གཙོ་ངོས།>> ཞིབ་འཇུག>>ཀུན་འདུས།

ཤ་སྦྲང་སྒྲོལ་མ་སྐྱབས། རིག་བྱེད་ལྷ་མོ། རྩོམ་སྒྲིག་པ།ཚེ་དཔལ། ཡོང་ཁུངས།མཚོ་སྔོན་མི་རིགས་སློབ་ཆེན་རིག་དེབ། སྤེལ་དུས། ༢༠༢༡ལོའི་ཟླ་བ་༡༡ཚེས་༡༡ཉིན།

༄༅།། མདོ་སྨད་ཀྱི་ཡུལ་སྡེ་ཆེན་པོ་ཤ་སྦྲང་ཚོ་དྲུག་གི་མིང་གི་ཐོགས་ཚུལ་ལ་དཔྱད་པ།


ཤ་སྦྲང་སྒྲོལ་མ་སྐྱབས། རིག་བྱེད་ལྷ་མོ།
[ནང་དོན་གནད་བསྡུས] རྩོམ་འདིར་མདོ་སྨད་ཀྱི་ཡུལ་སྡེ་ཆེན་པོ་ཤ་སྦྲང་ཚོ་དྲུག་ཅེས་པའི་ཚོ་པའི་མིང་གི་ཐོགས་དོན་ཐད། ངག་རྒྱུན་དང་ལོ་རྒྱུས་དེབ་ཐེར་ཁག་ཏུ་བརྗོད་སྟངས་མི་འདྲ་བ་ཁག་ཅིག་བྱུང་ཡོད་པ་ལ། ལོ་རྒྱུས་ཡིག་ཚང་རིག་པ་དང་། སྐད་བརྡ་རིག་པའི་དཔྱད་ཞིབ་ཀྱི་ཐབས་ལམ་སྤྱད་དེ། ཤ་སྦྲང་ཞེས་པ་ནི་རིགས་རུས་ཀྱི་མིང་ཞིག་ཡིན་པར་བསྒྲུབས་ཡོད་པ་དང་། ཡུལ་དུས་ཀྱི་ཆ་རྐྱེན་དང་སྐད་བརྡའི་འཕེལ་འགྱུར་གྱི་ཆོས་ཉིད་དང་བསྟུན་ནས་ཐ་སྙད་གང་དེའི་སྒྲ་གདངས་དང་གཟུགས་ལ་རིམ་འགྱུར་བྱུང་སྟེ། ཤ་བྲང་དང་ཤར་པང་སོགས་སུ་འགྱུར་ཚུལ་བརྗོད་ཡོད། 
[གནད་ཚིག] ཤ་སྦྲང་། ཤ་བྲང་། ཤར་པང་། རིགས་རུས། ཤ་སྦྲང་ཚོ་དྲུག ། 
          ཤ་སྦྲང་ཚོ་དྲུག་ཅེས་པ་ནི་མདོ་སྨད་རྟའི་ཆོལ་ཁའི་ཆར་གཏོགས་པ་རེབ་གོང་རིག་པ་འབྱུང་བའི་གྲོང་ཁྱེར་ཞེས་མཚན་སྙན་དྲག་ཏུ་འབར་བའི་གནས་ཁྱད་པར་ཅན་གང་དེའི་མངའ་ཁོངས་སུ་གནས་པའི་ཞིང་ཕྱུགས་གཉིས་ཀ་གཉེར་བའི་ཚོ་པ་ཆེན་པོ་ཞིག་ཡིན་ཏེ། སེ་ཀུ་བྱ་ཁྱུང་གི་རྫ་རྒྱུད་དང་། སྐྱེས་ལྷ་ཨ་མྱེ་རྭ་རྫོང་གི་འདབས་རོལ་དུ་གཞིས་ཆགས་ཡོད། རེབ་གོང་ཤ་སྦྲང་གི་ཡུལ་ལུང་འདི་ནི་སྔ་མོའི་དུས་སུ་ཤ་སྦྲང་ཚོ་ཆེན་དྲུག་གམ་ཚོ་ཆུང་བཅོ་བརྒྱད་ཀྱི་སྤྱི་མཐུན་གྱི་ཕ་ས་ཡིན་པ་མ་ཟད། ལྷ་རྭ་རྫོང་དང་ལུས་ཤ་སྦྲང་ཟེར་བའི་བཤད་ཚུལ་ཡང་ཡོད། རེབ་གོང་མ་ཆགས་ཤ་སྦྲང་ཆགས། །ཤ་སྦྲང་རི་གསུམ་རྐེད་ནས་ཆགས། །ཞེས་ངག་རྒྱུན་ལ་གྲགས་པ་ལྟར། མི་སྡེ་འདི་རེབ་གོང་དུ་གཞིས་ཆགས་པའང་ཧ་ཅང་སྔ་བར་མངོན། ཚོ་པའི་མིང་གི་ཐོགས་དོན་ལ༧ཆོས་རྗེ་དོན་གྲུབ་རིན་ཆེན་དང་འབྲེལ་བའི་ངག་རྒྱུན་གཞིར་བཞག་སྟེ། འབོད་སྟངས་ལའང་ཤ་སྦྲང་དང་། ཤ་བྲང་དང་། ཤར་པང་སོགས་མི་འདྲ་བ་ཁག་ཅིག་འདུག་ལ། ད་ལྟ་ཤབ་རང་ངམ་ཤ་རང་ཞེས་འབོད་ཀྱིན་ཡོད། ཚོ་ཆེན་འདི་ནི་ལོ་རྒྱུས་ཀྱི་རྒྱུན་རིང་ཞིང་ཡུལ་ཁོངས་རྒྱ་ཆེ་ལ། སྐྱེས་ཆེན་མང་དུ་བྱོན་མྱོང་བ་ཞིག་ཡིན་ཏེ། འཇམ་མགོན་ཙོང་ཁ་པའི་བཀའ་དྲིན་གཞན་ལས་ལྷག་པའི་བླ་མ་གཅིག་སྟེ། ཤར་ཕྱོགས་རིག་པའི་དཔའ་བོ་ཆོས་རྗེ་དོན་གྲུབ་རིན་པོ་ཆེ་ཚང(1309-1385)ཡུལ་སྡེ་འདིར་སྐུ་འཁྲུངས་པ«བྱ་ཁྱུང་གདན་རབས»དང་། «སྣར་ཐང་མཚན་ཐོ»སོགས་ལོ་རྒྱུས་ཡིག་ཚང་དུ་གསལ། ཁོང་གིས་རང་གི་འཁྲུངས་ཡུལ་ཤ་སྦྲང་དུ་དགོན་སྡེ་ཡང་སྔགས་འཆང་འཇམ་དབྱངས་བློ་གྲོས་དང་། གཡེར་གཤོང་མཁན་པོ་ངག་དབང་བློ་བཟང་བསྟན་འཛིན་རྒྱ་མཚོ། སྒྲུབ་པའི་རྒྱལ་ཚབ་ཤ་སྦྲང་བློ་བཟང་རྒྱ་མཚོ་སོགས་ཀྱིས་མཚོན་པའི་སྐྱེས་ཆེན་གང་མང་བྱོན་ཏེ། བོད་ཀྱི་ཤེས་རིག་ཐད་མཛད་རྗེས་བསུབ་ཏུ་མེད་པ་བཞག་ཡོད། དགོན་སྡེ་དང་གནས་བྱིན་ཅན་ནི། སྤྱི་ལོ1346ལོར་ཆོས་རྗེ་དོན་རིན་པས་བཞེངས་པའི་ཤ་སྦྲང་དགོན་ཕུན་ཚོགས་ཆོས་འཕེལ་གླིང་དང་། ནང་རྟེན་ལ་ཆོས་རྗེ་དོན་རིན་པའི་དབུ་ཞྭ་དང་ཕྱག་ཕྲེང་དང་། རྗེ་རིན་པོ་ཆེའི་དབུ་ལོ་དང་ན་བཟའ་ཁ་ཚང་བཞུགས་པའི་ཤ་སྦྲང་མཆོད་རྟེན་སོགས་རྟེན་བྱིན་ཅན་ཡོད།
          མིའི་རིགས་ཀྱི་ལོ་རྒྱུས་འཕེལ་རིམ་གྱི་ཆོས་ཉིད་ལྟར། སྔོན་གྱི་དུས་སུ་ཡུལ་ཁོངས་བཅད་བཟུང་དང་། བཙན་འཛུལ་དམག་འཁྲུག་སོགས་ཕྱི་ནང་གི་འགལ་རྐྱེན་དག་ལ་རྐྱེན་བྱས་ཏེ། གདུང་རྒྱུད་ཁག་གིས་ས་ཁོངས་ངེས་ཅན་རེ་བཟུང་ནས་རྒྱལ་ཕྲན་ནམ་ཚོ་པ་རང་བཞིན་གྱི་རྣམ་པ་ཞིག་གྲུབ་པ་དང་། དེ་ལ་རྒྱལ་པོ་ལྟ་བུའི་ཚོ་དཔོན་དང་ཚོ་པའི་ལམ་ལུགས་ངེས་ཅན་རེ་ཡོད། ཤ་སྦྲང་གི་མི་སྡེ་འདི་ལྟ་བུར་མཚོན་ནའང་དུས་རབས་ཀྱི་བརྡབ་གསིག་དང་། ལོ་རྒྱུས་ཀྱི་འགག་རྐྱེན་སྣ་ཚོགས་ཀྱི་དབང་གིས་རིམ་བཞིན་ཡུལ་གྲུ་སོ་སོར་གྱེས་པ་ཡིན་ཏེ། སྤྱི་ལོ1323ལོར་ཡོན་གོང་མའི་དམག་གིས་ཐེངས་གཅིག་བརྒྱབ་པ་དང་། སྤྱི་ལོ1723ལོའི་མཚོ་སྔོན་དུས་འཁྲུག་ནས་སྤྱི་ལོ1857ལོར་མཚོ་སྐོར་ཚོ་པ་བརྒྱད་ལ་ཆོག་མཆན་ཐོབ་པའི་བར་སོག་པོར་ས་རྩོད་བྱུང་བ།[1] སྤྱི་ལོ1807ལོར་མན་ཆིང་དམག་གིས་ཐེངས་ཤིག་བརྒྱབ་པར་མ་ཟད། ཁོར་ཡུག་གི་སྡེ་ལའང་སྡེ་གཟར་མང་དུ་བྱུང་བ་སོགས་ཀྱིས་རུ་སྡེ་འདི་རིམ་བཞིན་ཁ་ཐོར་དུ་སོང་བར་མངོན་ཏེ། ད་ལྟའི་སྲིད་འཛིན་ས་ཁོངས་ལྟར་ན་རུ་སྡེ་འདིའི་རྨང་གཞིའམ་གཙོ་ཆེ་བ་རྨ་ལྷོ་ཁུལ་དུ་ཡོད་པའི་རེབ་གོང་ཤ་སྦྲང་དང་། མཚོ་ལྷོ་ཁུལ་འབའ་རྫོང་དུ་ཡོད་པའི་འབའ་ཤ་སྦྲང་དང་། བྲག་དཀར་རྫོང་དུ་ཡོད་པའི་རྨ་བྱང་ཤ་སྦྲང་ཡིན་ལ། གཞན་ཡང་མཚོ་ནུབ་ཀྱི་ཐེམ་ཆེན་དང་ཏུའུ་ལན། མཚོ་བྱང་གི་རྐང་ཚ། མགོ་ལོག་རྨ་ཆེན་སོགས་ལའང་གྱེས་ཡོད། སི་ཁྲོན་ཞིང་ཆེན་གྱི་མངའ་ཁོངས་སུ་ཡང་རུ་སྐོར་རེ་གཉིས་ཡོད་པར་གྲགས། ཚོ་པ་འདི་དག་ནི་ལྷ་རྭ་རྫོང་དང་ལུས་ཤ་སྦྲང་ཞེས་པའི་དཔེ་ལྟར། ཕ་ས་གཅིག་ནས་ཆད་པའི་རུས་རྒྱུད་གཅིག་ཡིན་པ་ལས་སྔ་མོ་ནས་སོ་སོར་གནས་པའི་ཚོ་པ་མི་འདྲ་བ་ཞིག་མིན། ཤ་སྦྲང་གི་ཚོ་པ་དྲུག་ལ་བརྩི་སྟངས་མི་འདྲ་བ་མང་པོ་ཡོད་ནའང་ཡོངས་གྲགས་སུ་ལྔ་རྒྱ་ཕྱིས་རྒྱ་ཏོག་ལྟ་གསུམ། ཤ་སྦྲང་སུ་རུག་དཔའ་མཆོག་གསུམ། ཆུ་སྐྱ་ནི་གུ་ཨག་ཀྱ་གསུམ། སེ་རྒྱ་བད་ཁོ་ཇང་བཟའ་གསུམ། ཁོ་རྒྱ་ཁོ་ནག་ཁོ་རྒན་གསུམ། ཧྲོང་བོ་ནག་བཟའ་བན་རྒྱ་གསུམ་བཅས་ས་འཛིན་གྱི་ཚོ་པ་དྲུག་དང་། དེ་ལས་གྱེས་པའི་ནང་གསེས་སུ་ཚོ་ཆུང་བཅུ་གཉིས་བསྣན་པས་ཚོ་པ་བཅོ་བརྒྱད་ཀྱི་དབྱེ་བ་དགར་སྟངས་ཀྱང་ཡོད། འབའ་ཤ་སྦྲང་ལྟ་བུར་མཚོན་ན་དོན་ཆེ་མ་ཆུང་གསུམ་ལ་གྲོས་བྱེད་ཚེ། ཚོ་པ་རེ་ནས་དམངས་གཙོས་བདམས་ཡོད་པའི་རྒན་པོ་བསམ་དཀར་དང་ནུས་པ་ཅན། གཏམ་ལ་མཁས་པ་བཅས་མི་བརྒྱད་ཅུས་གྲུབ་ཡོད་པའི་ཚོགས་པ་ལྟ་བུ་ཞིག་ཡོད་དེ། དེ་ལ་ཤ་སྦྲང་ཁྱིགས་བདག་བརྒྱད་ཅུ་ཟེར་ཞིང་། ཤ་སྦྲང་གི་ལས་དོན་སོགས་སྤྱི་མཐུན་གྱིས་ཐག་གཅོད་མཁན་ཡིན། སྤྱིར་ན་ཤ་སྦྲང་ཚོ་དྲུག་གི་ཚོ་པ་རེ་རེའི་ལོ་རྒྱུས་དང་ཚོ་མིང་ཐོགས་ཚུལ། རིགས་རུས་ཆད་ཁུངས་སོགས་བརྗོད་ཀྱིས་མི་ལང་མོད་སྐབས་སུ་ངོ་སྤྲོད་ཙམ་གྱིས་འཐུས་པར་བྱ་སྟེ། སྐབས་སུ་བབ་པ་ཤ་སྦྲང་ཚོ་དྲུག་གི་མིང་གི་ཐོགས་ཚུལ་ཐད་ནས་རང་བློས་ལྕོག་ཚོད་ཀྱིས་དཔྱད་དེ་ཤེས་ལྡན་པ་དག་ལ་བགྲོ་གླེང་གི་ཚུལ་དུ་རང་གི་ལྟ་ཚུལ་རེ་གཉིས་བཏོན་ན། 
དང་པོ། ཤ་སྦྲང་ཚོ་དྲུག་གི་མིང་གི་ཐོགས་དོན། 
        དེ་ཡང་ཤ་སྦྲང་ཚོ་དྲུག་ཅེས་པའི་ཡུལ་སྡེ་ཆེན་པོ་འདི་ཉིད་ཀྱི་མིང་གི་ཐོགས་དོན་ལ་བཞེད་པ་མི་འདྲ་བ་དུ་མ་ཡོད་དེ། སྤྱིར་ན་ཚོ་པ་ཞིག་གི་མིང་གི་ཐོགས་ཚུལ་ལ་ས་ཁམས་གནས་བབ་དང་། རུས་རྒྱུད་གང་རུང་ལ་གཞི་བྱས་ཏེ་བཏགས་པ་ནི་ཕལ་ཆེར་གཅིག་མཐུན་དུ་ཆགས་ཡོད། འོན་ཀྱང་ཁ་ཅིག་ནི་ཕྱི་དགྲའི་རྒོལ་བ་དང་། ནང་གི་སྡེ་གཟར་ལ་རྐྱེན་བྱས་ཏེ། འཁྲུག་རྩོད་སོགས་ལོ་རྒྱུས་རྒྱུ་རྐྱེན་དམིགས་བསལ་བར་བརྟེན་ནས་ཚོ་མིང་ཐོགས་པ་ལྟ་བུའང་ཡོད། ཤ་སྦྲང་གི་མི་སྡེ་འདིའི་མིང་གི་ཐོགས་ཚུལ་ཡང་རྒྱུ་རྐྱེན་དེ་དག་ལས་མ་འདས་པས། གཤམ་དུ་ཚོ་མིང་ཐོགས་ཚུལ་གྱི་བཤད་རྒྱུན་སྐོར་ཞིག་དྲངས་ན། 
གཅིག །ངག་རྒྱུན་དུ་གྲགས་པའི་ཚོ་པའི་མིང་གི་ཐོགས་ཚུལ། 
        ངག་རྒྱུན་དུ། སྔོན་ཆོས་རྗེ་དོན་གྲུབ་རིན་ཆེན་ཁོང་ལྷ་དང་བླ་མའི་ལུང་གིས་མངགས་ཏེ། བྱ་ཁྱུང་གི་གནས་འཚོལ་ཕྱིར་རང་ཡུལ་ཤ་སྦྲང་དུ་ཕེབས་སྐབས། རྒད་པོ་ཞིག་གིས་གུང་ཚིགས་ལ་རི་དྭགས་ཤ་བ་ཞིག་གི་བྲང་ཕུལ་བས། ཁོང་གི་ཞལ་ནས“རི་ངོ་སྡུག་ལ་མདུན་རི་མི་ཉན། །བྲག་སྣ་ཕུག་ལ་རྒྱབ་རི་མི་ཉན། །ཤ་བྲང་ལ་གུང་ཚིགས་མི་ཉན། །ཧོར་མི་གླེན་པ་ལ་སྦྱིན་བདག་མི་བྱེད། །”ཅེས་གསུངས་པར་གྲགས་པའི་ངག་རྒྱུན་དེ་ལ་གཞི་བྱས་ནས་ཚོ་པའི་མིང་ལ་ཤ་བྲང་ཞེས་ཐོགས་པར་བཤད། ཡང་«རེབ་གོང་ཆོས་འབྱུང་ས་ཡི་ལྷ་མོ»རུ“ཕྱོགས་འདིར་གྲགས་ཆེ་བ་ནི། ལྷ་རྗེ་བྲག་སྣ་པའི་བུ་ཚ་རྣམས་ཀྱིས་བོན་ཁོག་ནས་ཤ་བ་ཞིག་བསད་པའི་བྲང་ཚོ་དྲུག་གང་རུང་གི་བུ་ཆུང་དང་སྐལ་ཁྱེར་བ་ཞིག་ལ་བྱིན་པས་ན་དེ་ཉིད་ཀྱིས་ཤ་བའི་བྲང་ཁྱེར་ཏེ་ཡུལ་དུ་འོངས་ནས། དོ་རི་དཔལ་གྱི་རྒྱབ་སྲིབ་ཅིག་ནས་ཚེར་མས་ར་ཆུང་ཞིག་བསྐོར་བའི་ནང་དུ་ཤ་བའི་བྲང་དེ་ཟོས་པའི་ཆ་ནས་ཤ་བྲང་ཚེར་དྲ་ཁ་ཞེས་བཏགས། སྤྲང་བོ་འདིའི་རྒྱུད་པའི་ཚོ་པ་ལ་ཤ་བྲང་སྤྲང་བོ་ཚང་ཟེར། དེ་ནས་བཟུང་སྒེར་མིང་སྤྱི་ལ་ཐོགས།”[2]ཞེས་གསུངས་ཏེ་འདོད་ཚུལ་འདི་ཡང་དག་པར་འདོད་མཁན་ཡང་འདུག ། 
གཉིས། ས་མིང་ལས་ཚོ་པའི་མིང་གི་ཐོགས་ཚུལ། 
        ཆ་ཧར་དགེ་བཤེས་བློ་བཟང་ཚུལ་ཁྲིམས་ཀྱིས་མཛད་པའི«རྗེ་ཙོང་ཁ་པའི་རྣམ་ཐར་ཆེན་མོ»སོགས་སུ“ཆོས་རྗེ་དོན་གྲུབ་རིན་ཆེན་གྱིས་བླ་མས་ལུང་བསྟན་པའི་གནས་འཚོལ་བར་བྱོན་ཏེ། དང་པོར་ཤར་པང་གི་གནས་རྙེད། དེར་དགོན་པ་བཏབ་སྟེ་འདུས་སྡེ་བཙུགས། དེ་ཡང་རིའི་དབྱིབས་ནི་ཉི་མ་ཤར་བའི་ཚེ་ཉི་འོད་པང་དུ་ལེན་པ་ལྟ་བུ་ཡིན་པས་ཤར་བ་པང་དུ་ལེན་པའི་ཤར་པང་ཞེས་པ་ཡིན་པ་ལ། མི་མང་གི་སྨྲ་བ་ནོར་བས་ད་ལྟ་ཤ་སྦྲང་དགོན་ཟེར་རོ། །”[3]ཞེས་གསུངས་པ་ལྟར། ཤར་པང་ཞེས་པ་དག་པར་འདོད་མཁན་ཡང་ཁ་ཅིག་འདུག་ལ། ཤར་པང་དང་ཤར་བང་གཉིས་རེས་མོས་སུ་འབྲི་བཞིན་ཡོད། 
གསུམ། རུས་ཀྱི་ཆ་ནས་ཚོ་པའི་མིང་དུ་ཐོགས་ཚུལ། 
      «རོང་བོ་དགོན་ཆེན་གྱི་གདན་རབས»སུ་གནས་འདིའི་མིང་ལ་བཤད་པ་མི་འདྲ་བ་འགའ་རེ་ཡོད་ནའང་། ཤ་སྦྲང་ཞེས་པ་ཤས་ཆེ་ལ། དེ་ཡང་རིགས་རུས་ཀྱི་མིང་ཞིག་ཡིན་ནམ་དཔྱད་ཅེས་བཀོད་ཡོད་ཅིང་། དེ་མིན་ཤ་སྦྲང་གི་མཆོད་རྟེན་དང་འབྲེལ་བའི་ལོ་རྒྱུས་ཤིག་ལས་ཀྱང་ཤ་སྦྲང་ནི། མི་སྡེ་འདིའི་རུས་ཀྱི་ཆ་ནས་ཐོགས་པར་བཤད། ཅེས་གསུངས་པ་བཞིན་དུ་ཡུལ་སྡེ་འདིའི་མིང་ནི་རུས་ཀྱི་ནས་ཐོགས་པར་འདོད་མཁན་ཡང་ཡོད། འོན་ཀྱང་། ད་སྔར་དེའི་ཐད་ནས་ཞིབ་འཇུག་གཏིང་ཚུགས་པ་གནང་ཡོད་མཁན་ཞིག་ཕལ་ཆེར་མེད་ཚོད་གདའ། 
གཉིས་པ། སྒྲའི་འབྱིན་སྟངས་མ་འདྲ་བ་ལས་ཤ་སྦྲང་ནི། ཤ་བྲང་དང་། ཤར་པར་སོགས་སུ་གྱུར་ཚུལ། 
         མིའི་རིགས་ཀྱི་སྐད་ཆའི་འཕེལ་རིམ་གྱི་ཆོས་ཉིད་ལྟར་ན་སྐད་ཆའི་འབྱུང་ཁུངས་སུ་གྱུར་པའི་གདོད་མའི་ལག་བརྡ་སྨྲ་བ་སོགས་ཀྱི་དུས་རིམ་ངེས་ཅན་ཞིག་བརྒྱུད་མཐར། མ་ལག་ཅུང་ཟད་ཆ་ཚང་བའི་མིའི་རིགས་ཀྱི་སྐད་ཆའི་རྣམ་པ་ཞིག་གྲུབ། བྱེ་བྲག་ཏུ་མི་རིགས་ཤིག་གི་སྐད་ཀྱི་གྲུབ་སྟངས་ལའང་ས་ཁུལ་དང་ཡུལ་ལུང་མི་འདྲ་བ། ས་གཤིས་ཁོར་ཡུག་དང་འཚོ་བ་རོལ་སྟངས་མི་འདྲ་བ་ལས་སྐད་ཆའང་མི་འདྲ་བ་བྱུང་། དེ་ནས་རིམ་བཞིན་ཡུལ་དུས་ཀྱི་ཆ་རྐྱེན་དང་། ལོ་རྒྱུས་ཀྱི་གནས་བབ་མ་འདྲ་བ་ལས་མི་རིགས་ཀྱི་སྤྱི་སྐད་ནས་ཡུལ་སྐད་བྱེ་བྲག་པར་འཕེལ་བ་ཡིན་ཏེ། བོད་རང་ལ་མཚོན་ནའང་ལོ་རྒྱུས་རྒྱུན་རིང་བ་དང་ཁྱབ་ཁོངས་རྒྱ་ཆེ་བ། འགྲིམ་འགྲུལ་སྟབས་མི་བདེ་བ། སྒོས་སུ་མི་སྡེ་ནང་ཁུལ་གྱི་འཐབ་རྩོད་ལས་ཤོག་ཁ་སོ་སོར་གྱེས་པ་དང་སྐད་བརྡ་རང་སྟེང་གི་འཕེལ་འགྱུར་རྒྱུ་རྐྱེན་མི་འདྲ་བ། སྤྱི་ཚོགས་ཀྱི་གནས་སྟངས་མི་འདྲ་བ་སོགས་ཡུལ་དུས་ཀྱི་ཆ་རྐྱེན་ལ་བརྟེན་ནས། དེང་གི་དུས་སུ་བོད་ཀྱི་ཡུལ་གྲུ་སོ་སོ་ན་བརྗོད་པའི་བོད་སྐད་ལའང་མིང་བརྡའི་གོ་དོན་དང་། ཚིག་སྦྱོར་སྤེལ་ལུགས་སོགས་ཕལ་ཆེར་འདྲ་ནའང་། སྒྲ་གདངས་ལ་འཕོ་འགྱུར་བྱུང་སྟེ། མདོ་དབུས་ཁམས་གསུམ་གྱི་ས་གནས་མི་འདྲ་བ་དང་། ཁོར་ཡུག་མི་འདྲ་བ་ལས་དབུས་སྐད་དང་། ཁམས་སྐད་དང་། ཨམ་སྐད་གསུམ་བྱུང་བ་ལྟ་བུའོ། །དེ་བཞིན་དུ་ཐ་སྙད་ཅིག་ལ་མཚོན་ནའང་སྤྱི་ཚོགས་ཀྱི་གྲུབ་སྟངས་མ་འདྲ་བ་ལས་སྒྲའི་འབྱིན་སྟངས་དང་ཀློག་སྟངས་ལ་ཁྱད་པར་བྱུང་བ་ཆོས་ཉིད་དུ་གྲུབ་ཡོད། དཔེར་ན། བོད་ཅེས་པའི་ཡི་གེ་འདི་ལའང་རོང་ཁུལ་དུ་འོད་ཀྱི་སྒྲ་ལྟར་ཀློག་པ་ལྟ་བུའོ། ། 
        ཡུལ་གྲུའི་ཆགས་ཚུལ་དང་སྤྱི་ཚོགས་ཆ་རྐྱེན། ལོ་རྒྱུས་ཀྱི་འཕོ་འགྱུར་སོགས་རྒྱུ་རྐྱེན་དུ་མ་ལ་བརྟེན་ནས། མིའི་རིགས་ཀྱིས་སྐད་ཆའམ་ཡུལ་སྐད་མི་འདྲ་བ་སྣ་ཚོགས་སྤྱོད་ཀྱིན་ཡོད་ལ། དེ་ལས་ཀྱང་ཡུལ་སྐད་གྲུབ་བྱེད་ཀྱི་ཕྱི་རྐྱེན་གཙོ་བོ་ནི་ཡུལ་ཁམས་ཀྱི་ཆ་རྐྱེན་ཡིན་པས། བརྡ་སྤྲོད་རིག་པའི་ངོས་ནས་ཡུལ་སྐད་ཅེས་པའི་གོ་དོན་ནི་སྐད་རིགས་གཅིག་གི་ཡུལ་ཁམས་ཀྱི་འགྱུར་གཟུགས་ལ་ངོས་འཛིན་པ་ཡིན། གོ་བདེ་བར་བཤད་ན། «སྐད་བརྡ་རིག་པའི་སྤྱི་བཤད»དུ། “ཡུལ་སྐད་ནི་སྐད་རིགས་ཤིག་ས་ཁུལ་མི་འདྲ་བའི་ངོས་ནས་བརྗོད་པ་དང་ཕན་ཚུན་ཁྱད་པར་ངེས་ཅན་ཡོད་པའི་ཕལ་སྐད་ལ་ཟེར།”[4]ཞེས་གསུངས་པ་ལྟར། ཡུལ་སྐད་སོ་སོའི་གདངས་ཀྱི་གྲུབ་ཚུལ་མི་འདྲ་བར་བརྟེན་ཐ་སྙད་གཅིག་ལ་སྒྲའི་འབྱིན་སྟངས་དང་། ཀློག་སྟངས་མི་འདྲ་བ་འབྱུང་བ་ཤེས་ཐུབ་པ་མ་ཟད། དུས་ཀྱི་འགྱུར་བ་དང་བསྟུན། ཐ་སྙད་ཁག་ཅིག་གི་སྒྲ་གདངས་ཟོར་ཇེ་ཡང་དུ་སོང་བ་དང་བསྟུན་ནས་གཟུགས་རྣམ་ལ་འགྱུར་བ་འབྱུང་གིན་ཡོད། དེར་བརྟེན་སྐད་བརྡ་རིག་པའི་གཞུང་ལུགས་ཀྱི་ཞིབ་འཇུག་ཐབས་ལམ་ལ་བརྟེན་ནས། ཤ་སྦྲང་ཞེས་པའི་ཐ་སྙད་ཀྱི་རིམ་འགྱུར་བྱུང་ཚུལ་ལ་དབྱེ་ཞིབ་ཅིག་བགྱིས་ན། མི་སྡེ་འདིའི་མིང་གི་ཐོག་མ་གང་ཡིན་པའི་ཐད་གོ་བ་གསར་པ་ཞིག་སྟེར་ཐུབ་པར་སྙམ། བཤད་རྒྱུན་དུ་ཚོ་མིང་ལ་ཤ་སྦྲང་དང་ཤ་བྲང་། ཤར་པང་སོགས་ཀྱི་འབོད་སྟངས་མི་འདྲ་བ་ཁག་ཅིག་བྱུང་ཡོད་ནའང་། དོན་དུ་ཡུལ་དུས་ཀྱི་གནས་བབ་དབང་གིས་ཤ་སྦྲང་ཞེས་པའི་ཐ་སྙད་ཀྱི་སྒྲ་གདངས་ལ་རིམ་འགྱུར་བྱུང་ནས་ཀློག་སྟངས་དུ་མར་གྱེས་པ་ཡིན། (འདིར་གཙོ་བོ་ཁ་སྐད་ཀྱི་ཀློག་སྟངས་བཤད་པ་ཡིན) ཀློག་སྟངས་དེ་དག་དང་བསྟུན་ནས་དུས་རབས་སྔ་ཕྱིའི་ནང་དུ་ཐ་སྙད་ཀྱི་གཟུགས་ལའང་འགྱུར་བ་བྱུང་བར་འདོད་དོ། ། 
        ཡི་གེ་རང་ངོས་ནས་དཔྱད་པ་ཞིག་བཏང་ན་ཤ་སྦྲང་དང་། ཤ་བྲང་དང་། ཤར་པང་སོགས་མི་འདྲ་བ་སོ་སོའི་ཐོག་མའི་ཡི་གེ་ཤ་ཡིག་ཡིན་ལ། ཚིག་ཕྱི་མ་ལ་རིམ་པར་ཤའི་ཚིག་གྲོགས་ལ་སྦྲང་དང་། བྲང་དང་། པང་སོགས་ཡིག་གཟུགས་དང་སྒྲ་གདངས་ལ་འགྱུར་བ་བྱུང་ཡོད། དེ་ལྟར་ཐ་སྙད་གཅིག་ལ་ཀློག་སྟངས་དུ་མ་བྱུང་བའི་རྒྱུ་རྐྱེན་ལ་བསམ་བློ་བཏང་ཚེ། ད་གཟོད་སྐད་ཆའི་འཕེལ་འགྱུར་གྱི་གནད་གསལ་པོ་ཞིག་ངེས་ཐུབ་པ་མ་ཟད། ཐ་སྙད་གང་དེའི་ཐོག་མའི་གཟུགས་རྣམ་ངོས་འཛིན་ཐད་ལའང་ཁུངས་འདེད་ཀྱི་རམ་འདེགས་མི་དམན་པ་ཞིག་ཐོན་ཐུབ། སྐད་བརྡ་རང་སྟེང་གི་འཕེལ་འགྱུར་རྒྱུ་རྐྱེན་དང་། ལོ་རྒྱུས་ཀྱི་གནས་བབ་མ་འདྲ་བའི་དབང་གིས་ལུང་སྐད་བྱེ་བྲག་པ་འབྱུང་བ་ཤེས་ཐུབ་པས། ཤ་སྦྲང་ཞེས་པའི་ཐ་སྙད་འདི་ཡང་གོང་དུ་སོང་ཟིན་པའི་རྒྱུ་དང་རྐྱེན་དེ་དག་གི་དབང་གིས་ཀློག་སྟངས་དུ་མ་བྱུང་བར་ངེས། མཁས་གྲུབ་རྗེས་མཛད་པའི་རྗེ་ཙོང་ཁ་པའི་རྣམ་ཐར་དུ་ཤ་སྦྲང་ཞེས་པའི་འབྲི་ཚུལ་བྱུང་བར་དཔགས་ན། མ་མཐའ་ཡང་དུས་རབས་བཅོ་ལྔ་པའི་ཡས་མས་སུ་ཤ་སྦྲང་ཞེས་འབོད་པ་ཤེས་ཐུབ། ཕྱིས་སུ་ལོ་རྒྱུས་ཀྱི་འགག་འཕྲང་རིང་མོ་ཞིག་བརྒྱུད་དེ། དུས་རབས་སོ་སོའི་ནང་དུ་ཕྱི་དགྲའི་རྒོལ་བ་དང་ནང་གི་སྡེ་གཟར་སོགས་ལ་རྐྱེན་བྱས་ཏེ། ཤོག་ཁའི་གྱེས་འབྱེད་བྱུང་བ་དང་བསྟུན་ནས་རིམ་གྱིས་ཡུལ་ལུང་སོ་སོ་ནས། སྐད་བརྡའི་མིང་བརྡའམ་ངག་སྦྱོར་སྤེལ་སྟངས་སོགས་ལ་ཡུལ་ལུང་རང་བཞིན་གྱི་ཤན་ཤུགས་ཐེབས་ཤིང་། ཡུལ་ཁག་སོ་སོའི་འབྲེལ་འདྲེས་ཀྱི་དགོས་མཁོ་དང་བསྟུན་ནས་སྐད་བརྡའི་གྲུབ་ཆ་སོ་སོ་སྟེ། ངག་སྦྱོར་གྱི་གཞི་གདངས་དང་། མིང་དང་། ཚིག་གི་སྒྲིག་གཞི་བཅས་ལ་འཕེལ་འགྱུར་ཆེ་ཙམ་བྱུང་བ་ཡིན། སྔོན་ཤ་སྦྲང་དང་ཡོན་དམག་དང་ཆིང་དམག་བར་འཁྲུག་རྩོད་བྱུང་བ་དང་། སོག་པོར་ས་རྩོད་བྱུང་བ་སོགས་ལ་རྐྱེན་བྱས་ཏེ་ཚོ་སྡེ་འདི་ཁ་ཐོར་དུ་སོང་བའང་ཤ་སྦྲང་ཞེས་པའི་ཐ་སྙད་ཀྱི་ཀློག་སྟངས་སམ་སྒྲ་གདངས་ལ་རིམ་གྱེས་བྱུང་བའི་རྒྱུ་རྐྱེན་གཙོ་བོ་ཞིག་ཏུ་འདོད། 
        གཞན་ཡང་ས་ཁུལ་སོ་སོར་བོད་ཡིག་གི་ཀློག་སྟངས་ལ་ཡུལ་ཁོངས་རང་བཞིན་གྱི་ཁྱད་ཆོས་ངེས་ཅན་རེ་ཡོད་པ་སོགས་ཀྱང་ཐ་སྙད་ཅིག་གམ་མིང་བརྡའི་རིམ་འགྱུར་གྱི་ནང་རྐྱེན་ཞིག་ཡིན་པ་ཤེས་ཐུབ། ཤ་སྦྲང་ཞེས་པའི་ཐ་སྙད་ལ་རིམ་གྱེས་བྱུང་བ་དཔེའི་སྒོ་ནས་གསལ་བཤད་ཅིག་བགྱིས་ན་གོ་བ་ངེས་ཅན་ཞིག་སྟེར་ཐུབ་སྟེ། སྦྲ་ཞེས་པའི་ཐ་སྙད་འདི་ལ་མཚོན་ནའང་ཡི་གེའི་གཟུགས་ལ་དུས་རབས་སྔ་ཕྱིའི་ནང་དུ་འགྱུར་བ་བྱུང་མེད་ནའང་། སྒྲ་གདངས་སམ་ཀློག་སྟངས་ལ་ཡུལ་དུས་དང་། སྤྱི་ཚོགས་གྲུབ་སྟངས་མ་འདྲ་བའི་དབང་གིས་རོང་པའི་ས་ཁུལ་ཁག་ཅིག་ཏུ་འདོགས་ཅན་གྱི་སྒྲ་མི་ཐོན་པར་སྦ་ཞེས་དང་། ཡང་ཁ་ཤས་སུ་མགོ་འདོགས་གཉིས་ཀྱི་སྒྲ་མི་ཐོན་པར་བ་ཞེས་འབོད་མཁན་ཡང་ཡོད། འབྲོག་པའི་ལུང་པ་ཁག་ཅིག་ཏུ་མགོ་ཅན་དང་མིང་གཞིའི་སྒྲ་གདངས་མི་ཐོན་པར་འདོགས་ཅན་ཁོ་ནའི་སྒྲ་ལྟར་ར་ཞེས་འབོད་པ་ལྟ་བུ། ཡང་སྦྲུལ་ལྟ་བུར་མཚོན་ན་ཡང་གོང་དང་ཆ་འདྲ་བར་ས་ཁུལ་ཁ་ཤས་སུ་སྦུལ་ཞེས་འབོད་པ་དང་། ཡང་ཁ་ཤས་སུ་བུལ་དང་། འབྲོག་པའི་ལུང་པ་ཁག་ཅིག་ཏུ་རུལ་ལམ་རོའུ་ཞེས་འབོད་པ་ལྟར། ཡུལ་ལུང་སོ་སོའི་ས་ཁམས་ཆགས་ཚུལ་དང་སྤྱི་ཚོགས་གྲུབ་སྟངས་མི་འདྲ་བ་ལས་ཐ་སྙད་གཅིག་ལའང་ཀློག་སྟངས་དུ་མ་བྱུང་ཞིང་། རིམ་འགྱུར་ཀྱང་བྱུང་བ་རེད། དེ་བས། ཤ་སྦྲང་གི་ཚིག་ཕྱི་མ་སྦྲང་ལ་རིམ་བཞིན་མགོ་ཅན་གྱི་སྒྲ་མི་ཐོན་པར་བཀླགས་པས་ཤ་བྲང་དང་། མགོ་འདོགས་གཉིས་ཀྱི་སྒྲ་མ་ཐོན་པར་བཀླགས་པས་ཤར་བང་དང་། མགོ་ཅན་དང་མིང་གཞིའི་སྒྲ་མ་ཐོན་པར་བཀླགས་པས་ཤ་རང་ཞེས་འབོད་སྟངས་བྱུང་བར་སེམས། ཤ་རང་ཞེས་འབྲི་ཚུལ་མེད་ནའང་དེང་སྐབས་རྒྱུན་པར་ཁ་སྐད་དུ་ཤ་རང་ཞེས་འབོད་ཚུལ་ལ་དཔགས་ནའང་། དུས་རབས་དང་བསྟུན་ནས་ཐ་སྙད་ཁག་ཅིག་གི་ཀློག་སྟངས་ཟོར་ཇེ་ཡང་དང་རིམ་འགྱུར་འབྱུང་བཞིན་པ་ཤེས་ཐུབ་པ་མ་ཟད། ཤ་སྦྲང་གི་མིང་གི་རིམ་འགྱུར་ཐད་ལ་ཡང་ངེས་ཤེས་གསལ་པོ་ཞིག་སྟེར་ཐུབ། དེའི་ཕྱིར། དུས་རབས་ཀྱི་འགྱུར་བ་དང་ལོ་རྒྱུས་ཀྱི་གནས་བབ་མི་འདྲ་བ་སོགས་རྒྱུ་རྐྱེན་དུ་མའི་དབང་གིས་རིམ་པར་འབོད་སྟངས་སྣ་མང་བྱུང་བ་ལས། ཐ་སྙད་རེ་རེ་ལ་ངག་རྒྱུན་དང་འབྲེལ་ནས་འགྲེལ་བཤད་རྒྱག་པ་ནི་ཡིད་རྟོན་རུང་བའི་གཏམ་དུ་མ་ངེས་སོ། ། 
        འོ་ན་ཤར་བང་དང་ཤབ་རང་ཞེས་པའི་ཀློག་སྟངས་དེ་ཅི་ལྟར་གྲུབ་པ་ཡིན་ཟེར་ན། བོད་སྐད་སྤྱི་དང་སྒོས་སུ་ཐ་སྙད་ཁག་ཅིག་གི་ཀློག་སྟངས་ལ་དབྱེ་ཞིབ་བགྱིས་ན་གོ་བ་ངེས་ཅན་ཞིག་སྟེར་ཐུབ། ཡུལ་སྐད་དང་ས་ཁམས་གནས་བབ་མ་འདྲ་བ་ལས་ཐ་སྙད་ཁག་ཅིག་གི་ཀློག་སྟངས་ལ། མགོ་འདོགས་ཀྱི་སྒྲ་སོ་སོ་ལས་ཆ་ཚང་མི་ཐོན་པ་དང་། སྔོན་རྗེས་མིང་གསུམ་གྱི་གོ་ས་ཕན་ཚུན་བརྗེས་ནས་ཀློག་པ། གཞན་བརྩེགས་ཡིག་ཕན་ཚུན་ཕྲལ་ནས་ཀློག་པ་ལྟ་བུ་ཁ་སྐད་དུ་རྒྱུན་པར་མཐོང་ཐུབ་སྟེ། དཔེ་རེ་གཉིས་དྲངས་ན་བླ་བྲང་ལ་ལབ་རང་དང་། ཕོ་བྲང་ལ་ཕོབ་རང་དང་། རྒྱ་མཚོ་ལ་རྒྱམ་མཚོ་དང་། རྟ་མགྲིན་ལ་རྟམ་མགྲིན་ལྟ་བུའི་ཚིག་གྲོགས་ཕྱི་མའི་མིང་གཞི་དང་སྔོན་འཇུག་ཚིག་སྔོན་མར་ཡར་བརྒྱབ་ནས་ཀློག་པ། དེ་མིན་སྤང་རི་ལ་བསང་རི་ དང་། སྦོམ་ར་ལ་པོམ་ར། («ཆོས་འབྱུང་མཁས་པའི་དགའ་སྟོན»དུ“སྨད་ཀྱི་དཔའ་སྡེ་ནི་རྨ་པོམ་ར་མན་ཆད་ཀ་ཐང་ཀླུ་ཚེས་ཡན།”[5]ཞེས་གསལ) མརྒད་ལ་མ་ར་ག་ད་ལྟ་བུ་སོགས་ཀྱིས་མཚོན། མིང་གཞི་སྔོན་འཇུག་གི་ཚུལ་དུ་སྦྱར་ནས་ཀློག་པ་དང་། མགོ་ཅན་ཕྱིས་ནས་མིང་གཞི་རྐྱང་བའི་སྒྲ་ལྟར་ཀློག་པ། སྔོན་རྗེས་མིང་གསུམ་སོ་སོར་ཕྲལ་ནས་ཀློག་པ་ལྟ་བུ། གཞན་ཡང་སྐྲ་དང་ཁྲག །གྲི་དང་། འགྲོ་ལྟ་བུ་ལ་ཁ་སྐད་དུ་ཡ་བཏགས་ཀྱི་སྒྲ་ལྟར། རིམ་པར་སྐྱ་དང་ཁྱག །གྱི་དང་འགྱོ་ལྟར་དུ་ཀློག་པ་ལྟ་བུ་རྒྱུན་པར་མཐོང་ཐུབ། དེའི་རྒྱུ་རྐྱེན་གཙོ་བོ་ནི་སྐད་བརྡ་ནང་ཁུལ་གྱི་གནད་དོན་དང་། ཕྱིའི་ས་ཁམས་གནས་སྟངས། འཚོ་བ་རོལ་སྟངས། སྲིད་འབྱོར་རིག་གསུམ་གྱི་གནས་བབ་མ་འདྲ་བའི་དབང་གིས་ཡིན་ཞིང་། དེ་དང་བསྟུན་ནས་བོད་སྐད་དུ་དོན་གཅིག་ལ་སྒྲ་གཟུགས་མི་འདྲ་བར་སྤྱད་པ་དང་། སྒྲ་གཟུགས་ཉེ་བའམ་གཅིག་པའི་མིང་གཅིག་ལ་དོན་གྱི་གོ་ཚུལ་ཐ་དད་དུ་སྣང་བ་སོགས་ཀྱི་ཐད་ནས་ཡུལ་སྐད་སོ་སོར་ཁྱད་པར་བྱུང་བ་ཡིན། དེའི་ཕྱིར་ན་ཤར་པང་དང་ཤབ་རང་ནི་ཤ་བྲང་གི་ཡི་གེའི་གཟུགས་འགྱུར་ཡིན་པ་ཤེས་ཐུབ། 
      «སྐད་བརྡ་རིག་པའི་སྤྱི་བཤད»དུ“སྐད་ཆ་ལ་ལོ་རྒྱུས་ཀྱི་རིམ་འགྱུར་འབྱུང་བའི་གོམ་འགྲོས་ཧ་ཅང་དལ་བའི་རྒྱུ་མཚན་གྱིས། སྤྱིར་བཏང་དུ་མི་རྣམས་ཀྱིས་དེའི་འགྱུར་བ་ཚོར་སླ་བོ་ཞིག་མིན། དཔེར་ན། བོད་ཡིག་གི་སྒྲ་ཚིགས་རེའི་གསལ་བཤད་ཡི་གེ་དེ་དང་ཐོག་སྒྲ་མཚོན་བྱེད་རེད། འོན་ཀྱང་དེང་རབས་ལྷ་སའི་སྐད་ཀྱི་ཀློག་ཚུལ་ལྟར་ན། མགོ་མཇུག་བརྩེགས་འདོགས་ཀྱི་སྒྲ་རེ་རེ་བཞིན་གསལ་པོར་ཐོན་ཐུབ་པ་ཞིག་མ་རེད།”ཅེས་དང་། “སྐད་ཆའི་འཕེལ་རྒྱས་དང་འགྱུར་ལྡོག་ལ་ནང་དོན་གཉིས་འདུས་ཡོད་དེ། ཕྱོགས་གཅིག་ནི་སྐད་ཆའི་གྲུབ་ཚུལ་ལ་འགྱུར་ལྡོག་བྱུང་བར་གོ་དགོས། དཔེར་ན་གནའ་རབས་ཀྱི་བོད་སྐད་ལ་མིང་གཞིའི་མ་ནིང་གི་ཡི་གེ་ཁ་ཆ་ཐ་ཕ་ཚ་དང་མོ་ཡིག་ག་ཇ་ད་བ་ཛ་བཅས་སྒྲའི་ཀློག་ཚུལ་ལ་ཁྱད་ཤིན་ཏུ་ཆེ་མོད། དེང་རབས་ལྷ་སའི་སྐད་དུ་སྒྲ་ཁོ་ནའི་ཐད་ནས་ཁྱད་པར་མི་གསལ་བར་གྱུར་ཡོད།”[6]ཅེས་པ་ལྟར། ཡི་གེ་དང་སྐད་ཆ་གང་ཡིན་ཡང་དུས་རབས་དང་བསྟུན་ནས་འགྱུར་བ་བྱུང་བ་ནི་སྐད་བརྡའི་ཐུན་མོང་གི་སྣང་ཚུལ་ཞིག་ཡིན་པས། ཤ་སྦྲང་ཞེས་པའི་ཐ་སྙད་ཀྱི་སྒྲ་གདངས་དང་གཟུགས་ཀྱི་རིམ་འགྱུར་བྱུང་བ་དེ་ལ་རྗེས་རབས་པ་དག་གིས་དེའི་ནང་དོན་དང་ཆ་མཐུན་པའི་འགྲེལ་བཤད་རེ་བརྒྱབ་ན་ཆོག་པ་ལས། དོན་དངོས་ལྟར་ན་འབྲི་སྟངས་དེ་དག་ཐ་སྙད་ཀྱི་རིམ་འགྱུར་ཙམ་དུ་ཟད་དོ། ། 
        མདོར་ན“སྲིད་འབྱོར་རིག་གསུམ་བདག་རྐྱེན་དུ་བྱས་པའི་སྤྱི་ཚོགས་ཀྱི་གྱེས་ཐོར་དང་། རུས་རྒྱུད་ཤོག་ཁ་དང་མི་གྲངས་ཀྱི་གནས་སྤོར་ཚུལ། རི་གྲོང་ཞིང་གསེབ་ཀྱི་གེགས་རྐྱེན། གཞན་རིགས་དང་འདྲེས་སྡོད་བྱས་པའི་འཚོ་ཐབས་ཅི་རིགས་པའི་ཕྱི་རྐྱེན་དང་། སྐད་བརྡ་ནང་ཁུལ་གྱི་འགལ་འབྲེལ་དང་སྡེབ་སྒྲིག་གི་འཕེལ་འགྱུར་མི་འདྲ་བ་སོགས་རྒྱུ་རྐྱེན་སྣ་ཚོགས་པའི་དབང་གིས་ཡུལ་སྐད་ཀྱི་ཁྱད་པར་མངོན་གསལ་དུ་གྲུབ།”[7]ཅེས་པ་ལྟར། ཤ་སྦྲང་གི་ཐ་སྙད་འདི་ཉིད་ཀྱང་ཡུལ་སྐད་ཀྱི་ཁྱད་པར་དང་ཚོ་པ་རང་གི་ལོ་རྒྱུས་རྒྱུ་རྐྱེན་དམིགས་བསལ་བ། སྐད་བརྡའི་འཕེལ་འགྱུར་གྱི་རྒྱུ་རྐྱེན་སོགས་དུས་ཀྱི་འཕོ་འགྱུར་དང་བསྟུན་ནས་རིམ་པར་ཐ་སྙད་རང་ལ་རིམ་བཞིན་འགྱུར་བ་བྱུང་བར་མངོན་ནོ། ། 
གསུམ་པ། ཤ་སྦྲང་ཞེས་པའི་མིང་དེ་ཡང་དག་པར་འདོད་ཚུལ། 
        གོང་དུ་བཀོད་པ་བཞིན་ཤ་སྦྲང་གི་མིང་གི་ཐོགས་དོན་ཐད་བཞེད་པ་མི་འདྲ་བ་གསུམ་ཡོད་དེ། དེ་དག་རེ་རེར་ཡང་ངག་རྒྱུན་ནམ་གཏམ་རྒྱུད་གང་རུང་ལ་འབྲེལ་བའི་རྒྱུ་མཚན་རེ་ཡོད་པ་གདོན་མི་ཟ་མོད། གནས་ལུགས་དང་རྒྱུ་མཚན་གྱིས་ཕུ་དེད་ནས་བཞེད་པ་སོ་སོར་རིག་པ་ཆུ་ཐུབ་ཀྱིས་དཔྱད་ན། 
        གཅིག །ཐོག་མར་ཤ་བྲང་ཞེས་པའི་མིང་གི་འབོད་སྟངས་འདི་ལ་དབྱེ་ཞིབ་ཅིག་བགྱིས་ན། ཆོས་རྗེ་དོན་གྲུབ་རིན་ཆེན་ལ་སྦྱིན་བདག་ཅིག་གིས་ཤའི་བྲང་ཞིག་ཕུལ་བའི་ངག་རྒྱུན་ལ་གཞི་བྱས་ཏེ་རི་ངོ་སྡུག་ལ་མདུན་རི་མི་ཉན། །བྲག་སྣ་ཕུག་ལ་རྒྱབ་རི་མི་ཉན། །ཤ་བྲང་ལ་གུང་ཚིགས་མི་ཉན། །ཧོར་མི་གླེན་པ་ལ་སྦྱིན་བདག་མི་བྱེད། །ཅེས་གསུངས་པར་གྲགས་པའི་ཚིག་འདི་ལ་བརྟེན་ནས་ཤ་བྲང་ཞེས་ཐོགས་པར་གསུངས་ཀྱང་། ངག་སྒྲོས་ཀྱི་ཚིག་དུམ་འདི་ལ་ཅུང་ཟད་དཔྱད་དགོས་འདུག་སྟེ། ཆོས་རྗེ་དོན་གྲུབ་རིན་ཆེན་ཁོང་གིས་དངོས་སུ་གསར་འདེབས་མཛད་པའི་དགོན་སྡེ་ཁག་དྲུག་གི་ཡ་གྱལ་ལྷ་ཁང་མའི་དགོན་གྱི་མདུན་རི་དང་། རྒྱབ་རི་ཡང་རི་ངོ་སྡུག་དང་བྲག་སྣ་ཕུག་ལ་གཏད་འདུག་ཅེས«ཤ་སྦྲང་ཚོ་དྲུག་གི་ལོ་རྒྱུས»སུ་གསལ་ལ།(ད་ལྟའི་ཕུན་ཚོགས་ཆོས་འཕེལ་གླིང་ཆགས་ཡོད་སའི་གནས་འདི་ཡིན)སྤྱིར་ན་བོད་རྟེན་འབྲེལ་གྱི་བདག་པོ་ཞེས་པའི་དཔེ་ལྟར་ཁང་གསར་ཕུབ་པ་དང་རུ་སྤོ་བ། བག་མ་གཏོང་ལེན་བྱེད་པ་དང་། ཡུལ་གཞན་དུ་འགྲོ་བ་ལ་སོགས་པའི་ཆོ་ག་དང་། བྱ་བ་རླབས་ཆེན་གྱི་ལས་ཅི་ཞིག་སྒྲུབ་ཀྱང་ཉིན་བཟང་སྐར་བཟང་འདེམས་པ་དང་། གནས་བཅའ་སའི་ས་དེར་བརྟག་དཔྱད་བྱས་ཏེ། མདུན་རྒྱབ་ཀྱི་རི་ཆུ་བཟང་བ་ས་ཤོར་མེད་པ་དག་འདེམས་པ་ལས། གད་པ་དང་། རི་ངོ་སྡུག་དང་། བྲག་སྣ་ཕུག་མི་འདེམས་པ་ནི་བོད་མི་སྤྱིའི་ཐུན་མོང་གི་ས་དཔྱད་རིག་གནས་ཀྱི་བག་ཆགས་ཤིག་ཡིན། དཔེར་ན་དགོན་སྡེ་ཁག་ཆགས་སའི་གནས་ཐམས་ཅད་ཁྱད་དུ་འཕགས་པའི་གནས་དང་མདུན་རྒྱབ་ཀྱི་རི་གང་ཡིན་ཡང་བརྗིད་པོ་དང་རྩྭ་ཆུ་ནགས་གསུམ་འཛོམས་པ། རྟེན་འབྲེལ་གྱི་ཆ་མཚོན་པའི་གནས་དག་ཡིན་པ་ལས་ས་གཤིས་ངན་པ་ས་ཆུ་ཤོར་བའི་རིགས་མིན་པས། གོང་གི་ཟེར་སྒྲོས་དེའང་ཆོས་རྗེ་དོན་གྲུབ་རིན་ཆེན་གྱིས་གསུངས་མིན་ཐད་ལ་བསམ་གཞིག་བཏང་ཆོག་ཆོག་རེད་བསམས། དམངས་ཁྲོད་ཀྱི་གཏམ་དཔེའི་ཁྲོད་ནའང་། “མདུན་རི་མི་ཉན་པའི་གད་པ་ཆུ་ཟོས། རྒྱབ་རི་མི་ཉན་པའི་དེའུ་ལུ་ཁེར་ཆད།”ཅེས་པ་ལྟ་བུའི་གཞིས་བཅའ་སའི་གནས་ལ་བརྟག་ཐབས་ཀྱི་ནང་དོན་མཚོན་པའི་གཏམ་དཔེ་མང་པོ་འདུག་པས། གོང་གི་ཟེར་སྒྲོས་དེའང་བོད་མི་སྤྱིས་རང་བྱུང་ཁམས་དང་འབྲེལ་འདྲིས་བྱས་པའི་གོ་རིམ་ཁྲོད་དུ་གྲུབ་པའི་ས་དཔྱད་རིག་གནས་ཀྱི་བཤད་སྟངས་ཤིག་ཡིན་པར་འདོད། གལ་སྲིད་ཚིག་དུམ་འདི་ཆོས་རྗེ་དོན་གྲུབ་རིན་ཆེན་གྱིས་གསུངས་པའི་དབང་དུ་བཏང་ན་ཡང་། སྐབས་དེ་ནས་བཟུང་ཚོ་པའི་མིང་ལ་ཤ་བྲང་ཞེས་ཐོགས་པ་ནི་མ་ཡིན་ཏེ། ཆོས་རྗེ་དོན་གྲུབ་རིན་ཆེན་ཁོང་སྐུ་མ་འཁྲུངས་སྔོན་ནས་བཟུང་ཤ་སྦྲང་གི་མི་སྡེ་གནས་འདིར་གཞིས་ཆགས་ཡོད་པ་མ་ཟད། ཤ་སྦྲང་གི་མིང་ཡང་སྔ་མོ་ནས་ཡོད་པ་གཡེར་གཤོང་མཁན་པོ་ངག་དབང་བློ་བཟང་བསྟན་འཛིན་རྒྱ་མཚོ་མཆོག་དབུས་སུ་ཕེབས་སྐབས་སྣར་ཐང་གི་མཚན་ཐོར་གཟིགས་པས་རྗེ་དོན་རིན་པའི་འཁྲུངས་ཡུལ་ཤ་སྦྲང་དང་། ཤར་སྦྲང་རབ་འབྱམས་པ་དོན་གྲུབ་རིན་ཆེན་ཞེས་གསལ་པོར་འཁོད་ཡོད་པ་ལས་ཤ་བྲང་ཞེས་བཀོད་མེད་ཚུལ་ལ་བལྟས་པ་ཙམ་གྱིས་ཀྱང་། ཆོས་རྗེ་ཁོང་གི་སྔོན་ནས་བཟུང་ཚོ་པའི་མིང་ལ་ཤ་སྦྲང་ཟེར་བ་ཤེས་ཐུབ་པས། གོང་གི་ཟེར་སྒྲོས་དེ་ལ་བདེན་ཁ་ཅུང་ཟད་ཀྱང་མེད་པ་ར་སྤྲོད་བྱས་ཡོད། སྣར་ཐང་གི་མཚན་ཐོར་ཁོང་གི་མཚན་གསལ་བ་ནི་ཆོས་རྗེ་དོན་རིན་པས་སྣར་ཐང་དུ་སློབ་གཉེར་བྱེད་པའི་སྐབས་འཁོད་པའི་མཚན་ཐོ་ཡིན་ཞིང་། ཟེར་སྒྲོས་དེ་ནི་ཁོང་གི་བླ་མའི་ལུང་བསྟན་ལྟར་ཕྱིར་ཨ་མདོར་ཕེབས་སྐབས་བྱུང་བས། དུས་ཀྱི་སྔ་གཞུག་ལ་དཔགས་པ་ཙམ་གྱིས་ཀྱང་ཤེས་ཐུབ། གལ་ཏེ་ཆོས་རྗེ་ཁོང་གིས་གསུངས་པའི་ཚིག་དུམ་དེ་ལ་བརྟེན་ནས་ཚོ་པའི་མིང་ལ་ཤ་བྲང་ཞེས་ཐོགས་པ་ཡིན་ན། ཆོས་རྗེ་དམ་པ་ཁོང་སྐུ་མ་འཁྲུངས་སྔོན་དུ་ཚོ་པའི་མིང་ལ་འབོད་སྟངས་གཞན་ཞིག་ཡོད་དགོས་མོད། ལོ་རྒྱུས་ཡིག་ཚང་སོགས་གང་དུའང་ཤ་སྦྲང་དང་ཤར་པང་མ་གཏོགས་མིང་གཞན་གཅིག་ཀྱང་མ་བྱུང་། དེས་ན་ཆོས་རྗེ་ཁོང་སྐུ་མ་འཁྲུངས་སྔོན་དུ་ཚོ་པ་འདིར་མིང་མེད་པ་དང་། སྐུ་འཁྲུངས་པའི་རྗེས་སུ་ད་གཟོད་མིང་བྱུང་བའང་རང་བཞིན་གྱིས་ཁས་ལེན་དགོས་པས། ཆོས་རྗེ་ཁོང་དང་འབྲེལ་ནས་བྱུང་བའི་ངག་རྒྱུན་འདི་ལ་བརྟེན་ནས་ཤ་སྦྲང་གི་མིང་བྱུང་བར་གྲགས་པ་ནི་བདེན་པར་མ་ངེས་སོ། །གཞན་ཡང་ལྷ་རྗེ་བྲག་སྣ་པའི་བུ་ཚ་རྣམས་ཀྱིས་ཤ་བ་ཞིག་བསད་ནས་བྲང་ཚོ་དྲུག་གི་སྐད་ཁྱེར་བ་ཞིག་ལ་བྱིན་པའི་ངག་རྒྱུན་ལ་བརྟེན་ནས་ཤ་བྲང་ཞེས་པ་དེའང་། གོང་གི་ཆོས་རྗེ་དོན་རིན་པ་དང་འབྲེལ་ནས་བྱུང་བའི་ངག་རྒྱུན་དང་གཞི་མ་འདྲ་བ་ཙམ་ལས་འབྲས་བུ་གཅིག་པས་ཡིད་རྟོན་རུང་བའི་གཏམ་དུ་མ་ངེས་ལ། རྒྱུ་མཚན་གོང་དུ་སོང་བ་བཞིན་ནོ། ། 
        གཉིས། ས་ཁམས་ཆགས་སྟངས་ཀྱི་ཆ་ནས་ཤར་པང་ཞེས་པ་ཚོ་པའི་མིང་ལ་ཐོགས་པར་འདོད་མོད། དེར་མི་འཐད་དེ། ཉི་མ་ཤར་མ་ཐག་ཏུ་པང་དུ་བླངས་པ་ལྟ་བུ་ཞིག་ཡིན་མིན་ཡུལ་དངོས་ལ་བསྐྱོད་ནས་བལྟས་ཚེ་གསལ་པོར་ཤེས་ཐུབ། སྤྱིར་ས་མིང་དང་ཡུལ་མིང་གི་འདོགས་སྟངས་ལ་ཉི་ཟླ་འཆར་ནུབ་ཀྱི་ས་ཁམས་ཀྱི་རྣམ་པ་དང་ཡུལ་གྱི་ཆགས་སྟངས། གནམ་གཤིས་ཁོར་ཡུག་ལ་སོགས་པར་བརྟེན་ནས་བཏགས་པ་ལྟ་བུ་ཡོད་དེ། དཔེར་ན། གྲང་ངར་ཧ་ཅང་ཆེ་བས་ནམ་མཁའི་བྱའང་འདར་བ་ལྟ་བུའི་ས་མིང་ལ་བྱ་འདར་ཟེར་བ་དང་། རིའི་རྩེ་མོ་ཧ་ཅང་འབིགས་པ་མཛོ་མོའི་ནུ་མ་ལ་དཔེ་བྱས་ཏེ་ས་མིང་ལ་མཛོ་མོའི་ནུ་རྩེ་ཟེར་བ་ལྟ་བུ་ཡོད་ཀྱང་། ཤ་སྦྲང་གི་མིང་ནི་དེ་ལྟར་འདྲ་བ་རྒྱུ་མཚན་དང་ས་ཁམས་གནས་སྟངས་ཀྱི་ཆ་ནས་མིང་ཐོགས་པར་འདོད་པ་ནི་རྒྱུ་མཚན་གྱིས་ཕོངས་སོ། །འོན་ཀྱང་ཆ་ཧར་དགེ་བཤེས་ཀྱིས་མཛད་པའི«རྗེ་ཙོང་ཁ་པའི་རྣམ་ཐར་ཆེན་མོ»རུ་ཆོས་རྗེ་དོན་གྲུབ་རིན་ཆེན་བླ་མས་ལུང་བསྟན་པའི་གནས་འཚོལ་བར་བྱོན་ཏེ། དང་པོར་ཤར་པང་གི་གནས་རྙེད། དེར་དགོན་པ་བཏབ་སྟེ་འདུས་སྡེ་བཙུགས། དེ་ཡང་རིའི་དབྱིབས་ནི་ཉི་མ་ཤར་བའི་ཚེ་ཉི་འོད་པང་དུ་ལེན་པ་ལྟ་བུ་ཡིན་པས་ཤར་བ་པང་དུ་ལེན་པའི་ཤར་པང་ཞེས་པ་ཡིན་པ་ལ། མི་མང་གི་སྨྲ་བ་ནོར་བས་ད་ལྟ་ཤ་སྦྲང་དགོན་ཟེར་རོ། །ཞེས་གསུངས་ཡོད། འདི་ལ་བསམ་རྒྱུ་ཞིག་འདུག་སྙམ་སྟེ། ཚིག་འདིའི་ངོས་ཟིན་ལས་ཤར་པང་ནི་ཆོས་རྗེ་དོན་རིན་པས་གསར་འདེབས་གནང་བའི་དགོན་པ་ཆགས་སའི་གནས་ཙམ་གྱི་མིང་དུ་གོ་ན་དོན་ལ་གནས་པ་ལས་ཚོ་པའི་མིང་དུ་གོ་མི་ཐུབ། མི་མང་གི་སྨྲ་བ་ནོར་བས་ད་ལྟ་ཤ་སྦྲང་དགོན་ཟེར་ཞེས་གསུངས་པར་གཞིགས་ནའང་། ཤར་པང་ཞེས་པ་ཤ་སྦྲང་དགོན་ཆགས་སའི་གནས་ཙམ་ལ་གོ་ན་འགྲིག་པར་སྙམ་ཡང་། དེ་དོན་དངོས་ཡིན་མིན་ནི་དགོན་པའི་རྒྱབ་རི་གང་རུང་གི་ས་མིང་ལ་སྔོན་ཆད་ཤར་པང་ཟེར་མིན་ལ་ཐུག་ཡོད་དེ། གནས་སྐབས་སུ་དེའི་སྐོར་གྱི་ཡིག་ཆ་ཁུངས་བཙུན་ཞིག་ལག་ཏུ་མ་ཆུད་པས་དེའང་བདེན་མིན་གྱི་ཁ་ཚོན་གཅོད་དཀའ། ཡིན་ནའང་ཚོ་པའི་མིང་ནི་ཆོས་རྗེ་མ་བྱོན་སྔོན་དུ་ཡོད་པ་གོང་དུ་གླེང་བ་བཞིན་ནོ། །གཞན་ཡང་ཡུལ་བྱེ་བྲག་པའི་མིང་སྤྱི་ལ་ཐོགས་པ་དང་། སྤྱི་མིང་བྱེ་བྲག་ལ་ཐོགས་པ་ལྟ་བུ་ཡོད་དེ། བཙན་པོའི་སྐབས་སུ་བོད་ཁ་གཡག་དྲུག་ཅེས་པའི་བོད་ནི་རིམ་བཞིན་མདོ་དབུས་ཁམས་གསུམ་གྱི་སྤྱི་མིང་དུ་ཆགས་པ་ལྟ་བུ་རེད། དེ་བཞིན་དུ་ཤར་པང་ཞེས་པའི་གནས་གང་དེའི་མིང་གི་ཁྱབ་ཁོངས་རྒྱ་ཆེ་རུ་ཕྱིན་ནས་ཤ་སྦྲང་ཚོ་དྲུག་གི་སྤྱི་མིང་དུ་ཐོགས་པར་དོགས་པ་དང་ཚོད་བགམ་བྱས་ཆོག་ཀྱང་། ལོ་རྒྱུས་ཡིག་ཚང་ཞིབ་བསྡུར་དང་སྐད་བརྡའི་འགྱུར་བའི་གནས་སྟངས་ལ་བལྟས་ན། ཤར་པང་ནི་ཤ་བྲང་གི་འགྱུར་གཟུགས་ཡིན་པ་ལས་ཚོ་མིང་དངོས་མ་ཡིན་ནོ། ། 
        གོང་གི་བཞེད་ཚུལ་དེ་གཉིས་ནི་ཆོས་རྗེ་དོན་རིན་པ་དང་འབྲེལ་ནས་བྱུང་བ་མ་ཟད། ཁོང་གིས་བྱ་ཁྱུང་གི་གནས་འཚོལ་བའི་སྐབས་སུ་བྱུང་བའི་བཤད་ཚུལ་ཞིག་ཡིན། འདིར་དཔྱད་ཞིབ་ཅིག་བགྱིས་ན་དོགས་པ་གང་མང་ཞིག་རང་བཞིན་གྱིས་གྲུབ་སྟེ། ཆོས་རྗེ་དོན་རིན་པའི་འཁྲུངས་ཡུལ་ཤ་སྦྲང་ཡིན་ཞེས་ཀུན་ལ་གྲགས་པ་ལྟར་ན། བྱ་ཁྱུང་དང་ཤ་སྦྲང་ནི་རི་རྒྱུད་གཅིག་ཏུ་ཡོད་པས་བྱ་ཁྱུང་གི་གནས་བཙལ་དགོས་པའི་རྒྱུ་མཚན་ཅི་ཡང་མི་འདུག་ལ། སྒོས་སུ་ཆོས་རྗེ་དོན་རིན་པས་རང་གི་འཁྲུངས་ཡུལ་ཤ་སྦྲང་གི་གནས་གང་དུ་ཡོད་འདུག་མི་ཤེས་པར་འཚོལ་དགོས་ཟེར་ན་བཞད་གད་ཀྱི་གནས་ལས་མ་འདས་སོ། །དེའི་ཕྱིར་ན་གོང་གི་བཞེད་ཚུལ་འདི་གཉིས་ཀ་ཕྱིས་ཀྱི་མི་རྣམས་ཀྱི་རྟོག་བཟོ་འབའ་ཞིག་ལས་ཡིད་རྟོན་རུང་བ་དང་། ཡང་དག་པའི་གཏམ་དུ་མ་མཆིས། འོ་ན་ཤ་སྦྲང་གི་མིང་ཇི་ལྟར་ཐོགས་པ་རེད་ཟེར་ན། ཤ་སྦྲང་ཚོ་དྲུག་གི་ནང་ཚན་ཤ་སྦྲང་ཚང་ཟེར་བའི་ཚོ་ཆུང་དེའི་མིང་རིམ་པར་རྒྱ་ཆེ་རུ་སོང་ནས་ཚོ་པ་སྤྱིའི་མིང་དུ་ཐོགས་པར་ཡང་བསམ་གཞིག་བཏང་ཆོག་མོད། དེ་ཡང་མ་ཡིན་ཏེ། ཤ་སྦྲང་གི་དཔོན་རྒྱུད་དུ་གྱུར་པ་ཚོ་ཁག་འདི་ལས་བྱུང་ཞིང་། རེབ་གོང་ཤོག་ཁ་བཅུ་གཉིས་ལ་བེ་ཧུ་བཞི་དང་བླ་མ་བཞིས་མངའ་དབང་བསྒྱུར་བར་གྲགས་པའི་ཧོར་ནག་བེ་ཧུ་དང་། ཤ་སྦྲང་བླ་མ་ཞེས་པའང་ཚོ་ཁག་འདི་ལ་ཐུག་ཡོད། ཤ་སྦྲང་བླ་མ་ཚང་ལ་ཆེ་མཐོང་གི་ཚུལ་དུ་བླ་མའི་མིང་གི་མགོར་སྡེ་མིང་སྦྱར་བར་བརྟེན་སྤྱི་མིང་སྒེར་ལ་ཐོགས་ཏེ་ཤ་སྦྲང་ཚང་ཞེས་པའི་མིང་དེ་རྒྱུན་འབྱམས་སུ་སོང་བ་ཡིན་ཏེ། དེང་སང་ཡང་དཔོན་རྒྱུད་དེ་ལ་ཤ་སྦྲང་བླ་མ་ཚང་ཟེར་བས། མིང་དེ་སྤྱི་མིང་སྒེར་ལ་ཐོགས་པར་འདོད་དོ། ། 
        གསུམ། རུས་ཀྱི་ཆ་ནས་ཤ་སྦྲང་ཞེས་ཐོགས་པར་འདོད་པའི་བཞེད་ཚུལ་འདི་ནི་ཡང་དག་པར་འདོད་དེ། «ཤ་སྦྲང་ཚོ་དྲུག་གི་ལོ་རྒྱུས»སུ“རོང་བོ་དགོན་ཆེན་གྱི་གདན་རབས་ནང་དུ་གནས་འདིའི་མིང་ལ་བཤད་པ་མི་འདྲ་བ་འགའ་རེ་ཡོད་ནའང་ཤ་སྦྲང་ཞེས་པ་ཤས་ཆེ་ལ་དེ་ཡང་རིགས་རུས་ཀྱི་མིང་ཞིག་ཡིན་ནམ་དཔྱད་ཅེས་བཀོད་ཡོད་ཅིང་། ད་དུང་ཤ་སྦྲང་གི་མཆོད་རྟེན་དང་འབྲེལ་བའི་ལོ་རྒྱུས་ཤིག་ལས་ཀྱང་ཤ་སྦྲང་ནི་སྡེ་འདིའི་རུས་ཀྱི་ཆ་ནས་ཐོགས་པར་གསུངས།[8] དེ་མིན་ལོ་རྒྱུས་དེབ་ཐེར་གྲགས་ཅན«མདོ་སྨད་ཆོས་འབྱུང»དུ“ཁྱད་པར་བྱ་ཁྱུང་དང་ཤ་སྦྲང་ཟེར་བ་གཉིས་སུ་དགོན་པ་ཐོབ། བཤད་སྒྲུབ་གང་འཕེལ་གྱིས། སྒོས་སུ་བྱ་ཁྱུང་དུ་སྒྲུབ་པ་མཛོད།”[9]ཅེས་སྡེ་འདིའི་མིང་ལ་ཤ་སྦྲང་ཞེས་འཁོད་ཡོད་པས། རིགས་རུས་ཀྱི་མིང་ཞིག་ཏུ་འདོད་དེ། ད་སྔར་ཤ་སྦྲང་ཞེས་པའི་རུས་ཤིག་བཀོད་པའི་ཡིག་ཆ་ཞིག་ལག་སོན་མ་བྱུང་ཡང་། ཏུན་ཧོང་ནས་ཐོན་ པའི་ཤོག་དྲིལ་ཨང་p.t1038པར“བློན་པོ་ལྷོ་རྔེགས། བོན་པོ་མཚེ་གཅོ། ཕྱག་ཚང་ཤ་སྦུག”ཅེས་བཙན་པོ་གཉའ་ཁྲིའི་ཕྱག་ཚང་གི་བློན་ཞིག་གི་རུས་མིང་ལ་ཤ་ཟེར་བ་དང་། ཡང་ཤོག་དྲིལ་ཨངp.t1286པར“ཡུལ་ཀླུམ་རོའི་ཡ་སུམ་ན་རྗེ་ནམ་པའི་བུ་གསེང་ཏི། བློན་པོ་མྱང་དང་སྦྲང་གཉིས།”ཞེས་རྒྱལ་ཕྲན་སིལ་མའི་དུས་ཀྱི་རུས་ཤིག་གི་མིང་ལ་སྦྲང་ཞེས་བྱུང་བ་དང་། ཡང་ཤོག་དྲིལ་ཨངp.t1287པར“སྦྲང་རྒྱལ་སྒྲ་ལེག་ཟིགས་ཀྱིས། སྟོད་ཕྱོགས་སུ་དྲངསྟེ།”[10]ཞེས་བཙན་པོ་ཁྲི་སྲོང་ལྡེ་བཙན་དུས་ཀྱི་བློན་ཞིག་གི་རུས་ནི་སྦྲང་ཡིན་པ་སོགས་ནི་མི་སྡེ་འདིའི་ཚོ་མིང་ཤ་སྦྲང་དང་འབྲེལ་བ་ངེས་ཅན་ཞིག་ཡོད་པར་འདོད་ལ། ཡང་ན་སྔོན་གྱི་རུས་ཤིག་གི་ཐ་སྙད་ཀྱི་འགྱུར་གཟུགས་གང་རུང་ཞིག་ཡིན་པར་སྙམ། ཤ་སྦྲང་ཞེས་པའི་མིང་ཚིག་རང་ངོས་ཀྱི་ནང་དོན་ནི«བརྡ་དཀྲོལ་གསེར་གྱི་མེ་ལོང»དུ“འདུལ་བའི་གླེང་འབུམ་གྱི་མིང་བརྡའི་རྣམ་བཤད་ལས། ཤ་སྦྲང་ནི་ནགས་སྦྲང་སྟེ། མི་ཕྱུགས་ལ་སོ་བཏབ་སྟེ་ཁྲག་འཇིབ་པའི་སྦྲང་མ་དེ་ཡིན།”[11]ཅེས་གསུངས་པ་ལྟར། ཁྲག་འཇིབ་པའི་འབུའི་རིགས་ཤིག་གི་མིང་ལས་དོན་གཞན་ཅི་ཡང་སྟོན་མི་ཐུབ། གཞན་ཡང་མཁས་གྲུབ་ཐམས་ཅད་མཁྱེན་པ་དགེ་ལེགས་དཔལ་བཟང་པོས་མཛད་པའི«རྗེ་ཙོང་ཁ་པའི་རྣམ་ཐར་དད་པའི་འཇུག་ངོགས»སུ“ཤ་སྦྲང་དུ་དཔོན་ཤཱཀྱ་བཟང་པོ་ཟེར་བ་ཞིག་གདན་སར་བསྐོས”[12]ཞེས་པའི་ནང་དུའང་ཤ་སྦྲང་གི་ཡི་གེ་འདི་བྲིས་ཡོད། འདི་ལ་བསམ་རྒྱུ་ཞིག་འདུག་སྟེ། ཆོས་རྗེ་དོན་གྲུབ་རིན་ཆེན་ནི་རྗེ་ཐམས་ཅད་མཁྱེན་པའི་དགེ་རྒན་ཡིན་པ་དང་། མཁས་གྲུབ་ཐམས་ཅད་མཁྱེན་པ་ནི་ཆོས་རྗེ་དོན་རིན་པ་དང་དུས་རབས་གཅིག་ལ་ཁེལ་ཡོད་པ་མ་ཟད་རྗེ་རིན་པོ་ཆེའི་དངོས་སློབ་དང་། དོན་རིན་པའི་བརྒྱུད་པའི་སློབ་མའང་ཡིན། རྣམ་ཐར་ཡང་སྐབས་དེར་མཛད་པ་ཡིན་ཞིང་། ཁོང་རྣམ་དཔྱོད་འགྲན་ཟླ་དང་བྲལ་བའི་མཁས་པ་ཆེན་པོ་ཞིག་གིས། རང་གི་བརྒྱུད་པའི་དགེ་རྒན་གྱི་འཁྲུངས་ཡུལ་གྱི་མིང་ཡང་ནོར་སོང་ཟེར་ན་བཞད་གད་སློང་བའི་རྒྱུ་རུ་འགྱུར་བས། ཤ་སྦྲང་ནི་ཡང་དག་ཡིན་པ་ཤེས་ཐུབ། དེ་མིན«ཤ་སྦྲང་ཚོ་དྲུག་གི་ལོ་རྒྱུས»སུ“ཤ་སྦྲང་གི་རིགས་རུས་མཆེད་ཁུངས་ནི་བཙན་པོའི་གདུང་རྒྱུད་མངའ་བདག་འོད་སྲུང་གི་རིགས་རུས་ལས་མངའ་རིས་སྟོད་ལ་དྭགས་ཀྱི་མི་རྒྱུད་དུ་འདོད་པ་དང་། ཁ་ཅིག་གིས་སྤུར་རྒྱལ་བཙན་པོའི་དུས་ནས་བྱུང་བའི་བོད་དམག་གི་ཤུལ་ཡིན་ཟེར་བ་སོགས་ཀྱི་བཤད་ཚུལ་མཆིས་ན་ཡང་། ས་སྐྱ་བ་ཡིན་ཏེ། ཆོས་རྗེ་དོན་གྲུབ་རིན་ཆེན་གྱི་ཡང་སྤྲུལ་བཅུ་ཕྲག་རིག་པའི་གནས་ལ་དབང་འབྱོར་བ་དཔལ་ཆུ་བཟང་ངག་དབང་ཐུབ་བསྟན་དབང་ཕྱུག་རིན་པོ་ཆེས། རིགས་རུས་ནི་ས་སྐྱ་ཡིན”[13]ཞེས་གསུངས་པ་ལྟར། ཤ་སྦྲང་ཞེས་པ་རིགས་རུས་ཤིག་ཏུ་གོ་ན་འགྲིག་པར་འདོད། གཞན་རྗེ་བཙུན་ཤར་གདོང་བློ་བཟང་བཤད་སྒྲུབ་རྒྱ་མཚོའི་ཞལ་སྔ་ནས་མཛད་པའི«བྱ་ཁྱུང་ཨ་ར་པ་ཙྭའི་སྒྲུབ་ཁང་གི་དཀར་ཆག»ལས། ས་སྐྱ་ནས་ཆད་པའི་རིགས་རེབ་གོང་ཤ་སྦྲང་དུ་སྐུ་འཁྲུངས་བར་ཀུན་གཟིགས་འཇམ་པའི་དབྱངས་ཨབྷའི་ཞབས་བཞེད།[14]ཅེས་དང་། གཞན་སུམ་པ་ཡེ་ཤེས་དཔལ་འབྱོར་གྱིས་མཛད་པའི«ཆོས་འབྱུང་དཔག་བསམ་ལྗོན་བཟང»དུ“བྱ་ཁྱུང་དགོན་དང་ཤ་སྦྲང་འདེབས་པ་པོ་ཤར་ཕྱོགས་རིག་པའི་དཔའ་བོ།”[15]ཞེས་གསུངས་པར་དཔགས་ན། སྔ་མོ་ནས་སྡེ་འདིའི་མིང་ལ་ཤ་སྦྲང་ཞེས་འབོད་པ་ཤེས་ཐུབ་པར་མ་ཟད། རུས་ཀྱི་ཆ་ནས་ཐོགས་པར་ངེས་ཤེས་ཟབ་མོ་ཞིག་བསྐྱེད་ཐུབ། དེའི་ཕྱིར་ན་མཁས་པའི་དབང་པོ་འཇིགས་མེད་ཐེག་མཆོག་གི་«སྐྱབས་མགོན་སྐུ་ཕྲེང་རྣམ་ཐར་གསང་གསུམ་སྣང་བའི་སྒྲོན་མེ»དང་། «སྣར་ཐང་གི་མཚན་ཐོ»«བྱ་ཁྱུང་གདན་རབས»སོགས་ཡང་དག་པའི་ཁུངས་སུ་ལེགས་ན་ཐེ་ཚོམ་མེད་པར«གདན་རབས་རྫོགས་ལྡན་གཏམ་གྱི་རང་སྒྲ»ལས་གསུངས་པའི་རིགས་རུས་ཀྱི་མིང་ཞིག་ཡིན་ནམ་དཔྱད་ཅེས་པ་སོགས་ཚད་ལྡན་གྱི་ལུང་འདི་དག་དང་། ཡོངས་སུ་གྲགས་པའི་གནའ་མིའི་ངག་རྒྱུན་ལྟར་ན་ཡང་ཤ་སྦྲང་ཚོ་དྲུག་གི་ཆད་ཁུངས་ནི་ས་སྐྱ་པ་ཡིན་པ་དང་། རྗེ་དོན་རིན་པའང་རེབ་གོང་ཤ་སྦྲང་དུ་སྐུ་འཁྲུངས་པར་ས་དེའི་སྐྱེ་བོ་ཀུན་ལ་གྲགས་ཤིང་། ཤ་སྦྲང་གི་ཉེ་འཁོར་གྱི་ཉིན་ཕྱོགས་རི་ཁྲོད་ཅིག་ཏུ་སྒྲུབ་པ་མཛད་ནས་བཞུགས་པར་བརྟེན་དོན་གྲུབ་རིན་ཆེན་གྱི་མཚན་བསྡུས་ནས་དོན་རིན་ཉིན་དུ་ཐོགས་ཤིང་། དེ་ཡང་ཟུར་ཆག་ནས་དོར་ཉིན་ཞེས་ད་ལྟའང་ཡུལ་དེའི་སྡེ་མིང་དུ་གྲགས་པས་ཤ་སྦྲང་ནི་རུས་ཀྱི་ཆ་ནས་ཐོགས་པ་བདེ་བླག་ཏུ་རྟོགས་ནུས་ལ་རུས་ནི་ལྡོང་ཡིན་པར་སྨྲ། 
མཇུག་སྡུད་པ། 
        སྐད་བརྡའི་ཕྱི་ནང་གི་རྒྱུ་རྐྱེན་དང་། མི་སྡེ་རང་གི་ལོ་རྒྱུས་ཀྱི་གནས་བབ་དབང་གིས་ཤ་སྦྲང་གི་ཐ་སྙད་འདིའི་སྒྲ་གདངས་ལ་རིམ་བཞིན་འགྱུར་བ་བྱུང་ནས་འབོད་སྟངས་དུ་མ་བྱུང་ཞིང་། སྒྲ་གདངས་ལ་འགྱུར་བ་བྱུང་ནས་འབོད་སྟངས་དུ་མ་བྱུང་བ་ལས་ཡི་གེའི་གཟུགས་ལའང་རིམ་བཞིན་འགྱུར་བ་བྱུང་ནས་ཤ་བྲང་དང་ཤར་པང་སོགས་ཀྱི་འབྲི་སྟངས་ཁག་ཅིག་བྱུང་བ་ལ། ཕྱིས་སུ་མི་རྣམས་ཀྱིས་ཐ་སྙད་དེ་དག་གི་ནང་དོན་དང་ཆ་མཐུན་པའི་འགྲེལ་བཤད་ངེས་ཅན་རེ་བརྒྱབ་ནས་ཚོ་པའི་མིང་གི་ཐོགས་ཚུལ་དུ་འདོད་པ་ཡང་བྱུང་། འོན་ཀྱང་། མཁས་པའི་བཤད་རྒྱུན་དང་གདན་རབས་ཁག་ཏུ་གསུངས་པའི་ལུང་དང་། སྐད་བརྡའི་འཕེལ་འགྱུར་ཆོས་ཉིད་གཞི་བྱས་ཏེ་ལུང་རིགས་ཟུང་འབྲེལ་གྱིས་དཔྱད་ཞིབ་བགྱིས་འོང་ཚེ་དོན་དུ་ཤ་སྦྲང་ཞེས་པ་ཡང་དག་པ་མ་ཟད་རིགས་རུས་ཀྱི་མིང་ཞིག་ཏུ་ངེས་བཟུང་ན་འགྲིག་པར་སྙམ་མོ། །
          མཆན།
          [1] སྤྱི་ལོ1822ལོར་ཧྲན་ཀན་ཙོང་ཏུ་ཁྲང་ལན(陕甘总督长龄)དང་ཟི་ལིང་ཨམ་བན་སོང་ཐེན། ནཱ་ཡན་ཁྲིན་སོགས་ཀྱིས་རྨ་བྱང་དུ་བརྒལ་བའི་བོད་རིགས་ཡོངས་རྫོགས་གཙང་བཤེར་བྱས་པ་ཡིན་ཏེ། རྗེས་མ་འདིའི་སྐབས་ད་ལྟའི་མཚོ་ལྷོ་ས་ཁུལ་དུ་གནས་པའི་ཝང་ཚེ་རིང་དོན་གྲུབ་སོགས། ཇ་སག་དྲུག་གི་ཕྱུགས་ས་བོད་པས་བཟུང་ནས་མི་ལོ་ཉི་ཤུ་ལྷག་འགོར་བ་ཚང་མ་ཕྱིར་རྨ་ཆུའི་ལྷོ་རྒྱུད་དུ་དེད་ཀྱང་། སོག་པོའི་མི་ཕྱུགས་ཀྱི་གྲངས་ཀ་ཆེས་ཉུང་བར་ཕྱིན་པས། མཚོ་བྱང་ཕྱོགས་སུ་གཅིག་གྱུར་གྱིས་ཕན་ཚུན་ལ་རྒྱབ་གཏད་ནས་འདུག་པ་ལས། སྔོན་ལྟར་བསྡད་པས་རྐུན་ཁ་མི་ཟུར་ཞེས་རྩྭ་ས་ཕྱིར་སྤྲད་པའི་སྟེང་། ཨ་རིག་བེ་ཧུའི་རུ་སྡེ་སྐབས་ཤིག་ལ་བཀོད་སྒྲིག་བྱས་ཀྱང་མ་ཕན་པར། ཡང་ནས་ཡང་དུ་སྔར་བཞིན་རྨ་ཆུ་ལས་བརྒལ་བ1857ལོར་ཧྥུ་ཅིས(福济)ཆིང་གོང་མར་ཡར་ཞུ་བྱས་རྗེས། རྨ་བྱང་དུ་བརྒལ་ཟིན་པའི་བོང་སྟག་དང་། བདུལ་ཤུལ། འཁྱམ་རུ། རྐང་ཚ། ཆུ་ཁྲ། གོང་བ་ལྷ་སྡེ། བན་ཤུལ། རི་ངན་སོགས་རུ་སྡེ་བརྒྱད་བསྡད་ཆོག་པའི་མཆོག་མཆན་གནང་བ་བཅས། ཟི་ལིང་བོད་སོག་དོན་གྲུབ་བློན་ཆེན་ནམ་ཨམ་བན་སྔ་རྗེས་ཀྱིས་མན་ཆིང་གོང་མར་ཞུ་འབུལ་དང་། དེ་དོན་གྱི་བཀའ་ལན་སོགས་གནང་།
          [2] ཨ་ཁུ་རི་ཁྲོད་པ་བློ་བཟང་མཁྱེན་རབ། མདོ་སྨད་རེ་སྐོང་རིག་པ་འབྱུང་བའི་གྲོང་ཁྱེར་ལེ་ལག་དང་བཅས་པའི་ལུགས་གཉིས་གཏམ་གྱི་བང་མཛོད་ལས་བསྡུས་པའི་ཆོས་འབྱུང་ས་ཡི་ལྷ་མོ་ཞེས་བྱ་བ་བཞུགས་སོ། ། [M] ཞང་ཀང་གྱི་ལིང་དཔེ་སྐྲུན་ཁང་། 2002:30.
          [3] ཆ་ཧར་དགེ་བཤེས་བློ་བཟང་ཚུལ་ཁྲིམས། རྗེ་ཙོང་ཁ་པའི་རྣམ་ཐར་ཆེན་མོ། [M] ཀྲུང་གོའི་བོད་རིག་པ་དཔེ་སྐྲུན་ཁང་། 2014:43.
          [4] ཧྭ་ཁན་དང་བསོད་ནམས་ཚེ་རིང་། སྐད་བརྡ་རིག་པའི་སྤྱི་བཤད། [M] ཀྲུང་དབྱང་མི་རིགས་སློབ་གྲྭ་ཆེན་མོའི་དཔེ་སྐྲུན་ཁང་། 2008:233.
          [5] དཔའ་བོ་གཙུག་ལག་ཕྲེང་བ། ཆོས་འབྱུང་མཁས་པའི་དགའ་སྟོན། [M] མི་རིགས་དཔེ་སྐྲུན་ཁང་། 1986:189.
          [6] ཧྭ་ཁན་དང་བསོད་ནམས་ཚེ་རིང་། སྐད་བརྡ་རིག་པའི་སྤྱི་བཤད། [M] ཀྲུང་དབྱང་མི་རིགས་སློབ་གྲྭ་ཆེན་མོའི་དཔེ་སྐྲུན་ཁང་། 2008:214. 
          [7] སུམ་པ་དོན་གྲུབ་ཚེ་རིང་། བོད་ཀྱི་ཡུལ་སྐད་ཀྱི་བྱུང་འཕེལ་དང་། དབྱེ་བ། ཁྱད་ཆོས་སྐོར་རགས་ཙམ་བརྗོད་པ། [J] ཀྲུང་གོའི་བོད་རིག་པ། 2007(3)
          [8] བན་གྱའི་རིན་ཆེན་དཔལ་འབྱོར། ཤ་སྦྲང་ཚོ་དྲུག་གི་ལོ་རྒྱུས། [M] ཀན་སུའུ་མི་རིགས་དཔེ་སྐྲུན་ཁང་། 2007:5. 
          [9] བྲག་དགོན་པ་དཀོན་མཆོག་བསྟན་པ་རབ་རྒྱས། མདོ་སྨད་ཆོས་འབྱུང་། [M] ཀན་སུའུ་མི་རིགས་དཔེ་སྐྲུན་ཁང་། 2015:187. 
          [10] ཏུན་ཧོང་ནས་ཐོན་པའི་བོད་ཀྱི་ལོ་རྒྱུས་ཡིག་ཚང་། [M] མི་རིགས་དཔེ་སྐྲུན་ཁང་། 1992:56. 
          [11] བཙན་ལྷ་ངག་དབང་ཚུལ་ཁྲིམས། བརྡ་དཀྲོལ་གསེར་གྱི་མེ་ལོང་ཞེས་བྱ་བ་བཞུགས་སོ། ། [M] མི་རིགས་དཔེ་སྐྲུན་ཁང་། 1997:929. 
          [12] མཁས་གྲུབ་དགེ་ལེགས་དཔལ་བཟང་། རྗེ་ཙོང་ཁ་པའི་རྣམ་ཐར་དད་པའི་འཇུག་ངོགས། [M] འབྲས་སྤུངས་བཀྲ་ཤིས་སྒོ་མང་དཔེ་མཛོད་ཁང་། 2018:10.
          [13] བན་གྱའི་རིན་ཆེན་དཔལ་འབྱོར། ཤ་སྦྲང་ཚོ་དྲུག་གི་ལོ་རྒྱུས། [M] ཀན་སུའུ་མི་རིགས་དཔེ་སྐྲུན་ཁང་། 2007:6. 
          [14] རྗེ་ཤར་གདོང་བློ་བཟང་བཤད་སྒྲུབ་རྒྱ་མཚོ། བྱ་ཁྱུང་ཨ་ར་པ་ཙའི་སྒྲུབ་ཁང་གི་དཀར་ཆག ། [M] མཚོ་སྔོན་མི་རིགས་དཔེ་སྐྲུན་ཁང་། 1989:31. 
          [15] སུམ་པ་ཡེ་ཤེས་དཔལ་འབྱོར། ཆོས་འབྱུང་དཔག་བསམ་ལྗོན་བཟང་། [M] ཀན་སུའུ་མི་རིགས་དཔེ་སྐྲུན་ཁང་། 1992:417.
39.7K

ཐག་རག་ཡིག་བསྒྱུར་མ་ལག

དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1