གཙོ་ངོས།>> འཕྲོད་བསྟེན།>>བོད་ཀྱི་གསོ་རིག

རྩོམ་པ་པོ། མི་གསལ། རྩོམ་སྒྲིག་པ།དབང་ཆེན།ཡོང་ཁུངས།ཁམས་པའི་བརྙན་འཕྲིན་དྲ་བ། སྤེལ་དུས། ༢༠༢༡ལོའི་ཟླ་བ་༡༡ཚེས་༡༩ཉིན།

༄༅།།བོད་ཀྱི་གསོ་བ་རིག་པའི་འཕེལ་རིམ།

    དེ་ཡང་བོད་ཀྱི་གསོ་བ་རིག་པའི་རྩ་བ་ནི་བོད་མི་རིགས་རང་ཉིད་ཀྱིས་སྲོལ་གཏོད་དར་སྤེལ་བས་པ་ཞིག་ཡིན། ཐོག་མར་བོད་དང་མཐའ་སྐོར་གྱི་མི་རིགས་ཁག་དང་རྒྱལ་ཁབ་ཁག་དབར་ཕན་ཚུན་འགྲོ་འོང་ཆེས་ཉུང་བའི་སྐབས་ཏེ། བོད་ཀྱི་ཐོག་མའི་རྒྱལ་པོ་མི་རྗེ་གཉའ་ཁྲི་བཙན་པོའི་དུས་ནས་བོད་དུ་སྨན་དཔྱད་ཀྱི་ལག་ལེན་ཡོད་པ་རྗེས་དཔག་བྱེད་ཐུབ། གང་ལགས་ཤེ་ན། གཉའ་ཁྲི་བཙན་པོ་སྲིད་ཁྲིར་འཁོད་སྐབས་ཆབ་འབངས་དང་རྒྱལ་སྲིད་ལ་གནོད་པ་ཡོད་པའི་དོགས་པ་དྲུག་བཏོན་ཏེ། དེ་དག་གི་གནོད་པ་སེལ་བའི་ཐབས་ཇི་ལྟར་ཡོད་ཅེས་དྲི་བ་མཛད་པ་ན། བློན་པོ་ཤེས་པ་ཅན་རྩིབས་ལྷ་སྐར་མ་ཡོལ་སྡེས་གནོད་པ་རེ་རེ་བཞིན་སེལ་བའི་ཐབས་ཡོད་པའི་ལན་ཞུས་པའི་ནང་དུག་གི་གནོད་པ་བྱུང་ན་ཇི་ལྟར་བ། ཞེས་དྲིས་པ་ན། དེ་ལ་ཕན་པའི་ཐབས་སྨན་བསྟེན་རྒྱུ་ཡོད་ཅེས་ལན་བཏབ་ཡོད་པ་དང་། གཞན་ཡང་། ཕན་ཤེས་སྨན་དཔྱད་པ་དང་། སྐོར་ཤེས་རྩིས་པ་ཟེར་བ་ཡོད་པ་མ་ཟད། གཡུ་ཐོག་ཪྙིང་མའི་རྣམ་ཐར་ལ་གཡུ་ཐོག་ཆེན་པོས་རྒྱ་གར་གྱི་སྨན་པའི་དྲི་བར་ལན་བསྐྱོན་སྐབས་ཞང་ཞུང་གི་ལུགས་ལ་ཟུར་དུ་སྦྱོང་བ་བཤལ་གྱི་རྒྱུད་དང་། གཡུང་དྲུང་བོན་གྱི་ལུགས་ལ་ནད་གསོ་བ་དུགས་ལུམས་བྱུག་གསུམ་རྒྱུད།

བོད་ཀྱི་ལུགས་ནད་གསོ་བར་བྱེད་པ་གཉེན་པོ་བཞི་ལྡན་རྒྱུད་ཅེས་སོགས་ཡོད་ཚུལ་གསུངས་པའི་སྐོར་འཁོད་ཡོད། བོན་གྱི་སྟོན་པ་གཤེན་རབ་མི་བོ་ཆེ་དང་སྟོན་པ་བཅོམ་ལྡན་འདས་ཤཀྱཱ་ཐུབ་པ་འཇིག་རྟེན་དུ་བྱོན་པ་དུས་མཚུངས་ཡིན་པ་དང་། སྐབས་དེར་གཤེན་རབ་མི་བོ་ཆེའི་གདུང་སྲས་བརྒྱད་ཀྱི་ཆེ་ཤོས་དཔྱད་བུ་ཁྲི་ཤེས་ཞེས་པ་སྨན་དཔྱད་བསྟན་པའི་རྐང་འཛིན་ཡིན་པ་དེབ་༼གསོ་བའི་ནད་འབུམ་ནག་པོ༽དང་། ༼གསོ་ཐབས་ཀྱི་དཔྱད་འབུམ་ཁྲ་བོ༽༼གསོ་བྱེད་ཀྱི་སྨན་འབུམ་དཀར་པོ༽ ༼གསོ་དཔྱད་ཀྱི་མདོ་དགུ་༽ ༼གསོ་རིག་དཔྱད་རྒྱུད་ཟླ་ཟེར༽ཟེར་བ་སོགས་གསོ་དཔྱད་ཀྱི་གཞུང་ལུགས་ཀྱང་མཛད་ཡོད་པ་སོགས་ལོ་རྒྱུས་ཀྱི་ཡིག་རིགས་མང་པོ་ལས་གསལ་ཡོད། དེ་ནས་བཟུང་སྟེ་བོད་ཀྱི་མེས་པོ་མཁས་མཛངས་ལྡན་པ་རྣམས་ནས་ནད་བཅོས་ནད་འགོག་གི་བྱ་བར་འབད་བརྩོན་ཆེས་ཆེར་གནང་སྟེ་ཉམས་མྱོང་མང་པོ་བསགས་པར་བརྟེན་རིམ་གྱིས་གོང་འཕེལ་བྱུང་བ་ཞིག་རེད། དེ་ལྟར་བོད་དུ་སྨན་དཔྱད་ཀྱི་ལག་ལེན་ཡོད་པ་ཡིག་རིགས་ལ་གསལ་བ་ནས་བཟུང་ད་བར་མི་ལོ་ཉིས་སྟོང་ཆིག་བརྒྱ་ཉི་ཤུ་རྩ་གསུམ་སོང་།  བོད་ཀྱི་རྒྱལ་རབས་ཉེར་བདུན་པ་ལྷ་ཐོ་ཐོ་རི་གཉན་བཙན་གྱི་སྐུ་དུས་ནས་འགོ་བརྩམས་ཏེ་བོད་ཀྱི་རྒྱལ་རབས་རིམ་བྱོན་གྱིས་རྒྱལ་ཁབ་དང་མི་རིགས་གཞན་གྱི་གསོ་དཔྱད་ཀྱི་ལག་ལེན་དང་བོད་ལུགས་གསོ་དཔྱད་ཟུང་འབྲེལ་ཐོག་ནད་བཅོས་སྨན་དཔྱད་ཀྱི་ལག་ལེན་བྱས་པ་དང་ཤེས་ལྡན་སྨན་པ་གསོ་སྐྱོང་གནང་བ་སོགས་ཕྱི་ཕྱོགས་དང་འབྲེལ་ཟམ་བཙུགས་ཏེ་གསོ་དཔྱད་ཀྱི་བྱ་བ་གོང་མཐོར་བཏང་ཡོད། ལྷག་པར་རྒྱལ་རབས་སོ་གསུམ་པ་ཆོས་སྐྱོང་བའི་རྒྱལ་པོ་ཆེན་པོ་སྲོང་བཙན་སྒམ་པོའི་སྐུ་དུས་སུ་བོད་ཀྱི་སྨན་པ་རྣམས་ནས་བོད་དར་རིག་གནས་ཁོ་ནར་བློ་ཡིད་ཚིམ་ནས་མ་བསྡད་པར་མི་རིགས་དང་རྒྱལ་ཁབ་གཞན་དག་གི་གསོ་རིག་རིག་གཞུང་དང་། ལག་ལེན་ཁག་གཅིག་སློབ་སྦྱོང་བྱས་ཏེ། དེ་དག་བོད་སྐད་དུ་བསྒྱུར། བོད་རང་གི་གནམ་གཤིས་དང་། ས་བབ། མིའི་ལུས་ཁམས་ཀྱི་ཁྱད་ཆོས་དང་མཐུན་པའི་ལེགས་ཆ་མང་དུ་བླངས་ཏེ།

སྔར་གྱི་ལག་ལེན་ཉམས་མྱོང་རྣམས་དང་ཕྱོགས་གཅིག་ཏུ་བསྡེབས་པ་༼མི་འཇིགས་པའི་མཚོན་ཆ༽ཞེས་པའི་གཞུང་ལུགས་ཤིག་བརྩམས་ནས་བོད་མི་རིགས་རང་ཉིད་ཀྱི་གསོ་རིག་ཏུ་འགྱུར་བ་བྱས། རྒྱལ་རབས་སོ་བརྒྱད་པ་ཁྲི་སྲོང་ལྡེའུ་བཙན་གྱི་སྐུ་དུས་སུ་སྔར་ལས་ལྷག་པའི་སྒོ་ནས་ཕྱི་ཕྱོགས་དང་འབྲེལ་ཟམ་བཙུགས། མེས་རྒྱལ་ནང་ས་དང་། རྒྱ་གར། བལ་ཡུལ་སོགས་ནས་མཁས་པ་མང་པོ་གདན་འདྲེན་ཞུས། བསམ་ཡས་སུ་སློབ་གྲྭ་བཙུགས། བེ་རོ་ཙ་ན་སོགས་བོད་ཀྱི་མཁས་པ་མང་པོ་གསོ་སྐྱོང་གནང་། ཕྱི་ནང་གི་སྨན་པ་མཁས་པ་རྣམས་ལྷན་ཅིག་ཏུ་ཞལ་འཛོམས་ནས་རྒྱལ་ཁམས་སོ་སོའི་ཁྱད་ཆོས་ལུགས་སྲོལ་མི་འདྲ་བ་རྣམས་སློབ་སྦྱོང་དང་ལག་ལེན་གནང་བ་བརྒྱུད། འཛམ་གླིང་རྩེ་མཐོའི་མིའི་ལུས་ཁམས་དང་མཐུན་པའི་གསོ་དཔྱད་ཀྱི་གཞུང་ལུགས་༼རིན་ཆེན་སྤུངས་པ༽ཞེས་པ་སོགས་བརྩམས། ལོ་ཆེན་བེ་རོས་གསོ་རིག་ཁག་གཅིག་བོད་སྐད་དུ་བསྒྱུར་བ་དང་། ༼ཉམས་ཡིག་མཐོང་བ་དོན་ལྡན༽༼ཁྱད་པར་ཟབ་པ་རྣམ་གསུམ༽ ༼གསོ་དཔྱད་སྔོའི་མན་ངག་སྔོ་འབུམ༽སོགས་བརྩམས་ནས་དཔལ་ལྡན་རྒྱུད་བཞིའི་རྨང་གཞི་བཏིང་ཞིང་། སྨན་དཔྱད་ལག་ལེན་རྒྱ་ཆེར་འཕེལ། རིགས་མཐོ་དམན་གྱི་དབྱེ་བ་མེད་པར།བོད་ཕྲུག་བློ་རྣོ་བ་ཁག་གཅིག་བསྡུས་ནས་གསོ་རིག་སློབ་སྦྱོང་བྱེད་དུ་བཅུག་སྟེ་རྒྱུད་འཛིན་གསོ་སྐྱོང་བྱས། དེ་དག་ལས་ཀྱང་ཁྱད་དུ་གྱུར་པ་དང་གངས་ཅན་སྨན་པའི་རྒྱལ་པོ་གཡུ་ཐོག་ཪྙིང་མ་ཡོན་ཏན་མགོན་པོས་༼བདུད་རྩི་སྙིང་པོ་གསང་བ་མན་ངག་གི་རྒྱུད༽ཅེས་པ་རྩོམ་སྒྲིག་མཛད། གཡུ་ཐོག་ཪྙིང་མ་ཉིད་དགུང་ལོ་ལྔ་བཅུར་ཕེབས་པའི་སྐབས་སུ་ཀོང་པོ་སྨན་ལུང་དུ་ཕེབས་ཏེ།

དེར་སྨན་གྱི་གྲོང་ཁྱེར་ལྟ་ན་སྡུག་ཅེས་བྱ་བའི་སྨན་པའི་སློབ་གྲྭ་ཞིག་ཕྱག་བཏབ། སྨན་རྩིས་གཉིས་ལྡན་གྱི་རྒྱུད་འཛིན་མང་པོ་གསོ་སྐྱོང་མཛད། གསོ་དཔྱད་ཀྱི་བསྟན་པ་རྒྱ་ཆེར་སྤེལ། སློབ་མ་སོ་སོའི་ཞིབ་ཕྲའི་སྦྱངས་འབྲས་ལ་གཞིགས་ཏེ། སྨན་པ་འབུམ་རམས་པ་དང་། སྨན་པ་རབ་འབྱམས་པ། སྨན་པ་བཀའ་བཅུ་པ། སྨན་པ་བསྡུས་ར་བ་བཅས་ལག་རྩལ་ཤེས་ཡོན་གྱི་རིམ་པ་བཞིར་དབྱེ་ནས་སོ་སོའི་མཚན་གནས་གནང་རྒྱུའི་གཏན་འབེབས་མཛད། དེ་ནི་དེང་དུས་རྒྱལ་ཁབ་ཀྱིས་གཏན་འབེབས་གནང་བའི་སྨན་པའི་ལག་རྩལ་རིམ་པའི་གོ་མིང་དང་འདྲ་བ་ཞིག་ཡིན། སློབ་གྲྭ་དེ་བཙུགས་པ་དང་སྨན་པའི་ལག་རྩལ་རིམ་པ་དེ་འདྲ་བཟོས་ནས་ད་བར་ལོ་ཆིག་སྟོང་ཉིས་བརྒྱ་སུམ་ཅུ་སོ་དགུ་སོང་།
  གཡུ་ཐོག་གསར་མ་ཡོན་ཏན་མགོན་པོས་བདུད་རྩི་སྙིང་པོ་གསང་བ་མན་ངག་གི་རྒྱུད་ཉིད་རྩ་བར་བཟུང་། མི་རབས་བཅུ་གསུམ་བར་དུ་བརྒྱུད་པའི་ལག་ལེན་མན་ངག་གིས་ཟུར་བརྒྱན། བདེ་གཤེགས་སྨན་གྱི་བླ་མས་དངོས་སུ་ཞལ་གཟིགས། ལུང་བསྟན། དབུགས་དབྱུང་། སྤྲུལ་པའི་དྲང་སྲོང་རིག་པའི་ཡེ་ཤེས་དང་ཡིད་ལས་སྐྱེས་ཀྱི་ཞུ་བ་དང་ཞུ་ལན་གྱི་ཚུལ་དུ་རྒྱུད་བཞི་ཡོངས་རྫོགས་གསུངས་པའི་དག་པའི་གཟིགས་པ་ཉིད་གཞིར་བཞག་སྟེ་བཀའ་དངོས་དང་ཁྱད་མེད་པའི་༼བདུད་རྩི་སྙིང་པོ་ཡན་ལག་བརྒྱད་པ་གསང་བ་མན་ངག་གི་རྒྱུད༽ཅེས་པའམ་དཔལ་ལྡན་རྒྱུད་བཞི་ཞེས་འཛམ་གླིང་ཀུན་ཏུ་ཡོངས་སུ་གྲགས་པའི་བོད་ཀྱི་གསོ་དཔྱད་ཀུན་གྱི་རྒྱལ་པོའམ་རྩ་བའི་རིགས་པའི་གཞུང་ལུགས་འདི་ཉིད་རྩོམ་སྒྲིག་གནང་། འདི་འཆད་སྤེལ་གནང་ནས་ད་བར་ལོ་བརྒྱད་བརྒྱ་དོན་གཅིག་སོང་།དེ་ནས་བོད་ཡུལ་སྟོད་སྨད་བར་གསུམ་གྱི་མཁས་པ་མང་པོས་རྒྱུད་རིམ་སློབ་སྦྱོང་བྱས་ཏེ། ཤེས་ལྡན་མི་སྣ་མང་པོ་གསོ་སྐྱོང་མཛད་པ་དང་ཆབས་ཅིག་སྨན་དཔྱད་ཀྱི་ལག་ལེན་རྒྱ་ཆེར་གནང་། རྩ་བ་དཔལ་ལྡན་རྒྱུད་བཞི་ཡི་རིགས་པའི་གཞུང་ལུགས་ཉིད་གཞིར་བཟུང་རང་རང་སོ་སོའི་ལག་ལེན་དངོས་ལས་ཐོབ་པའི་ཉམས་མྱོང་གི་བསྟན་བཅོས་ཤིན་ཏུ་མང་པོ་རྩོམ་སྒྲིག་མཛད་པ་ད་ལྟའི་དུས་སུའང་དཔྱད་གཞིའི་ཡིག་ཆར་མཁོ་ཞིང་སྤྱོད་པའི་བསྟན་བཅོས་འདི་དག་ལགས།
       སྐབས་དེའི་དུས་སུ་འཛམ་གླིང་དུ་དར་བའི་གསོ་རིག་ཆེན་པོ། མེས་རྒྱལ་ནང་སའི་གསོ་རིག་དང་། བོད་ཀྱི་གསོ་རིག རྒྱ་གར་གྱི་གསོ་རིག ཤིས་ལ་ཡི་གསོ་རིག་བཅས་རྣམ་པ་བཞི་ཡོད་པ་ལས། རིགས་པའི་གཞུང་ལུགས་དང་ནད་ཐོག་ལག་ལེན་དངོས་གང་གི་ཆ་ལའང་བོད་ཀྱི་གསོ་རིག་འདི་ནི་ཆ་ཚང་ཤོས་དང་། རྒྱ་ཆེ་ཤོས། གཏིང་ཟབ་ཤོས་ཀྱི་གསོ་རིག་ཅིག་ཡིན། དཔེར་ན་དུས་དེ་ཙམ་ནས་བོད་ཀྱི་གསོ་དཔྱད་པ་མཁས་པ་ཚོས་མི་ཡི་ལུས་ཀྱི་ཕྱི་ནང་བར་གསུམ་གྱི་གྲུབ་ཆ་ཕྲ་རགས་ཐམས་ཅད་ཀྱི་དབྱེ་བའི་རྣམ་གྲངས་དང་། ངོ་བོ་ངེས་ཚིག སོ་སོའི་བྱེད་ལས། ཕན་ཚུན་གྱི་འབྲེལ་བ་དང་སོ་སོའི་ལྡང་ཚད་གཉན་པའི་གནད་དང་འཕེལ་ཟད་ཀྱི་ཁྱད་པར་སོགས་ཀྱི་གནས་ལུགས་ཕལ་ཆེར་ཆ་ཚང་བར་རྟོགས་ཤིང་ཡིག་ཆར་འཁོད་པ་དེ་ལྟ་བུར་མཚོན་ན། ད་ལྟའི་དུས་རབས་འདིར་ཚན་རིག་གི་ཤེས་བ་དང་། ཆེས་སྔོན་ཐོན་གྱི་ཚན་རིག་གི་ལག་ཆ་བེད་སྤྱད་དེ་བརྟག་དཔྱད་དང་དབྱེ་ཞིབ་ཐེངས་མང་བྱས་པ་ལས་བྱུང་བའི་མཇུག་བསྡོམས་ངོས་འཛིན་བྱས་པ་དང་ཕལ་ཆེར་སྒོ་མཐུན་པ་ཙམ་མ་ཟད། ད་དུང་དེ་དག་ལ་ཞིབ་འཇུག་བྱས་ཏེ་དེང་གི་གསོ་རིག་ཁྱོན་ཡོངས་ཀྱི་འཕེལ་རྒྱས་ལ་ཞབས་འདེགས་ཀྱི་ནུས་པ་ཡོད་པའི་རིན་ཐང་ཅན་གྱི་རིག་པའང་མང་དུ་ཡོད། 


39.7K

ཐག་རག་ཡིག་བསྒྱུར་མ་ལག

དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1