གཙོ་ངོས།>> དམངས་སྲོལ།>>རྒྱན་གོས།

རྩོམ་པ་པོ། མི་གསལ། ལྟག་ཨོ་རྒྱན་ཆོས་འཕེལ། རྩོམ་སྒྲིག་པ།དབང་ཆེན།ཡོང་ཁུངས།ཁམས་པའི་རིག་གནས་དྲ་བ། སྤེལ་དུས། ༢༠༢༡ལོའི་ཟླ་བ་༡༡ཚེས་༡༥ཉིན།

༄༅།།ཁམས་ལི་ཐང་བུ་མོའི་མགོ་ཆ།

ཁམས་ལི་ཐང་བུ་མོའི་མགོ་ཆ།

ཁམས་ལི་ཐང་ཞེས་འབོད་པའི་ཡུལ་དེ་ནི་སྤོ་འབོར་སྒང་གི་ས་ཡི་ལྟེ་གནས་སུ་གྱུར་པ། གནའ་ཞིག་ནས་ལི་ཐང་ནོར་བུ་ས་ཆ་ཞེས་སྙན་པར་འབར། འཕགས་པའི་ཡུལ་དེ་སྟོད་ན་གངས་རི་བརྗིད་ཉམས་ཅན་དང་། སྨད་ན་ནགས་ཚལ་སྟུག་པོ་ཅན། མཐའ་ན་སྤང་དང་དྲི་མ་ཞིམ་པའི་མེ་ཏོག་སྣ་དགུ་ཅན་གྱིས་བསྐོར། དེ་བས། བྱ་དང་བྱིའུ་རྣམས་ཀྱིས་སྙན་པའི་སྐད་ངག་འབྱིན་ཞིང་། གཅན་གཟན་རི་དྭགས་མང་པོས་གང་འདོད་རྩེད་མོ་ལ་རོལ་བའི་མི་ཡུལ་གྱི་ཞིང་ཁམས་གཙང་མ་ཞིག་སྟེ། ཡུལ་དེར་གནའ་ནས་ད་བར་སྐྱེས་བུ་དམ་པ་ཟམ་མ་ཆད་པར་ཕེབས་ཏེ། དགེ་བཅུ་ཚང་བའི་གསེར་མོ་ལྗོངས་དེར་སྨོན་ལམ་བཏབ་པ་དང་བྱིན་གྱིས་བརླབས།

ཆེས་གནའ་བོའི་དུས་སུ་པུ་འབོར་ལི་ཐང་དུ་བྱ་ཁྱུང་དང་། འབུ་སྦལ་དང་། འབུམ་དང་། ཨ་མྱེ་ཡི་རིག་གནས་སོགས་གཙོ་བོར་དར་མྱོང་ཞིང་། རིགས་རུས་ཀྱང་དབྲ་དང་། སྒ་དང་། ལྡོང་དང་། སེ་དང་། ཁྱུང་དང་། སྟག་དང་། ལྗང་སོགས་ཡོད་དེ། ཁྱད་པར་དུ་བོད་བཙན་པོའི་རྒྱལ་རྒྱུད་ཐོག་མ་མཆེད་པར་སྨྲ་བའི་གནས་ཆེན་སྤོ་ཁོག་སོགས་ཡོད་པ་ནས་ལི་ཐང་ཞེ་ན་འཇིག་རྟེན་དུ་གྲགས་ཆེ། དེ་འདྲའི་གཟི་བརྗིད་ཅན་གྱི་གཏམ་དང་སྒྲུང་གི་རྒྱུད་ནི་གནས་དེའི་བུད་མེད་དག་གི་རྒྱན་ཆ་རུ་གསལ་པོར་བཟོས་ཏེ་བཀོད་ཡོད། དེར་བརྟེན། ཡུལ་འདིའི་མཛངས་མ་སྤྱོད་བཟང་ཅན་དག་གི་ན་བཟའ་དང་རྒྱན་ཆ་ལ་ལེགས་པར་འཇུག་ཐུབ་ན། ཡུལ་དེའི་ཐུན་མིན་གྱི་ཁྱད་ཆོས་འབར་བའི་གཉུག་མར་སྲིད་པ་ཆགས་པའི་བརྒྱུད་རིམ་དེའང་ཡང་དག་པར་མཁྱེན་ནོ།།

ལི་ཐང་གི་ཁ་སྐད་དུ་བུད་མེད་རྣམས་ཀྱི་རྒྱན་ཆ་ལ(མགོ་ཆ)ཞེས་འབོད། མགོ་ཆ་ལ་རོང་འབྲོག་ནས་རྐྱེན་པའི་ཁྱད་པར་ཕྲན་བུ་རེ་ཡོད་ནའང་། འདི་རྒྱས་སྤྲོས་རྒྱས་བསྡུས་དབང་གིས་རྣམ་པ་གསུམ་འབྱེད། དང་པོ། རྒྱས་པའི་མགོ་ཆ་ལ་དགུ་འཛོམས་དང་། གཉིས་པ། འབྲིང་ལ་དྲུག་འཛོམས་དང་། གསུམ་པ། བསྡུས་པ་ལ་སུམ་འཛོམས་ཞེས་གྲགས། སྤྱི་མིང་ལྟར་བྱེད་ན།(སུམ་འཛོམས) ཞེས་སྐད་དོ།།

ཁམས་ལི་ཐང་བུ་མོའི་མགོ་ཆ།

སྐྱེས་མ་ཚད་ལྡན་ཞིག་གི་མགོ་ཆ་ཆ་ཚང་ནི་དྲུག་འཛོམས་ཡིན། སྒོར་སྒོར་གཉིས་དང་རྟགས་བརྒྱད་གཅིག་དང་གསུམ། སྦལ་བའམ(དཔལ་བ)མདོ་གདོང་གཉིས་དང་རྟགས་བརྒྱད་གཅིག་དང་གསུམ། འདི་གཉིས་བར་དུ་བྱུ་རུའི་སྟོད་སྒྲོག་གིས་བརྒྱན་པ། (གལ་ཏེ། དགུ་འཛོམས་ཡིན་ན་སྦལ་བ་གཉིས་དང་རྟགས་བརྒྱད་ལྷག་མ་གཅིག་བསྣན་པས། མཉམ་དུ་བསྡོམས་པའི་དགུ། མིང་ལ་དགུ་འཛོམས་ཟེར།) དེའི་འོག་ཏུ་བྱ་ཁྱུང་། དེ་ལས་བྱུ་རུའི་རྣ(རྣམ) བཀྲ་དང་། དངུལ་ལེབ་ཀྱི་རྣམ་བཀྲ་རིང་བ་བཅས་སོ།།

སུམ་འཛོམས་དང(གསུམ་འཛོམས)ནི་ཆེས་གནའ་བོའི་སྲིད་པ་བསྟན་པའི་སྒྲུང་ལས་བྱུང་། དོན་དུ(ནོར་བུ་གསུམ་འཛོམས)ཞེས་པའི་བརྡ་སྟེ། བརྗོད་སྙིང་ནི་གནམ་ལ་ཉི་ཟླ་སྐར་གསུམ། ས་ལ་རི་ཆུ་སྤང་གསུམ། མི་ལ་ཚེ་བསོད་དཔལ་གསུམ། སྲིད་པ་ལ་གོང་འོག་བར་གྱི་ཁམས་གསུམ། དུས་ཚོད་ལ་འདས་དང་མ་འོངས་ད་ལྟ་གསུམ། ནང་ལ་ཕ་མ་བུ་རྒྱུད་གསུམ། ཐབ་ལ་ཐབ་རྡོ་གསུམ་ཞེས་པའི་དཔེ་མཚོན་བཞིན་དུ(གསུམ་འཛོམས) ནི་ཤིན་ཏུ་བཀྲ་ཤིས་པ་དང་རྟེན་འབྲེལ་འགྲིག་པའི་དོན་ཏེ།དེ་ཡང་དྲུག་འཛོམས་དང་དགུ་འཛོམས་ཞེ་ན་དེ་འདྲའི་བཀྲ་ཤིས་རྟེན་འབྲེལ་གྱི་ནུས་པ་དང་། ཆེ་བ་དང་སྟོབས་ཤུགས་སོགས་ཇེ་ཆེ་དང་ཇེ་རྒྱས་སུ་གཏོང་བ་ཞིག་ཡིན།

ལི་ཐང་གི་གནའ་སྐད་དུ་མགོ་ཆ་སུམ་འཛོམས་ལ(མེ་ཏོག)དང(སྒོར་སྒོར)ཞེས་འབོད་དེ། འདི(མེ་ཏོག)ཅེ་ན་ཆེས་གཉུག་མར་གངས་ཅན་པའི་སྲོལ་དུ་མི་རྣམས་ཀྱི་མགོ་ལ་མེ་ཏོག་སྣ་ཚོགས་བརྒྱན་ཡོད་པ་དེའོ།། ཕྱིས་སུ་མི་རྣམས་ཀྱིས་གསེར་དངུལ་དང་རིན་པོ་ཆེ་གཡུ་བྱུར་ནས་མེ་ཏོག་གི་ཚབ་བྱས་ཏེ། གསེར་དངུལ་ལས་མགར་བའི་སྒོར་སྒོར་ལ་མེ་ཏོག་སྟོང་ལྡེམ་གྱི་གཟུགས་དབྱིབས་ཕབ་པའོ།། མེ་ཏོག་དབུ་ལ་བརྒྱན་པའི་རིག་གཞུང་ནི་གནའ་བོའི་གངས་ཅན་པའི་སྐར་རྩིས་རིག་པ་ལས་བྱུང་སྟེ། མཚོན་དོན་ནི་ནམ་མཁའི་ཉི་མ་དང་། ཟླ་བ་དང། སྐར་མའི་ཚོགས་བཅས། དེ་བཞིན་དུ་མགོ་ཆ་ལ(སུམ་འཛོམས)ཞེ་ན་དབུ་ལ་ཉི་ཟླ་སྐར་གསུམ་ལྷན་གཅིག་ཏུ་འཛོམས་པ་དེ་ཡིན།

སྒོར་སྒོར་ནི་མགོ་ཆའི་དབྱིབས་གཟུགས་ཆ་ནས་བཤད་མོད་ཀྱང་། དོན་དུ་ནམ་མཁའ་སྟོང་པ་དང་བར་སྣང་སྟོང་པ་མཚོན་ཞིང་། དེ་ནི་སྲིད་པ་ཐོག་མར་གྲུབ་པའི་གཞི་རྩ་དང་ཁོག་པ་ལ་གོ་སྟེ། རྒྱུ་མཚན་ནི་སྲིད་པ་དང་སྣང་བ་ཐམས་ཅད་སྒོར་སྒོར་འཁྱིལ་བ་རླུང་གི་དཀྱིལ་འཁོར་ལ་བརྟེན་ནས་བྱུང་བ་ཡིན་པས། དེར་བརྟེན། བར་སྣང་ལས་ཡོད་དགུ་བཀྲ་བ་ནི་སྲིད་པའི་ཆོས་ཉིད་དེ། རྒྱུ་རྐྱེན་འདིའི་དབང་གིས་གསེར་དངུལ་གྱི་སྒོར་སྒོར་ངོས་སུ་མེ་ཏོག(ཉི་ཟླ་སྐར་གསུམ) དང་ནོར་བུ་སོགས་ཤར་བ་ཡིན། བརྗོད་དོན་ནི་སྲིད་པ་ཆགས་པའི་ཆགས་རབས་བཤད་པའོ།།

མགོ་ཆ་མང་ཤོས་ནི་རྒྱུ་དངུལ་ལས་གྲུབ་པ། གཞན་གསེར་དང་གསེར་དངུལ་སྤེལ་མ་ཅན་ཡང་ཡོད། མགོ་ཆའི་གྲུབ་ཆ་ལས་སྒོར་སྒོར་དང་། རྟགས་བརྒྱད་དང་། བྱ་ཁྱུང་བཅས་ལ་རིན་པོ་ཆེ་བྱུ་རུའི་ཕྲ་བཏབ་ཡོད་ཅིང་། གཞན་སྦལ་བ་མདོ་གདོང་ལ་ནོར་བུ་མེ་འབར་གྱི་རི་མོ་ཕབ་ཡོད་པ་ལས་ཕྲ་རྒྱག་སྲོལ་མེད། བྱ་ཁྱུང་ནི་བྱ་རྒྱལ་ཁྱུང་གི་བཟོ་ལྟ་ཅན། བྱ་ཁྱུང་གི་རྩེ་མོ་ལ་རུ་གསུམ་དང་མཐའ་གཤམ་དུ་རུ་ལྔ། དཀྱིལ་དུ་ཕྲ་གསུམ། གཤམ་མའི་འཛིན་ལུང་གི་རུ་ལྔ་ལས་དངུལ་ཐག་དང་དངུལ་ཐག་གི་རྩེ་ལ་དྲིལ་ཆུང(གཡེར་ཁ) བྱིའུ་ཁ་མ་བཏགས་ཡོད་དེ། སྐྱེས་མ་རྣམས་དལ་གྱིས་བགྲོད་པའི་སྐབས་སུ་སིང་སིང་གི་སྒྲ་འབྱིན་པའོ།།

རྒན་རབས་པས་བཤད་སྲོལ་ལྟར་ན། གནའ་སྔ་མོའི་དུས་སུ་ལི་ཐང་ཡུལ་གྱི་བུད་མེད(མནའ་མར་བྱིན་ཟིན་པའི་ཁྱིམ་པ་མོ) མང་ཤོས་ནས་མགོ་ཆ་དེ་ཚེ་གང་ལུས་དང་མ་བྲལ་བར་ཚེ་རྒྱན་དུ་བཏགས་སྲོལ་ཡོད་ཅེས། མགོ་ཆ་འདི་རིགས་དང་སྟོན་མོ་སོགས་རྒྱས་སྤྲོས་སྐབས་བེད་སྤྱོད་པའི་མགོ་ཆ་གཉིས་ཏོག་ཙམ་མི་འདྲ་སྟེ། མི་ཚེ་དང་འགྲོགས་པའི་མགོ་ཆ་ལའང་རྒྱས་བསྡུས་ཀྱི་རྣམ་པ་གཉིས། བསྡུས་པའི་མིང་ལ(ད་རུ་ག)ཞེས་དང་། རྒྱས་པ་ལ(མེ་ཏོག)ཅེས་འབོད། མགོ་ཆ་འདི་གཉིས་ཀྱི་རྒྱུ་ཆ་གཙོ་བོ་དངུལ། ད་རུ་ཀའི་བཟོ་ལྟ་ནི་རུས་སྦལ་གྱི་སྒལ་པ་ལྟར་འབུར་འབུར་སྒོར་གཟུགས་ཅན། ཆེ་ཆུང་རྒྱ་དངུལ་ཏཱ་ཡང་ཙམ། ཕྲ་དང་རི་མོ་སོགས་མེད་པ་ཡིན། མེ་ཏོག་ནི་ད་རུ་ཀ་ལས་ཆེ་ཙམ། བཟོ་ལྟ་སྒོར་སྒོར། རིས་སུ་མེ་ཏོག་ཕབ་ཡོད། ཕྲ་རྒྱག་མེད། ད་རུ་ཀ་དང་མེ་ཏོག་ཅན་གྱི་མགོ་ཆ་དེའང་གྲངས་ཀའི་ཀ་ནས་སུམ་འཛོམས། བཀོད་པའི་ཆ་ནས་གྲུ་གསུམ། སུམ་འཛོམས་ཀྱི་འདབ་རོལ་དུ་དངུལ་ལེབ་ཆུང་ངུ་མང་པོ་གྲལ་བསྟར་བརྒྱན་ཡོད། ད་རུ་ཀ་དང་མེ་ཏོག་གཉིས་ནི་ཤིན་ཏུ་སྟབས་བདེ་ཅན་ཞིག་ཡིན་པས། རྟག་ཏུ་ལུས་སུ་བརྒྱན་ན་བདེ་བར་ཡོད།

མགོ་ཆ་འདོགས་པར་དང་ཐོག་སྐྲ་བསླས་མ་དགོས། ལི་ཐང་སྐད་དུ(ལུ་ནུ་སླ)ཞེས། ཡིན་ནའང་། དཔྲལ་བའི་ཐད་དུ(ཐོད་སྤུ)འཇོག་ཅེས་སྐྲ་ཚོམ་བུ་ཞིག་རང་བཞིན་དུ་བཞག་པས། དེ་ནི་ཐོད་པ་འགེབས་པའི་ཆེད་དུའོ།། སྐྲ་བསླས་མའི་ཐོག་ཏུ་སྐྲ་ཤུབས་ལྟར(ཙི་ཤོད)ནག་པོ་ལེབ་མ་རིང་བ་གསུམ་ཅན་ཞིག་དགོས། ཙི་ཤོད་ལ་ཤོད་ཆེན་གསུམ། ཙི་ཤོད་དེ་སྤྱི་གཙུག་ནས་བརྒྱན་པས་ཤོད་སྣེ་སྐེད་པར་ཐུག་པ། ཤོད་ཀྱི་སྟེང་དུ་སྐུད་པ་དཀར་པོས་མེ་ཏོག་དང་རྩྭ་རིས་ཕབ་པ། སྤྱི་གཙུག་ཏུ(གཙུག་ལེབ)ཅེས་མེ་ཏོག་བརྒྱན་སའི་གཙུག་ལེབ་གསུམ་འཇོག་པ། དེ་ནི་སྐྲ་སླ་བའི་སྐབས་སུ་བསླས་སྟངས་བྱེད་དེ་གཙུག་ལེབ་འཇོག་ཅིང་། གཙུག་ལེབ་མཚམས་སུ་ཙི་ཤོད་དང་སྐྲ་གཉིས་སྐུད་པས་གཅིག་ཏུ་བསྒྲིལ་དགོས། ཙི་ཤོད་ཀྱི་སྤྱི་གཙུག་གི་གཡས་གཡོན་དུ་མེ་ཏོག་གམ་སྒར་སྒར་གདགས་དགོས། སྤྱི་གཙུག་དངོས་སུ་གྲུ་བཞི་མའི་སྟོང་ཆ་འཇོག་སྟེ། དཀྱིལ་དུ་མེ་ཏོག་གི་རི་མོ་བཀོད་དོ།། མགོ་ལྟག་ཏུ་རྟགས་བརྒྱད་དང་། དཔུང་པའི་གཡས་གཡོན་དུ་སྦལ་བ་གཉིས། དཔུང་པ་ནས་སོག་པའི་དཀྱིལ་དུ་རྟགས་བརྒྱད་གཉིས་པ་དེ་བརྒྱན་པར་བྱེད་དེ། རྟགས་བརྒྱད་འོག་མ་དེའི་མཇུག་ཏུ་བྱ་ཁྱུང་འཁོད་དོ།། མཇུག་སྨད་ཀྱི(རྣ་བཀྲ)ཡང་ན་རྣམ་བཀྲ་ནི་བྱ་ཁྱུང་གི་སྒྲོ་ཡི་ཚུལ་དུ་ཡིན་ཞིང་། རྒྱུན་པར་བྱུ་རུ་དང་། དངུལ་ལེབ་དང་། སྔོ་ནེ་སོགས་ཕྲེང་བ་ལྟར་བྱ་སྒྲོ་ཡི་གཟུགས་དབྱིབས་སུ་བསྒྱུར་རོ།།

མདོར་ན། ནང་དོན་ཆ་ནས་མགོ་ཆས་སྲིད་པ་ཆགས་པའི་ཆགས་རབས་བཤད་པ་དང་། དབྱིབས་གཟུགས་ཆ་ནས་བྱ་རྒྱལ་ཁྱུང་གི་རྣམ་པ་བསྟན་པ། དགོས་དོན་ཆ་ནས་བུད་མེད་དག་གིས་སྲུང་དགོས་པའི་སྤྱོད་བཟང་གི་སྡེ་བསྟན་ནོ།། དགེའོ།།


39.7K

ཐག་རག་ཡིག་བསྒྱུར་མ་ལག

དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1