གཙོ་ངོས།>> ཞིབ་འཇུག>>སྟག་ངར་གཡག་ངར།

རྩོམ་པ་པོ། འགུ་ཟི་མཁན་པདྨ་བློ་གྲོས། རྩོམ་སྒྲིག་པ།དབང་ཆེན།ཡོང་ཁུངས།ངེད་དྲ་བ། སྤེལ་དུས། ༢༠༢༡ལོའི་ཟླ་བ་༡༡ཚེས་༡༡ཉིན།

༄༅།། ལུགས་གཉིས་རབ་གསལ་ཞེས་བྱ་བ་བཞུགས་སོ།།



 དཀོན་མཆོག་རིན་ཆེན་རྣམ་གསུམ་ལ། ། སྒོ་གསུམ་གུས་པས་ཕྱག་འཚལ་ནས། ། ས་རྙིང་གཉིས་ཀྱི་ལྟ་གྲུབ་གནད། ། ཅུང་ཟད་ཕྱེ་སྟེ་བཤད་པར་བྱ། །དང་པོ་དཔལ་ལྡན་ས་སྐྱའི་ལུགས། །སྟོང་གཞི་ཆོས་ཅན་འཁོར་བ་དང་། །ཆོས་ཉིད་སྟོང་པ་མྱང་འདས་གཉིས། །དབྱེར་མེད་གཅིག་ཏུ་གནས་པ་དེ། །ལྟ་བ་འཁོར་འདས་དབྱེར་མེད་ཡིན། །གཟུགས་ནས་རྣམ་མཁྱེན་ཡེ་ཤེས་བར། །ཤེས་བྱའི་ཆོས་རྣམས་ཐམས་ཅད་པོ། །འཁོར་བ་རྟེན་འབྲེལ་ཀུན་རྫོབ་དང་། །མྱང་འདས་སྟོང་ཉིད་དམ་པའི་དོན། །ཡིན་པ་ཤེས་བྱའི་གནས་ཚུལ་གྲུབ། །གཟུགས་ལས་གཞན་པའི་སྟོང་ཉིད་དང་། །སེམས་ལས་ལོགས་སུ་རིག་པ་མེད། །འཁོར་བ་འདི་ཉིད་མྱང་འདས་དང་། །ཟག་མེད་སེམས་དེ་ཡེ་ཤེས་ཡིན། །དེས་ན་རང་བཞིན་ལྷུན་གྲུབ་ལ། །རྟེན་འབྲེལ་གནས་འགྱུར་རུང་བ་བཞེད། །གཉིས་པ་སྔར་འགྱུར་རྙིང་མའི་ལུགས། །འདུས་བྱས་གཞི་མེད་རྩ་བྲལ་དེ། །ཀ་དག་ཁྲེགས་ཆོད་ལྟ་བ་དང་། །གཉིས་སྟོང་རིག་པ་འདུས་མ་བྱས། །དོན་དམ་ལྷུན་གྲུབ་ཡིན་པས་ན། །ཀུན་རྫོབ་གཞི་མེད་ཡིན་པ་དང་། །དོན་དམ་རིག་སྟོང་རྐྱང་པ་ཡིན། །ཐ་སྙད་ལ་ནི་མ་བརྟེན་ཡང་། །དམ་པའི་དོན་ནི་རྟོགས་པ་འམ། །འཁོར་བ་སྤངས་ནས་གཞན་དུ་ནི། །མྱ་ངན་འདས་པ་རྟོགས་པར་བཞེད། གཟུགས་ལས་འདས་པའི་སྟོང་པ་དང། །སེམས་ལས་གཞན་པའི་རིག་པ་འདོད། །རིག་པའི་ཀློང་དེ་རྟེན་འབྲེལ་ལམ། །གནས་འགྱུར་རུང་བ་མ་ཡིན་ནོ། །དེས་ན་ལམ་འབྲས་རྫོགས་ཆེན་གཉིས། །འགལ་བ་ལྟག་སྤྲོད་ཡིན་པས་ན། །འགལ་མེད་སྨྲ་བའི་མི་རྣམས་ཀྱིས། །གཡོ་སྒྱུར་ཐབས་ཀྱིས་གཞན་དག་ལ། །མཐུན་ཐབས་སྨྲས་པ་ཙམ་དུ་ཟད། །ལུགས་གཉིས་ཁྱད་པར་མང་ན་ཡང། །ཅུང་ཟད་བཤད་པ་དེ་ཙམ་མོ། །བསྟན་པ་གནས་པའི་རྒྱུ་གྱུར་ཅིག །འདི་ནི་བདག་གི་བསམ་ཚུལ་ལས། །གཞན་པའི་དགོས་པ་རྒྱུ་མཚན་ནི། ། མེད་པ་རང་གིས་ཤེས་བཞིན་དུ། །འགུ་ཟི་པད་བློས་བྲིས་ནས་སྤེལ། །

39.7K

ཐག་རག་ཡིག་བསྒྱུར་མ་ལག

དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1