཞིག་ཏུ་སྔར་བཞིན་གྱང་རྩིག་བཞིན་ཡོད་ལ།ལས་བཟོ་པ་གཉིས་པ་དེ་བཟོ་བཀོད་པ་ཞིག་ཏུ་གྱུར་ཏེ་གཞུང་ལས་ཁང་དུ་དཔེ་རིས་འབྲི་བཞིན་པ་དང་།ལས་བཟོ་པ་གསུམ་པ་དེས་རང་ཉིད་ཀྱི་ཨར་ལས་ཀུང་སི་ཞིག་གཉེར་བཞིན་པའི་སྒང་རེད།གཏམ་རྒྱུད་ཐུང་ཐུང་འདི་གཉིས་ཀྱིས་ང་ཚོར། མི་ལ་ཤུགས་རྐྱེན་ཐེབས་པ་ནི་ཁོར་ཡུག་ཁོ་ན་མ་ཡིན་པར།སེམས་ཁམས་ཀྱི་ཤུགས་རྐྱེན་ནི་ཁོར་ཡུག་ལས་ཀྱང་གལ་ཆེ་བ་ར་སྤྲོད་བྱས་འདུག སེམས་ཁམས་ཀྱིས་མི་ཞིག་གི་བྱ་སྤྱོད་དང་བསམ་བློར་ཤུགས་རྐྱེན་བཟོ་སྲིད་པ་དང་།མི་ཞིག་གི་མཐོང་རྒྱ་དང་སེམས་རྒྱ་ལ་དེ་བས་ཀྱང་ཤུགས་རྐྱེན་བཟོ་སྲིད།མི་ལ་ལས་ནམ་ཡང་རང་ཉིད་ཀྱི་གནས་བབ་མི་ལེགས་པ་དེ་ནི་མི་གཞན་གྱིས་བཟོས་པར་འདོད་ཀྱིན་ཡོད།དེ་ནི“རང་ཉིད་གླེན་པ་མི་བརྗོད་པར།ངན་ཁག་གཞན་ལ་དཀྲི་བར་བྱེད”ཅེས་པའི་དཔེ་རུ་སོང་ཡོད་ལ། མདོར་བསྡུས་ན། མི་ཞིག་ལ་མི་ཚེ་སྐྱིད་པོ་ཞིག་ཡོད་མིན་དེ།གཙོ་བོ་རང་ཉིད་ཀྱི་སེམས་ཁམས་ལ་རག་ལས་སོ། །

39.7K

ཐག་རག་ཡིག་བསྒྱུར་མ་ལག

དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1