གཙོ་ངོས།>> ཞིབ་འཇུག>>ཀུན་འདུས།

ཕུར་བུ་རྡོ་རྗེ། རྩོམ་སྒྲིག་པ།ཚེ་དཔལ། ཡོང་ཁུངས།བོད་ལྗོངས་ཞིབ་འཇུག སྤེལ་དུས། ༢༠༢༡ལོའི་ཟླ་བ་༡༡ཚེས་༢༤ཉིན།

༄༅།། 《གཡའ་བཟང་ཆོས་འབྱུང་བསྟན་པ་གསལ་བྱེད་》ལ་དཔྱད་པ།


ཕུར་བུ་རྡོ་རྗེ།

[ནང་དོན་གནད་བསྡུས།]རྩོམ་ཡིག་འདིའི་ནང་བོད་ལྗོངས་ལྷོ་ཁ་ཡར་ལུང་ཁུལ་གྱི་གཡའ་བཟང་དགོན་དུ་བཞུགས་པའི་རྩ་ཆེའི་ལོ་རྒྱུས་དཔེ་རྙིང་གཡའ་བཟང་ཆོས་འབྱུང་བསྟན་པ་གསལ་བྱེད་ཅེས་པར་ལོ་རྒྱུས་ཡིག་ཚང་རིག་པའི་ཐབས་ལམ་སྤྱད་དེ་ཆོས་འབྱུང་དེའི་རྩོམ་པ་པོ་ནི་མངྒལ་ཞེས་པ་དང་དེའི་རྩོམ་དུས་ནི་ཕལ་ཆེར་ཤིང་ལུག་སྤྱི་ལོ་༡༤༧༥ལོར་ཡིན་ཚུལ་གླེང་བ་དང་། དེ་བཞིན་ཆོས་འབྱུང་དེའི་བརྗོད་བྱ་གཙོ་བོ་དང་། དཔྱད་གཞིའི་རིན་ཐང་སྐོར་གླེང་བརྗོད་རགས་ཙམ་བགྱིས་ཡོད།

[བརྡ་ཆད་གཙོ་བོ།]གཡའ་བཟང་ཆོས་འབྱུང་ གཡའ་བཟང་བཀའ་བརྒྱུད། གཡའ་བཟང་ཁྲི་སྐོར། དཔྱད་གཞིའི་རིན་ཐང་།

[ཀྲུང་གོའི་དཔེ་དེབ་དབྱེ་རྟགས།] G256 [ཡིག་ཚང་མཚོན་བྱང་།]A[རྩོམ་གྱི་གོ་རིམ་ཨང་སྒྲིག]1002-946X(2019)02-099-13

གླེང་གཞི།

  《གཡའ་བཟང་ཆོས་འབྱུང་བསྟན་པ་གསལ་བྱེད་ཅེས་པའི་ལོ་རྒྱུས་ཆོས་འབྱུང་འདི་ཉིད་ནི། བོད་ལྗོངས་ལྷོ་ཁ་སྣེ་གདོང་རྫོང་ཡར་སྟོད་ཁུལ་གྱི་གཡའ་བཟང་དགོན་དུ་བཞུགས་པའི་ལོ་རྒྱུས་དཔེ་རྙིང་ཞིག་ཡིན་ཞིང་། བསྡུས་མིང་ལ་གཡའ་བཟང་ཆོས་འབྱུང་ཞེས་འབོད། དེ་ཡང་དུས་རབས་གོང་མའི་ལོ་རབས་དགུ་བཅུ་པའི་ནང་བོད་ལྗོངས་སྤྱི་ཚོགས་ཚན་རིག་ཁང་གི་ཞིབ་འཇུག་པ་ཆེ་མོ་བ་ཚེ་རིང་རྒྱལ་པོ་མཆོག་(ད་ལྟ་སྐུ་ཚེ་ལས་འདས་ཟིན་)སོགས་ཀྱིས་ལྷོ་ཁ་ཡར་ལུང་ཁུལ་དུ་རིག་གཞུང་རྟོག་ཞིབ་གནང་བར་ཕེབས་སྐབས།  གཡའ་བཟང་དགོན་ནས་གཡའ་བཟང་ཆོས་འབྱུང་དང་ལྷ་བུག་པ་ཅན་པའི་གདུང་རབས་ དེ་བཞིན་གཡའ་བཟང་ཆོས་ཀྱི་སྨོན་ལམ་གྱི་རྣམ་ཐར་བསྡུས་མ་(དཔེ་རྙིང་འདིའི་མཇུག་ཆ་མ་ཚང་བ་དང་མཚན་བྱང་འཁོད་མེད་པས། བརྗོད་དོན་ལ་གཞིགས་ཏེ་མཚན་དེ་ལྟར་བཏགས་པའོ་)ཞེས་པ་བཅས་མཇལ་སྐལ་བྱུང་བར་གྲགས་ཤིང་།  མི་རིང་བར་ཁོང་གིས་རྒྱལ་ཁོངས་ཕྱི་གླིང་བ་ཡིན་པའི་བོད་རིག་པ་མཁས་ཅན་ཧཱ་ཙོ་ཐཱ་( GantramHazod ༡༩༥༦ལོ་ནས་) དང་མཉམ་དུ་རིག་གཞུང་མཉམ་ལས་ཀྱི་རྣམ་པའི་ཐོག་ནས་གཡའ་བཟང་ཆོས་འབྱུང་འདི་ཉིད་དབྱིན་ཡིག་ཏུ་ཕབ་བསྒྱུར་དང་།  དཔེ་རྙིང་འདིའི་ཁྲོད་དུ་གསལ་བའི་གལ་ཆེའི་ལོ་རྒྱུས་མི་སྣ་དང་ས་མིང་སོགས་ལ་མཆན་འགྲེལ་ཡང་མི་ཉུང་བ་ཞིག་མཛད་དེ་ཡར་ལྷ་ཤམ་པོའི་གཤམ་འོག་གི་ཤེས་རིག་( Civilization at the Foot of Mountsham-po)(ཨོའོ་སི་ཁྲུ་ལེ་ཡཱ་ཚན་རིག་ཁང་གི་དཔེ་སྐྲུན་ཁང་)ཅེས་པའི་དཔེ་དེབ་ནང་དུ་བཏུས་ཏེ་༢༠༠༠ལོར་དངོས་སུ་དཔར་སྐྲུན་འགྲེམ་སྤེལ་མཛད། གོང་གསལ་དཔེ་རྙིང་གསུམ་པོའི་མ་དཔེའི་གློག་རྡུལ་དཔར་མ་ཡང་དཔེ་དེབ་དེའི་མཇུག་ཏུ་ལྷན་ཐབས་སུ་བཀོད་འདུག་པས། དེས་དཔེ་རྙིང་དེ་དག་ལ་མུ་མཐུད་ཞིབ་འཇུག་བྱ་རྒྱུར་སྟབས་བདེ་གང་ལེགས་བསྐྲུན་ཡོད། གཞན་ཡང་། བོད་ལྗོངས་དཔལ་བརྩེགས་བོད་ཡིག་དཔེ་རྙིང་བསྡུ་སྒྲིག་ཁང་གིས་བསྒྲིགས་ཤིང་།  མཚོ་སྔོན་མི་རིགས་དཔེ་སྐྲུན་ཁང་གིས་༢༠༡༠ལོ་ནས་བཟུང་སྟེ་སྔ་རྗེས་སུ་བོད་ཀྱི་ལོ་རྒྱུས་དང་རྣམ་ཐར་བྱ་བའི་པོ་ཏི་༡༢༠ཡི་བདག་ཉིད་ཅན་གྱི་དཔེ་ཚོགས་ཤིག་དཔར་སྐྲུན་བྱས་ཡོད་པའི་ཁྲོད་གཡའ་བཟང་ཆོས་འབྱུང་འདི་ཡང་བཏུས་ཡོད་ཅིང་།  འདིའི་མ་དཔེའི་ཡོང་ཁུངས་ཀྱང་ཡར་ལྷ་ཤམ་པོའི་གཤམ་འོག་གི་ཤེས་རིག་ཅེས་པའི་ནང་དུ་བཞུགས་པའི་གློག་རྡུལ་དཔར་མ་དེ་རང་ཡིན་པར་སྣང་། དེ་ལྟར་རྒྱལ་ཁབ་ཕྱི་ནང་གི་ཞིབ་འཇུག་པ་ཚོས་སྔ་རྗེས་སུ་གཡའ་བཟང་ཆོས་འབྱུང་འདི་ཉིད་ཡིག་རིགས་གཞན་དུ་ཕབ་བསྒྱུར་དང་སྦྲགས་ཞིབ་འཇུག་གི་བྱ་བ་མི་ཉུང་བ་ཞིག་སྤེལ་གནང་བ་དེས་ཕྱོགས་ཡོངས་ནས་དུས་རབས་༡༣ནས་༡༥བར་གྱི་གཡའ་བཟང་བཀའ་བརྒྱུད་དང་། གཡའ་བཟང་པའི་ཆོས་སྲིད་ཟུང་འབྲེལ་གྱི་གནས་བབས་སྐོར་སོགས་ལ་ཞིབ་འཇུག་བྱ་རྒྱུར་སྐུལ་འདེད་ཀྱི་ནུས་པ་ཐོན་ཡོད་པ་མ་ཟད། བོད་ཀྱི་ལོ་རྒྱུས་དང་རིག་གནས་ཞིབ་འཇུག་གནང་མཁན་ཚོར་གལ་ཆེའི་དཔྱད་གཞི་མཁོ་འདོན་ཐུབ་པ་བྱུང་ཡོད།  

དང་པོ། ཆོས་འབྱུང་འདིའི་གཞི་རྩའི་གནས་ཚུལ།  

གཅིག ཡིག་གཟུགས་དང་ཆ་ཚད་སྐོར།  

  《གཡའ་བཟང་ཆོས་འབྱུང་འདི་ཉིད་ནི་བོད་ཀྱི་སྲོལ་རྒྱུན་ཡིག་རྙིང་ཁག་ལ་བྲིས་མ་དང་དཔར་མ་ཞེས་རིགས་གཉིས་སུ་དགར་སྲོལ་ཡོད་པ་ལས་དཔེ་ཐུང་བྲིས་མའི་རིགས་སུ་གཏོགས་ཤིང་།  རྒྱུ་ཆ་བོད་ཤོག་དཀྱུས་མའི་ཐོག་ཡིག་གཟུགས་དབུ་མེད་བྲིས་མའི་གཟུགས་སུ་སྣང་།  ཉར་ཚགས་ཅུང་ལེགས་ཙམ་བྱུང་ཡོད། འདིར་ཁྱོན་ལྡེབ་གྲངས་༥༢དང་། སྤྱིར་ལྡེབ་རེར་ཡིག་ཕྲེང་༥ཡོད། བྲིས་ཚུགས་ལེགས་པ། སྐུང་ཡིག་གང་ཙམ་ཡོད་ཅིང་།  ཡིག་འབྲུ་འགའ་ཤས་གསལ་ཁ་དོད་པོ་མེད་པས་གོང་འོག་གི་ཚིག་དང་བསྡུར་ནས་ངོས་འཛིན་དགོས་པ་འདུག ལྡེབ་གྲངས་བདུན་པའི་སྣེ་ཟུར་ཅུང་ཟད་རལ་མོད། འདོན་ཀློག་དང་ཡི་གེ་ངོས་གཟུང་རྒྱུར་སྐྱོན་ཆེར་མི་སྣང་། གཞན་ཡང་མིག་སྔར་གཡའ་བཟང་དགོན་དུ་བཞུགས་པའི་བྲིས་མ་འདི་ཉིད་མ་གཏོགས། འདི་དང་བསྡུར་ཆོས་སུ་རུང་བའི་བྲིས་མའམ་དཔར་མ་གཞན་ཞིག་ལག་སོན་མ་བྱུང་ལ། ད་ཕན་མཇལ་བའི་བོད་ཀྱི་ལོ་རྒྱུས་ཡིག་ཚང་དང་དཀར་ཆག་གང་དུའང་ཆོས་འབྱུང་འདིའི་སྐོར་འཁོད་པ་ཡེ་ནས་མཐོང་ཆོས་སུ་མ་གྱུར་བར་གཞིགས་ན། སྐབས་དེའི་སྤྱི་ཚོགས་ཀྱི་ཐོག་ཏུ་དཔེ་རྙིང་འདི་ཉིད་དར་ཁྱབ་ཆེན་པོ་དེ་ཙམ་བྱུང་མེད་པར་མངོན། 

 གཉིས། ཆོས་འབྱུང་འདིའི་རྩོམ་པ་པོའི་སྐོར། 

     དེ་ཡང་།  དེ་ལྟར་གནས་ཀྱི་ཆགས་ཚུལ། རྟེན་བཤད། བླ་རབས། དཔོན་རབས་ཐོར་བུ་བ། ཆོས་འབྱུང་བསྟན་པ་གསལ་བྱེད་འདི་དག་ནི། མངྒ་ལའི་(མངྒལ་) མིང་ཅན་བདག་གིས་ཤིང་མོ་ལུག་གི་ལོ་ནག་པ་ཟླ་བའི་ཡར་ཚེས་བཅུ་གསུམ་ལ། ཆོས་རྒྱལ་སྒང་དུ་ཡི་གེ་རིས་སུ་བྲིས་པ་དགེ་ལེགས་སུ་གྱུར་ཅིག་” ཅེས་བྱུང་བས། དེས་དཔེ་རྙིང་བྲིས་མ་འདི་ནི་མཚན་ལ་མངྒལ་ཞེས་འབོད་པའི་མཁས་པ་ཞིག་གིས་ཕྱག་བྲིས་མཛད་པ་ཞིག་ཡིན་པ་རྟོགས་ཐུབ། དེས་ན་མངྒལ་”བྱ་བ་ནི་བོད་ཀྱི་སྐད་དོད་དུ་བཀྲ་ཤིས་པ་སོགས་རྣམ་དཀར་དགེ་བའི་དོན་སྟོན་པའི་ཚིག་ཅིག་ཡིན་པ་དང་།  བོད་ཀྱི་སྔར་གྱི་བསྟན་བཅོས་དང་ཡིག་རིགས་མང་པོའི་མཇུག་བྱང་དུ་ལེགས་སྦྱར་ཡི་གེའི་ལམ་ནས་སྨོན་ཚིག་གམ་རྩོམ་པ་པོའི་མཚན་འབྲི་སྲོལ་ཡོད་མོད། དཔེ་རྙིང་འདིའི་ནང་མཛད་པ་པོའི་རིགས་རུས་ཆོ་འབྲང་སོགས་ཀྱི་ནང་དོན་གང་ཡང་བསྟན་མེད་ལ། བོད་ཀྱི་གནའ་དཔེ་གཞན་གྱི་ནང་དུའང་ཆོས་འབྱུང་འདི་ཉིད་ཀྱི་མཛད་པ་པོའི་འབྲེལ་ཡོད་ཀྱི་དཔྱད་གཞི་གང་ཡང་མ་རྙེད་སྟབས། དཔེ་རྙིང་འདིའི་མཆོད་བརྗོད་དང་མཛད་བྱང་།  ནང་དོན། རྗོད་བྱེད་ཀྱི་ཚིག་འགྲོས། དེ་བཞིན་རྩོམ་པ་པོ་གང་ཉིད་གཡའ་བཟང་བཀའ་བརྒྱུད་དང་དེ་འབྲེལ་ལོ་རྒྱུས་ལ་རྒྱུས་མངའ་ཆེན་པོ་ཡོད་ཚུལ་སོགས་ལ་གཞིགས་ནས་རྩོམ་པ་པོ་མངྒལ་ཞེས་པར་ལམ་ཙམ་བརྟག་རྒྱུ་ལས་ཐབས་གཞན་མ་རྙེད། དེ་ཡང་། ཆོས་འབྱུང་འདིའི་མཆོད་བརྗོད་ལས། ན་མཿསརྦ་བུ་དྷ་དྷ་ཀི་ནི་ཡེ། མི་འཕྲོག་པའི་མཁྱེན་རབ་དང་ཐུགས་རྗེའི་བདག་ཉིད། སྐུ་བཞིའི་བདག་ཉིད་འཇིག་རྟེན་དང་འཇིག་རྟེན་ལས་འདས་པའི་དངོས་གྲུབ་ཐམས་ཅད་ཀྱི་འབྱུང་གནག  སྙིགས་མའི་གདུལ་བྱར་གཏོགས་པའི་འགྲོ་བ་མཐའ་དག་གི་སྐྱབས་མགོན་དང་འདྲེན་པ་དམ་པར་འགྱུར་པ། དཔལ་ལྡན་དྭགས་པོའི་བཀའ་བརྒྱུད་ལ་ཕྱག་འཚལ་ཞིང་སྐྱབས་སུ་མཆིའོ། །ཕུན་ཚོགས་ཡོན་ཏན་ཀུན་གྱི་གཞིར་གྱུར་བ། །སྒྲུབ་བརྒྱུད་བསྟན་པ་གངས་རིའི་ཁྲོད་འདི་ན། །སྙན་པའི་བ་དན་ཆེས་ཆེར་གཡོ་བ་ཅན། །དཔལ་ལྡན་དྭགས་པོའི་བཀའ་བརྒྱུད་ཅེས་གྲགས་པ། །འདོད་དགུའི་འབྱུང་གནས་ཡོངས་འདུའི་དབང་པོ་དེའི།  །ནམ་མཁའི་ཁྱོན་ཁེངས་ཡལ་གའི་ཆ་ཤས་ལས། །ལེགས་སུ་འཁྲུངས་པའི་ངོ་མཚར་མེ་ཏོག་ཕྲེང་།  །དད་ལྡན་སྐྱེ་བོའི་མགུལ་རྒྱན་འདི་སྐད་ལོ། །ཞེས་རྩོམ་པ་པོ་མངྒལ་ཞེས་པ་ཁོང་ཉིད་དྭགས་པོ་བཀའ་བརྒྱུད་ཀྱི་མེས་པོ་རྣམས་ལ་ལྷག་བསམ་དཀར་ཞིང་མོས་གུས་ཆེ་བ་དང་། རང་ཉིད་ཀྱི་རྩ་བའི་བླ་མ་དང་།  བླ་མ་གོང་མ་རྣམས་ཀྱི་ཆོས་རྒྱུད་ནི་སྡོམ་རྒྱུན་གཙང་ལ་རྣམ་དག་ཅིག་ཡིན་པར་བསྟན་པ་དང་།  དྭགས་པོ་བཀའ་བརྒྱུད་པའི་མེས་པོ་དྭགས་པོ་ལྷ་རྗེ་དང་། ཕག་གྲུ་བཀའ་བརྒྱུད་ཀྱི་སྲོལ་འབྱེད་པ་རྡོ་རྗེ་རྒྱལ་པོ། གཡའ་བཟང་བཀའ་བརྒྱུད་པའི་མེས་པོ་ཟྭ་ར་བ་སྐལ་ལྡན་ཡེ་ཤེས་སེང་གེ་དང་།  དེའི་དངོས་སློབ་གཡའ་བཟང་ཆོས་ཀྱི་སྨོན་ལམ། དེ་བཞིན་རྩོམ་པ་པོ་མངྒལ་རང་ཉིད་བཅས་ནི་ཆུ་མགོ་གཅིག་ནས་བཞུར་བའི་ཆུ་རྒྱུན་ལྟར་གྱི་བླ་སློབ་ཀྱི་འབྲེལ་བ་ཡོད་ཚུལ་སོགས་རིམ་པ་སྟར་ཆགས་སུ་བསྟན་པས། དེས་ན་དཔེ་རྙིང་འདིའི་རྩོམ་པ་པོ་མངྒལ་ཞེས་པ་ཁོང་ནི་གཡའ་བཟང་བཀའ་བརྒྱུད་ཀྱི་ཕྱག་སྲོལ་ཉམས་ལེན་གནང་མཁན་གྱི་མཁས་པ་ཞིག་ཡིན་པ་ཤུགས་ལས་རྟོགས་ཐུབ། དེ་མིན་དཔེ་རྙིང་འདིའི་ནང་བོད་ཀྱི་གནའ་བོའི་མི་རྒྱུད་ཀྱི་བྱུང་ཚུལ་དང་།  རྒྱ་གར་གྱི་སློབ་དཔོན་པདྨ་འབྱུང་གནས་ཀྱིས་ཡར་ལྷ་ཤམ་པོ་དམ་ལ་འདོགས་ཚུལ། བཀའ་བརྒྱུད་པའི་བླ་བརྒྱུད། གཡའ་བཟང་དགོན་པའི་མཁན་ཐོག་རིམ་བྱོན་གྱི་མཛད་རྣམ། གཡའ་བཟང་པའི་ཆོས་སྲིད་ཟུང་འབྲེལ་གྱི་སྟོབས་ཤུགས་ཀྱི་བྱུང་བ་བཅས་གསལ་པོར་བསྟན་ཡོད་པ་དང་།  ཁྱད་པར་བཀའ་བརྒྱུད་པའི་ཕྱག་རྒྱ་ཆེན་མོའི་བླ་བརྒྱུད་དང་ནང་ཆོས་ཀྱི་མདོ་དོན་རྣམས་གསལ་བར་བསྟན་ཡོད་པ་བཅས་ལས། ཆོས་འབྱུང་འདི་ཉིད་ཀྱི་རྩོམ་པ་པོ་མངྒལ་ནི་བོད་ཀྱི་གནའ་བོའི་ལོ་རྒྱུས་སྐོར་ལ་མཁྱེན་རྒྱ་ཡངས་པ་ཞིག་ཡིན་པ་མ་ཟད། ནང་བསྟན་རིག་གཞུང་ཐད་ལ་ཡང་མཁྱེན་རྟོགས་ཆེ་བའི་གཡའ་བཟང་བཀའ་བརྒྱུད་པའི་བསྟན་པ་འཛིན་སྐྱོང་གནང་མཁན་གྱི་སེར་མོ་བ་ཞིག་ཡིན་པ་མཐོང་ཐུབ། འདི་ནི་ཆོས་འབྱུང་འདི་ཉིད་ཞིབ་ཏུ་བཀླགས་རྗེས་ཀྱི་ཐོག་མའི་བསམ་ཚུལ་ཙམ་སྟེ། འབྲེལ་ཡོད་དཔྱད་ཡིག་ལག་སོན་མ་བྱུང་བས་འདིར་རྩོམ་པ་པོ་གང་དེའི་ལོ་རྒྱུས་ཞིབ་ཕྲ་ཞུ་སྤོབས་བྲལ་བའི་ཕྱིར།  

གསུམ། ཆོས་འབྱུང་འདིའི་རྩོམ་དུས་སྐོར། 

     ཆོས་འབྱུང་འདིའི་མཇུག་བྱང་ལས། ཤིང་མོ་ལུག་གི་ལོ་ནག་པ་ཟླ་བའི་ཡར་ཚེས་བཅུ་གསུམ་ལ། ཆོས་རྒྱལ་སྒང་དུ་ཡི་གེ་རིས་སུ་བྲིས་ཞེས་བྱུང་བ་ཙམ་ལས། ལོ་ཁམས་དེ་དང་མཐུན་པའི་རབ་བྱུང་གང་ཡིན་སྐོར་བསྟན་མེད་སྟབས། ཆོས་འབྱུང་འདི་ཉིད་ཀྱི་རྩོམ་དུས་གང་ཡིན་སྐོར་ཤེས་རྟོགས་བྱ་དགོས་ན་གཡའ་བཟང་དགོན་པའི་མཁན་ཐོག་རིམ་བྱོན་གྱི་ཁྲི་བཞུགས་ཀྱི་ལོ་ཚིགས་དང་། ཁྱད་པར་མཁན་ཐོག་མཐའ་མའི་ཁྲི་འཛིན་ལོ་ཚིགས་དང་དཔེ་རྙིང་འདི་ལས་བསྟན་པའི་ལོ་རྒྱུས་མི་སྣ་གཞན་པའི་ལོ་ཚིགས་སྐོར་ལ་བརྟགས་ཏེ་གཏན་འཁེལ་བྱ་རྒྱུ་ལས་འོས་མེད། སྤྱིར་ན་གཡའ་བཟང་ཆོས་འབྱུང་གི་ནང་དུ་གཡའ་བཟང་དགོན་པའི་མཁན་ཐོག་རིམ་བྱོན་གྱི་ཁྲི་འཛིན་ལོ་ཚིགས་དང་མཛད་རྣམ་སྐོར་ཅུང་ཞིབ་ཙམ་བསྟན་ཡོད་རུང་། ཁྲི་འཛིན་གྱི་ལོ་ཚིགས་འགའ་རེའི་ཐད་གོང་འོག་འབྲེལ་མཐུད་མི་འཚམ་པ་དང་འཁྲུལ་གཞིར་སོང་བ་ཡང་འགའ་རེ་སྣང་བས། ཆོས་འབྱུང་འདི་ཉིད་གཅིག་པུ་གཞི་རྟེན་དུ་བྱས་ན་རྩོམ་དུས་ཀྱི་ལོ་ཚིགས་ཡིད་རྟོན་འཕེར་བ་ཞིག་ཡོང་ཐབས་དཀའ་བས། དེ་འབྲེལ་གྱི་ནང་དོན་འཁོད་པའི་ལོ་རྒྱུས་དེབ་ཐེར་ཁུངས་བཙན་ཁག་ཀྱང་དཔྱད་གཞིར་གཟུང་རྒྱུ་ནི་གནད་ཀྱི་དམ་པ་ཡིན། 

 དེ་ཡང་འགོས་ལོས་མཛད་པའི་དེབ་ཐེར་སྔོན་པོ་ཡི་ནང་དུ་གཡའ་བཟང་དགོན་པའི་མཁན་ཐོག་མཐའ་མ་སྤྱན་སྔ་རིན་པོ་ཆེ་རྡོ་རྗེ་རྒྱལ་མཚན་འོད་ཀྱི་སྐོར་ལ། དེ་རྗེས་ཤིང་ཕོ་བྱི་ལ་སྤྱན་སྔ་རྡོར་རྒྱལ་བ་བསྐོས་ནས་ཆུ་སྦྲུལ་གྱི་བར་ལོ་ཉི་ཤུ་བཞུགས། དེ་ནས་ད་ལྟའི་མེ་ཕོ་སྤྲེའུའི་ལོ་བར་དུ་ལོ་གསུམ་སོང་།  སྤྱིར་ན་གཡའ་བཟང་ཆོས་རྗེ་མེ་གླང་ལ་(དེབ་ཐེར་སྔོན་པོ་ཡི་ནང་དུ་གཡའ་བཟང་ཆོས་རྗེའི་མཛད་རྣམ་གསུང་སྐབས་གང་ཉིད་ས་གླང་ལོར་འཁྲུངས་ཞེས་གསལ་བ་ནི་ཡང་དག་པ་ཡིན་པས། འདིའི་མེ་གླང་ཞེས་པ་ནི་འགོད་ནོར་དུ་སོང་བར་ངེས་)འཁྲུངས་ནས་མེ་ཕོ་སྤྲེའུ་ཡན་ལ་ལོ་སུམ་བརྒྱ་དང་བརྒྱད་སོང་ངོ་”ཞེས་འཁོད་ཡོད་ཅིང་།  འདིར་བསྟན་པའི་ད་ལྟའི་མེ་ཕོ་སྤྲེའུ་”ཞེས་པའི་ལོ་ནི་འགོས་ལོས་དེབ་ཐེར་སྔོན་པོ་བརྩམས་གྲུབ་པའི་ལོ་སྟེ། རབ་བྱུང་བརྒྱད་པའི་མེ་སྤྲེལ་སྤྱི་ལོ་༡༤༧༦ལོ་ཡིན་པས། དེ་ནས་ལོ་གསུམ་ཡར་དེད་ན། སྤྱན་སྔ་རྡོ་རྗེ་རྒྱལ་མཚན་འོད་ཀྱི་གདན་ས་འཕོས་ལོའམ་འདས་ལོ་ཡིན་ཞིང་།   དེ་ནི་རབ་བྱུང་བརྒྱད་པའི་ཆུ་སྦྲུལ་སྤྱི་ལོ་༡༤༧༣ལོ་ཡིན་པ་གཏན་ལ་དབབ་ཐུབ། ཡང་འདས་ལོ་དེ་ནས་སྤྱན་སྔ་རྡོ་རྗེ་རྒྱལ་མཚན་འོད་གདན་སར་བཞུགས་པའི་ལོ་ཉི་ཤུ་ཕྲིས་ན། དམ་པ་གང་ཉིད་གཡའ་བཟང་དགོན་པའི་གདན་སར་ཕེབས་པའི་ལོ་ནི་རབ་བྱུང་བརྒྱད་པའི་ཤིང་ཁྱི་ལོ་སྟེ།  སྤྱི་ལོ་༡༤༥༤ལོ་ཡིན་པ་རྟོགས་ཐུབ། དེས་ན་དེབ་ཐེར་སྔོན་པོ་ལས་བསྟན་པའི་སྤྱན་སྔ་རྡོ་རྗེ་རྒྱལ་མཚན་འོད་གཡའ་བཟང་དགོན་པའི་གདན་སར་ཕེབས་པའི་ཤིང་བྱི་”དེ་ཤིང་ཁྱི་”ཡིན་ངེས་ཏེ། དེ་ཡང་བོད་ཡིག་གི་དབུ་མེད་བྱི་”དང་ཁྱི་”གཉིས་ཀྱི་གཟུགས་འདྲ་བའི་རྐྱེན་ལས་བྱུང་བ་ཞིག་ཡིན་སྙམ་ལ། གཡའ་བཟང་ཆོས་འབྱུང་ལས་ཀྱང་།  དེའི་རྗེས་སུ་སྤྱན་སྔ་རིན་པོ་ཆེ་རྡོ་རྗེ་རྒྱལ་མཚན་འོད་པ་ནི། ཤིང་ཕོ་ཁྱིའི་ལོ་ལ་གདན་སར་ཕེབས་ཏེ་གདན་ས་ལོ་ཉི་ཤུ་མཛད། ཆུ་མོ་སྦྲུལ་གྱི་ལོ་ཟླ་བ་བཅུ་གཅིག་པའི་ཚེས་བཅོ་ལྔ་ལ་དགོངས་པ་མྱ་ངན་ལས་འདས་”ཞེས་བྱུང་བའི་ཕྱིར། གང་ལྟར་སྤྱན་སྔ་རྡོ་རྗེ་རྒྱལ་མཚན་འོད་ཀྱིས་རབ་བྱུང་བརྒྱད་པའི་ཤིང་ཁྱི་སྤྱི་ལོ་༡༤༥༤ལོ་ནས་རབ་བྱུང་དེའི་ཆུ་སྦྲུལ་སྤྱི་ལོ་༡༤༧༤ལོ་བར་གདན་ས་ལོ་ཉི་ཤུ་བསྐྱངས་མཐར་དགོངས་པ་རྫོགས་པའི་སྡོམ་ཚིག་རྣམ་དག་ཅིག་འཇོག་ཐུབ་པས། གཡའ་བཟང་ཆོས་འབྱུང་བརྩམས་གྲུབ་བྱུང་བའི་ལོ་ཚིགས་དེ་ཡང་གཡའ་བཟང་དགོན་པའི་མཁན་ཐོག་མཐའ་མ་སྤྱན་སྔ་རྡོ་རྗེ་རྒྱལ་མཚན་འོད་ཀྱི་གཤེགས་ལོ་ལས་ཕྱི་བ་ཡིན་པ་ངེས་ཤེས་བྱ་ཐུབ། འོ་ན་གཡའ་བཟང་ཆོས་འབྱུང་འདིའི་མཇུག་བྱང་ལས་བསྟན་པའི་ཤིང་མོ་ལུག་གི་ལོ་”ཞེས་པ་དེ་རབ་ལོ་གང་དང་།  སྤྱི་ལོ་གང་ལ་འཁེལ་ཞེ་ན། དེ་ཡང་ལོ་རྒན་དྲུག་ཅུའི་ནང་ཤིང་ལུག་གཅིག་ལས་འཁེལ་སྲོལ་མེད་པས། སྤྱན་སྔ་རྡོ་རྗེ་རྒྱལ་མཚན་འོད་གཤེགས་པའི་ལོ་ཕྱི་མ་དེ་ཏག་ཏག་ཤིང་ལུག་ལོ་ཡིན། དེར་བརྟེན། ཆོས་འབྱུང་འདི་ཉིད་ནི་གཡའ་བཟང་པའི་གདན་རབས་མཐའ་མ་གཤེགས་པའི་ལོ་ཕྱི་མ་སྟེ། རབ་བྱུང་བརྒྱད་པའི་ཤིང་ལུག་སྤྱི་ལོ་༡༤༧༥ལོར་མཛད་པ་ཞིག་ཡིན་པར་ཁོ་བོས་འདོད་མོད། བློ་ལྡན་དོན་གཉེར་མཁན་ཚོས་ད་དུང་མུ་མཐུད་དཔྱད་པར་འཚལ།  

གཉིས་པ།  ཆོས་འབྱུང་འདིའི་སྤྱི་ཁོག་དང་བསྡུས་དོན། 

 གཡའ་བཟང་ཆོས་འབྱུང་ནི་གཡའ་བཟང་བཀའ་བརྒྱུད་ཀྱི་བྱུང་འཕེལ་སྐོར་འཁོད་པའི་ལོ་རྒྱུས་ཡིག་ཆ་ཞིག་ཡིན་ཞིང་།  དེ་ཡང་བོད་ཀྱི་ལོ་རྒྱུས་ཆོས་འབྱུང་ལ་ཆོས་བརྒྱུད་སྤྱི་ཡི་ཆོས་འབྱུང་དང་ཆོས་བརྒྱུད་བྱེ་བྲག་པའི་ཆོས་འབྱུང་ཞེས་རིགས་གཉིས་སུ་དབྱེ་སྲོལ་ཡོད་པ་ལས་ཆོས་འབྱུང་འདི་ཉིད་ནི་ཕྱི་མའི་གྲས་སུ་གཏོགས། རྩོམ་གྱི་སྒྲིག་གཞི་སྤྱིའི་ཆ་ནས་བཤད་ན། ཡུལ་ལུང་བྱེ་བྲག་པ་ཞིག་གི་ཆོས་བརྒྱུད་བྱུང་འཕེལ་སྐོར་གླེང་བའི་རིགས་ལམ་སྤྱད་ཡོད་པ་དང་། བོད་ཀྱི་སྔར་གྱི་ལོ་རྒྱུས་རིག་པའི་གཞི་རྩའི་ཁྱད་ཆོས་རྒྱུན་འཛིན་དང་རྩོམ་པ་པོ་སྦེར་གྱི་རྩོམ་འབྲིའི་རྣམ་དཔྱོད་ཀྱི་རྩལ་ཡང་གང་ལེགས་མངོན་པར་བྱས་ཡོད་དེ། གཡའ་བཟང་དེ་བཞིན་ལྷོ་ཁ་ཡར་ལུང་ཁུལ་གྱི་ཡུལ་ལུང་བྱེ་བྲག་པ་ཞིག་ཡིན་པའི་ཆ་ནས་ཐོག་མར་ཁུལ་དེར་ས་ཁྱབ་རྡོ་ཁྱབ་ཏུ་གནས་པའི་བྲག་སྲིན་མོ་དང་སྤྲེལ་རྒན་བྱང་ཆུབ་སེམས་དཔའ་འདུས་པ་ལས་བོད་ཀྱི་འགྲོ་བ་མིའི་རིགས་བྱུང་ཚུལ་གྱི་ལྷ་སྒྲུང་གི་ངག་རྒྱུན་བརྗོད་པ་དང་། དེ་རྗེས་གཡའ་བཟང་གི་ཁོངས་སུ་གནས་ཤིང་ཡར་ལུང་ཤེས་རིག་གི་ཁྲོད་དུ་གལ་ཆེའི་གནས་བབས་བཟུང་བའི་སྲིད་པའི་གངས་རི་ཡར་ལྷ་ཤམ་པོའི་ལྷ་སྒྲུང་སྐོར་བསྟན་ནས་རིམ་བཞིན་གཞུང་དོན་དངོས་ཏེ། གཡའ་བཟང་བཀའ་བརྒྱུད་དང་དེ་འབྲེལ་ལོ་རྒྱུས་ཀྱི་བྱུང་བ་རྣམས་རྒྱས་བསྡུས་ཅི་རིགས་ཀྱི་སྒོ་ནས་གླེང་ཡོད་པ་ལྟ་བུ་བཅས། ཆོས་འབྱུང་ཧྲིལ་པོར་ས་བཅད་ཁ་གསལ་ཞིང་།  བཀླགས་ན་མགོ་མི་རྙོག་པ། སྙིང་དོན་རྟོགས་སླ་བ་བཅས་ཀྱི་ཁྱད་ཆོས་འབུར་དུ་ཐོན་ཡོད། ཆོས་འབྱུང་འདིའི་མཆོད་བརྗོད་དང་མཇུག་བྱང་ཕུད། དངོས་གཞིའི་ནང་དོན་རྣམས་ས་བཅད་ལྔར་དབྱེ་ཆོག་པ་ཡིན་ཏེ།  

གཅིག སྤྲེའུ་དང་བྲག་སྲིན་མོ་འདུས་པ་ལས་བོད་མི་བྱུང་སྐོར། 

 བོད་ཀྱི་ལོ་རྒྱུས་ཐོག་བོད་མིའི་འབྱུང་ཁུངས་ཀྱི་སྐོར་ལ་སྒོ་ང་ལས་བྱུང་བར་སྨྲ་བ་དང་། རྒྱ་གར་ནས་མཆེད་ཚུལ། སྤྲེའུ་དང་བྲག་སྲིན་མོ་འདུས་པ་ལས་བྱུང་སྐོར་བཅས་ཤོད་སྲོལ་ཆེན་པོ་གསུམ་ཡོད་ཅིང་། དེ་དག་ལས་སྤྲེའུ་དང་བྲག་སྲིན་འདུས་པ་ལས་བོད་མི་བྱུང་བའི་ངག་རྒྱུན་གཏམ་རྒྱུད་ནི་ལྷོ་ཁ་ཡར་ལུང་ཁུལ་ཙམ་མ་ཟད། ཁ་བའི་ལྗོངས་སུ་གྲགས་ཆེ་ལ། ས་ཁྱབ་རྡོ་ཁྱབ་ཀྱི་ཚུལ་དུ་གནས་ཡོད། སྤུ་རྒྱལ་བཙན་པོའི་སྐབས་ནས་ནང་ཆོས་བོད་ཡུལ་དུ་དར་ཁྱབ་བྱུང་བ་དང་བསྟུན། ངག་རྒྱུན་གཏམ་རྒྱུད་དེ་ལ་རིམ་བཞིན་ནང་ཆོས་ཀྱི་བསམ་བློའི་ཤན་ཞུགས་ཡོད་པ་ནི། དུས་རབས་བཅུ་གཅིག་གམ་བཅུ་གཉིས་པའི་ནང་བྱུང་བར་གྲགས་པའི་མ་ཎྀ་བཀའ་འབུམ་ནང་དུ་སྲོང་བཙན་སྒམ་པོའི་རྣམ་ཐར་བརྗོད་པའི་སྐབས། བོད་ཡུལ་ནི་འཕགས་པ་སྤྱན་རས་གཟིགས་ཀྱི་འདུལ་ཞིང་ཡིན་པར་བསྒྲུབས་ནས་འཕགས་པ་སྤྱན་རས་གཟིགས་དང་སྲོང་བཙན་སྒམ་པོ། སྤྲེའུ་བྱང་ཆུབ་སེམས་དཔའ་བཅས་བདག་ཉིད་གཅིག་པའི་འཕགས་རྒྱུད་དུ་བཤད་དེ།  སྒྲུང་གི་ཐོག་མཐའ་བར་གསུམ་དུ་ནང་པ་སངས་རྒྱས་པའི་བསམ་བློའི་ལྟ་བ་མངོན་པར་བྱས་ཡོད་ཅིང་། དུས་རབས་བཅུ་གཅིག་གམ་བཅུ་གཉིས་པའི་ནང་བྱུང་བར་གྲགས་པའི་བཀའ་ཆེམས་ཀ་ཁོལ་མ་ཡི་ནང་དུའང་སྤྲེའུ་དང་བྲག་སྲིན་མོ་འདུས་པ་ལས་བོད་མི་བྱུང་བའི་ངག་རྒྱུན་གཏམ་རྒྱུད་དེ་ཉིད་ཞིབ་ཚགས་ལ་གསོན་ཉམས་ལྡན་པའི་ངང་བསྟན་ཡོད་པ་མ་ཟད། ངག་རྒྱུན་གཏམ་རྒྱུད་དེ་ཉིད་ནང་ཆོས་ཀྱི་དོན་སྙིང་ལྡན་པའི་གཏན་འཇགས་ཅན་གྱི་གཏམ་རྒྱུད་ཅིག་ཏུ་གྱུར་ཡོད་པ་སོགས་ལས་རྟོགས་ཐུབ་པ་ཡིན། ཕྱིས་སུ་བྱུང་བའི་ཉང་ཆོས་འབྱུང་དང་། རྒྱ་བོད་ཡིག་ཚང་》《རྒྱལ་རབས་གསལ་བའི་མེ་ལོང་》《ཡར་ལུང་ཇོ་བོའི་ཆོས་འབྱུང་སོགས་བོད་ཀྱི་ལོ་རྒྱུས་དེབ་ཐེར་ཁག་གི་ནང་དུའང་གཏམ་རྒྱུད་ཀྱི་གླེང་འགྲོས་སྤྱིའི་ཆ་ནས་གོང་གསལ་དང་ཆ་མཚུངས་པར་བྱུང་ཡོད། དེ་ལྟར་གཡའ་བཟང་ཆོས་འབྱུང་འདིའི་ནང་དུ་ཡང་ཕ་སྤྲེའུ་དང་མ་བྲག་སྲིན་འདུས་པ་ལས་བོད་མི་བྱུང་བའི་ངག་རྒྱུན་གཏམ་རྒྱུད་དེ་སྤྱིའི་ཆ་ནས་བཀའ་ཆེམས་ཀ་ཁོལ་མ་ཡི་བརྗོད་དོན་སྙིང་བསྡུས་ཀྱིས་བཀོད་ཡོད། 

 གཉིས། ཡར་ལྷ་ཤམ་པོ་དམ་ལ་འདོགས་ཚུལ་གྱི་ལྷ་སྒྲུང་སྐོར།  

ས་བཅད་འདིས་ཆོས་འབྱུང་ཧྲིལ་པོའི་བརྒྱ་ཆ་ཉུང་ཉུང་ཙམ་ལས་ཟིན་མེད་མོད། འདི་ཉིད་གདོད་མའི་ཡར་ལུང་ཤེས་རིག་དང་འབྲེལ་བ་ཟབ་པའི་ཕ་སྤྲེའུ་དང་མ་བྲག་སྲིན་འདུས་པ་ལས་བོད་མི་གྲོལ་ཚུལ་གྱི་གནའ་བོའི་ངག་རྒྱུན་གཏམ་རྒྱུད་དང་འབྲེལ་མཐུད་འཚམ་པོ་བྱུང་ཡོད་ཁར། ཆོས་འབྱུང་འདིའི་བརྗོད་དོན་གཙོ་བོ་སྟེ། ཡར་ལྷ་ཤམ་པོའི་ཉེ་འདབས་སུ་གནས་པའི་གཡའ་བཟང་ཁུལ་གྱི་བྱུང་འཕེལ་ལོ་རྒྱུས་ཀྱི་ཐོག་ཏུ་འབབ་ཐུབ་པ་བྱུང་ཡོད་པས། ནང་དོན་འདིས་ཆོས་འབྱུང་ཡོངས་ཀྱི་བརྗོད་དོན་སྔ་ཕྱིའི་མཚམས་སྦྱོར་གྱི་ཐད་ནུས་པ་ལྷག་པོ་ཆེ་ཐོན་ཡོད།  

ཡར་ལྷ་ཤམ་པོ་ནི་བོན་གྱི་གནས་རི་དགུའི་ཡ་གྱལ་དང་སྲིད་པའི་ལྷ་དགུའི་གྲས་ཤིག་ཀྱང་ཡིན་པར་གྲགས་པས། དེ་ནི་གནའ་བོའི་བོད་མིའི་སྲིད་པའི་འབྱུང་ཚུལ་གྱི་འདུ་ཤེས་འཛིན་སྟངས་དང་འབྲེལ་བ་ངེས་ཅན་ཞིག་ཡོད་ཀྱང་སྲིད། ཡར་ལྷ་ཤམ་པོའི་སྐོར་ད་ཕན་ཡིག་ཐོག་ཏུ་འཁོད་པ་སྔ་ཤོས་ནི་ཏུན་ཧོང་ནས་ཐོན་པའི་བོད་ཀྱི་ལོ་རྒྱུས་ཡིག་ཚང་ཡིན་ཞིང་།  འོ་ལྡེ་སྤུ་རྒྱལ་བའི་གདུང་རབས་རིམ་བྱོན་ཞེས་པ་ལས།  ལྷ་གནམ་གྱྀ་སྟེང་ནས་གཤེགས་པའ། གནམ་ལྷབ་ཀྱི་བླ་ན། ཡབ་ལྷ་བདག་དྲུག་བཞུགས་པའི་སྲས། གཅེན་གསུམ་གཅུང་གསུམ་ན། ཁྲྀ་འི་བདུན་ཚིགས་དང་བདུན། ཁྲི་འི་བདུན་ཚྀགས་ཀྱྀ་སྲས། ཁྲི་གཉག་ཁྲྀ་བཙན་པོ། །ས་དོག་ལ་ཡུལ་ཡབ་ཀྱྀ་རྗེ། དོག་ཡབ་ཀྱི་ཆར་དུ་གཤེགས་སོ། །ལྷ་རྀ་གྱང་དོར་གཤེགས་ན། རྀ་རབ་ལྷུན་པོ་ཡང་དགུའ་དུད་དུད། ཤྀང་སྡོང་པོ་ཡང་བང་ཐང་ཐང་། ཆབ་ལུ་མ་ཡང་དངོ་སིལ་སིལ། གོར་ཕ་བང་ལ་སྩོགས་པ་ཡང་མཉེད་ཁྲུང་ཁྲུང་གིས་ཕྱག་འཚལ་ལོ། བོད་ཀ་གཡག་དྲུག་གྀ་རྗེར་གཤེགས་སོ། །་་་་་་ཤྀང་རབས་ཀྱི་ནང་ན་ནྀ་ཐང་ཤྀང་རིང་པོ་རིང་།  ཆུ་རབས་ཀྱི་ནང་ན་ནི་ཡར་ཅུ་སྔོན་པོ་ཆེ། ཡར་ལྷ་ཤམ་པོ་ནི་གཅུག་གྀ་ལྷ་འོ །”ཞེས་གསལ་བས། དེ་ལས་རྒྱལ་པོའི་དབང་ཆ་ལྷས་གནང་བའམ་མི་རྗེ་ལྷས་མཛད་པའི་བསམ་བློའི་འདུ་ཤེས་མངོན་པ་ཕུད། གལ་འགངས་ཆེ་ཤོས་ནི་སྐབས་དེ་ཤེད་ནས་ཡར་ལྷ་ཤམ་པོ་དེ་བཞིན་སྤུ་རྒྱལ་བཙན་པོའི་གཙུག་གི་ལྷ་རུ་བཀུར་བ་མཐོང་ཐུབ་པ་དེ་ཡིན། དེའི་ཐོག་ནས་ཀྱང་ཡར་ལྷ་ཤམ་པོ་ནི་ཐོག་མར་ཡར་ལུང་བོད་ཀ་གཡག་དྲུག་གིས་མཉམ་དུ་བཀུར་བའི་རུས་ལྷ་འདྲ་པོ་ཞིག་ཏུ་སྣང་རུང་། གཉའ་ཁྲི་བཙན་པོ་ཡར་ལུང་ཁུལ་དུ་བྱོན་ནས་སྤུ་རྒྱལ་བཙན་པོའི་སྲིད་དབང་བཙུགས་པ་ནས་བཟུང་སྤུ་རྒྱལ་བཙན་པོའི་ཁྱིམ་རྒྱུད་ཙམ་མ་ཟད། བོད་འབངས་ཡོངས་ཀྱིས་གཙུག་ཏུ་བཀུར་བའི་ལྷ་ཆེན་ཞིག་ཏུ་གྱུར་པ་མཐོང་ཐུབ། གཞན་ཡང་། ས་སྐྱ་བསོད་ནམས་རྒྱལ་མཚན་གྱིས་མཛད་པའི་རྒྱལ་རབས་གསལ་བའི་མེ་ལོང་དུའང་ཡར་ལྷ་ཤམ་པོ་དང་སྤུ་རྒྱལ་བཙན་པོའི་ཁྱིམ་རྒྱུད་ཀྱི་དམིགས་བསལ་འབྲེལ་བའི་སྐོར་གྱི་གཏམ་རྒྱུད་ཅིག་འཁོད་ཡོད་པ་འདི་ལྟ་སྟེ། ནམ་ཞིག སྤུ་རྒྱལ་བདུན་པ་གྲི་གུང་བཙན་པོའི་ཐུགས་ལ་གདོན་ཞུགས་ཏེ་བློན་ལོ་ངམ་རྟ་རྫིར་རྩལ་འགྲན་དུ་བཅོལ། མཐར་ལོ་ངམ་གྱིས་བཀུམ་པས་རྒྱལ་སྲིད་བརླགས། རྒྱལ་སྲས་གསུམ་ཡང་ཀོང་ཡུལ་དུ་བྲོས། གྲི་གུམ་གྱི་བཙུན་མོ་ཡང་ཕྱུགས་འཚོ་བར་བཅུག  ཉིན་ཞིག་གྲི་གུམ་གྱི་བཙུན་མོ་ཕྱུགས་འཚོ་བཞིན་པའི་སྐབས་ལོགས་ཤིག་ཏུ་གཉིད་དུ་ཡུར་བས། ཡར་ལྷ་ཤམ་པོས་སྤྲུལ་བའི་མི་དཀར་ཞིག་དང་བཤོས་པར་རྨིས། ཕྱིས་ཕྲུ་གུ་ཞིག་བཙས་པར་བློན་རུ་ལས་སྐྱེས་སུ་གྲགས། དེས་གྲི་གུམ་གྱི་དགྲ་ཤ་བླངས། ཀོང་ཡུལ་ནས་བྱ་ཁྲི་གདན་དྲངས་ཏེ་རྒྱལ་པོར་མངའ་གསོལ་ཞེས་ལྷ་སྒྲུང་གི་རྣམ་པའི་ཐོག་ནས་སྤུ་རྒྱལ་བཙན་པོའི་རྒྱལ་སྲིད་ཆགས་འཇིག་གི་གལ་ཆེའི་དོན་གནད་ལ་ཕྱི་རབས་པས་ཕྱིར་དྲན་བྱེད་པའི་གདུང་སེམས་མངོན་པར་བྱས་ཡོད་པ་ལྟར་ཡིན། དེས་ཀྱང་སྤུ་རྒྱལ་བཙན་པོས་ཡར་ལྷ་ཤམ་པོ་གཙུག་ཏུ་བཀུར་བའི་འགྱུར་མེད་ཀྱི་དུང་ཞེན་ཞིག་མངོན་ཡོད། དེ་མིན་དུས་ཕྱིས་ཀྱི་ལོ་རྒྱུས་ཡིག་རིགས་ཁག་ནང་དུ་ཡར་ལྷ་ཤམ་པོ་དང་། གཉན་ཆེན་ཐང་ལྷ། འོ་དེ་གུང་རྒྱལ་སོགས་གནས་རི་ཆེན་པོ་ཁག་གཅིག་སྤུ་རྒྱལ་བཙན་པོ་རིམ་བྱོན་གྱི་གཙུག་གི་ལྷ་ཡིན་པའི་ཤོད་སྲོལ་འཁོད་ཡོད་ཅིང་། ཕྱིས་སངས་རྒྱས་ཆོས་ལུགས་བོད་དུ་ནང་འདྲེན་དང་དར་སྤེལ་གཏོང་བའི་དགོས་མཁོ་དང་བསྟུན་ནས་ཡར་ལྷ་ཤམ་པོ་སོགས་བོན་གྱི་ལྷ་རིགས་ཀུན་གྱི་གནས་བབས་དང་། ནུས་པ། རང་བཞིན་བཅས་ལ་འགྱུར་བ་བྱུང་སྟེ། ནང་ཆོས་ཀྱི་ནང་དོན་དང་རྣམ་པ་མཚོན་པའི་དཀར་ཕྱོགས་སྐྱོང་བའི་སྲུང་མར་གྱུར་ཡོད། དེ་ལ་གཡའ་བཟང་ཆོས་འབྱུང་འདི་ལས། གནོད་སྦྱིན་ཤམྦུ་འདི་ཉིད་ལྷ་དབང་ཕྱུག་ཆེན་པོ་སྟེ། ཤམྦུ་ཞེས་པ་བདེ་འབྱུང་གི་སྐད་དོད་ཡིན་ལ། དབང་ཕྱུག་ཆེན་པོའི་མཚན་གྱི་རྣམ་གྲངས་སོ། །དེས་ན་ཕྱི་ལྟར་ན་ཤམ་བུའམ་དབང་ཕྱུག་ཆེན་པོ། དོན་ལ་ཇོ་མོ་སྤྱན་རས་གཟིགས་གང་ལ་གང་འདུལ་གྱི་ཚུལ་དུ་བྱོན་”ཞེས་དང་། སློབ་དཔོན་པདྨས་ཙ་རིའི་གནས་སྒོ་ཕྱེས་ཏེ་ཡར་སྟོད་སྦས་པ་སྣ་ན་སྒོམ་ལ་བཞུགས་པའི་སྐབས་ཡར་ལྷ་ཤམ་པོས་གླགས་བཙལ་བར་རྫུ་འཕྲུལ་གྱིས་དམ་དུ་བཏགས་ཤིང་དགེ་བསྙེན་གྱི་སྡོམ་པ་མནོས་ཏེ། འདི་ནས་ཚེ་འཕོས་ནས་བྱང་ཁམས་སུ་གནོད་སྦྱིན་ཞིག་ཏུ་སྐྱེ། དེ་ནས་ཨུ་རྒྱན་ང་དང་གྲིབ་མའི་ཚུལ་དུ་འགྲོགས་པ་ཅིག་(ཞིག་)ཡོང་ངོ་ཞེས་ལུང་བསྟན་”ཞེས་བྱུང་བ་ལས་རྟོགས་ཐུབ་པ་ཡིན། 

 གསུམ། གཡའ་བཟང་ཆོས་ཀྱི་སྨོན་ལམ་གྱི་སྐུ་ཚེའི་མཛད་པ་དང་གཡའ་བཟང་དགོན་པའི་གདན་རབས་རིམ་བྱོན་གྱི་སྐོར། 

 ས་བཅད་འདིས་ཆོས་འབྱུང་ཧྲིལ་པོའི་ནང་གལ་ཆེའི་གནས་བབས་བཟུང་ཡོད་ཅིང་། འདིའི་ནང་ཐོག་མར་གཡའ་བཟང་བཀའ་བརྒྱུད་ཀྱི་སྲོལ་གཏོད་པ་པོ་གཡའ་བཟང་ཆོས་ཀྱི་སྨོན་ལམ་ནི་དམར་མོ་མཁའ་འགྲོ་ཞེས་པར་འཁྲུངས་ཤིང་།  གདུང་རུས་གནུབས་ཡིན་པ་དང་། ཆུང་དུས་བློ་རིག་ཤིན་ཏུ་བཀྲ་ཞིང་། སྐུ་ཕྲ་མོ་ནས་ཇོ་བོ་དཀོན་མཆོག་གསུམ་ལ་སྐྱབས་སུ་འགྲོ་བ་རྒྱུན་མི་འཆད་(ཆད་)པ་དང་། བྱིས་པ་ཟླ་བོའི་ཚོགས་ལ་ཆོས་འཆད་པའི་ཚུལ་དང་། མཆོད་པ་གཤོམ་པ་དང་། གཏོར་མ་གཏོང་བ་སོགས་”ཆུང་བྱིས་པའི་དུས་ནས་རྩེད་རོགས་བྱིས་པ་ཆོའི་ཁྲོད་ནས་གཟེངས་སུ་ཐོན་ཅིང་དཀྱུས་མའི་གཤིས་རྒྱུད་ལས་ཡོངས་སུ་བྲལ་བའི་སྐོར་བསྟན་པ་དང་། དེ་རྗེས་རབ་ཏུ་བྱུང་ནས་བཀའ་གདམས་པའི་དགེ་བཤེས་བསྟེན་ཏེ་འདུལ་ཁྲིམས་ལ་ཉམས་ལེན་དང་། རིམ་བཞིན་བསྟན་པའི་སྙིང་པོ་སྒྲུབ་པ་ཉམས་ལེན་ལ་ཐུགས་བློ་ཕྱོགས་ཏེ་དཔལ་ཕག་མོ་གྲུ་པའི་དངོས་སློབ་ཟྭ་ར་བ་སྐལ་ལྡན་ཡེ་ཤེས་སེང་གེའི་མཚན་གྱི་སྙན་པ་གསན་པས་ཐེ་ཆོམ་མེད་པར་ཟྭ་ར་དགོན་དུ་མཇལ་དུ་བྱོན་ཞིང་། ཕྱག་རྒྱ་ཆེན་པོའི་ཁྲིད་དང་མན་ངག་མང་པོ་མནོས་པ་དང་།  རྟོགས་པ་སད་ནས་བཀའ་བརྒྱུད་ཕྱག་ཆེན་གྱི་ཆོས་བརྒྱུད་འཛིན་མཁན་ཞིག་ཏུ་གྱུར་བའི་སྐོར་གླེང་ཞིང་། མཐར་ཡུལ་གཡའ་བཟང་དུ་ཕྱིར་ཕེབས་ཏེ་དད་ལྡན་སྦྱིན་བདག་བཟང་པོའི་མཐུན་རྐྱེན་སྦྱར་བ་ལ་བརྟེན། སྤྱི་ལོ་༡༢༠༦ལོར་གཡའ་བཟང་དགོན་ཕྱག་བཏབ་པ་དང་། དུས་དེ་ནས་བཟུང་ཁོང་གི་མཚན་སྙན་ཉིན་རེ་བཞིན་རྒྱས་ཏེ་གཉལ་ཡུལ་དང་། ཡར་ལུང་། མཚོ་སྣ་གྲུ་ཤུལ་སོགས་ཀྱི་ཡོན་བདག་འབྱོར་པ་ཅན་ནམ་མི་དཔོན་དབང་གྲགས་ཅན་དག་གི་སྤྱན་འདྲེན་བྱུང་བ་ལྟར། ཡུལ་ཕྱོགས་དེ་དག་ཏུ་ཆོས་འཁོར་མང་དུ་བསྐོར་བའི་སྐོར་སོགས་གླེང་ཡོད། ཁོང་གི་མཛད་འཕྲིན་ལས་ཡུལ་དེ་དག་གཡའ་བཟང་བཀའ་བརྒྱུད་པའི་གདུལ་བྱའི་ཁྱབ་ཁོངས་གཙོ་བོར་གྱུར་བས། རྗེས་ཀྱི་གཡའ་བཟང་སྟོང་དཔོན་དང་ཁྲི་དཔོན་གྱི་སྲིད་ཀྱི་ཁྱབ་ཁོངས་རྒྱ་བསྐྱེད་དང་འཕེལ་རྒྱས་གཏོང་རྒྱུར་ནུས་པ་ཆེན་པོ་ཐོན་ཡོད་པ་མ་ཟད། ཡར་ལུང་ཁུལ་གྱི་ལོ་རྒྱུས་འཕེལ་འགྱུར་ལའང་ཤུགས་རྐྱེན་གཏིང་ཟབ་ཐེབས་ཡོད།  

གཞན་ཡང་ཆོས་འབྱུང་འདིའི་ནང་གཡའ་བཟང་ཆོས་ཀྱི་སྨོན་ལམ་གྱིས་སྤྱི་ལོ་༡༢༢༡ནས་༡༢༣༣ལོའི་བར་གཡའ་བཟང་དགོན་གྱི་མཁན་པོ་གནང་བའི་མཛད་རིམ་ཅུང་རྒྱས་ཙམ་དང་། གདན་རབས་གཉིས་པ་རིན་ཆེན་ཇོ་སྲས་ནས་གདན་རབས་བཅུ་པ་སྤྱན་སྔ་རིན་པོ་ཆེ་རྡོ་རྗེ་རྒྱལ་མཚན་འོད་བར་གྱི་མཛད་རྣམ་དག་རགས་བསྡུས་སུ་བཀོད་ཡོད། དེ་ལྟར་གཡའ་བཟང་དགོན་གྱི་གདན་རབས་རིམ་བྱོན་གྱི་ཐུན་མིན་མཛད་འཕྲིན་བཀོད་པ་ལས་ཁོང་རྣམ་པའི་བླ་མེད་ཀྱི་གཟི་བྱིན་མངོན་པར་བྱས་ཡོད། དེ་མིན་གཡའ་བཟང་དགོན་གྱི་གདན་རབས་དགུ་པ་སྤྱན་སྔ་བསོད་ནམས་འོད་མཛེས་(སྤྱི་ལོ་༡༤༢༧ནས་༡༤༥༢བར་གདན་ས་མཛད་) ཀྱི་སྐུ་དུས་སུ་གཡའ་བཟང་དགོན་དུ་དགེ་འདུན་གྱི་སྡེ་གང་འཚམ་འཕེལ་བ་དང་བདེ་ཡངས་གྲྭ་ཚང་ཞེས་པའི་གྲྭ་ཚང་གསར་པ་ཞིག་ཀྱང་བཏབ་པར་མངོན་མོད། གྲྭ་ཚང་དེའི་མཁན་རྒྱུན་ཇི་ལྟར་བྱུང་བ་དང་མཁན་རབས་ཇི་ཙམ་བྱུང་བའི་སྐོར་འཁོད་མེད་པ་ནི་ཡིད་ཕངས་པ་ཞིག་རེད།  

བཞི། གཡའ་བཟང་ཁྲི་སྐོར་གྱི་སྐོར།  

ས་བཅད་འདིའི་ནང་གཡའ་བཟང་པར་སྔ་རྗེས་སུ་སོག་པོའི་དབང་སྒྱུར་བའི་ལག་ནས་སྟོང་སྐོར་དང་ཁྲི་སྐོར་གྱི་འཛིན་དབང་ཐོབ་ཐང་བྱུང་ཚུལ་དང་།  གཡའ་བཟང་གི་སེར་སྐྱ་མཐོ་རིམ་དབང་སྒྱུར་བའི་དབར་འགལ་བ་བྱུང་ཚུལ། དེ་བཞིན་ལྷ་བུག་པ་ཅན་པའི་ཁྱིམ་རྒྱུད་ཀྱི་མི་སྣས་གཡའ་བཟང་གི་ཆོས་སྲིད་མངའ་ཐང་སྐྱོང་ཚུལ་སོགས་བསྟན་ཡོད་པ་མ་ཟད། གཡའ་བཟང་ཁུལ་གྱི་ཐོག་མའི་དབང་འཛིན་མི་སྣའི་གནས་ཚུལ་རགས་བསྡུས་དང་།  གཡའ་བཟང་ཁྲི་སྐོར་གྱི་ཁྲི་དཔོན་རིམ་བྱོན་གྱི་མིང་ཐོ་བཀོད་ཡོད། དེས་ན་རང་རེ་བོད་ཀྱི་སྔོན་བྱོན་ལོ་རྒྱུས་མཁན་པོ་ཕལ་མོ་ཆེས་ལོ་རྒྱུས་འབྲི་སྐབས་ཆོས་ཕྱོགས་ཀྱི་སྐོར་རྒྱས་གླེང་བྱ་རྒྱུར་གཙིགས་ཆེར་འཛིན་པ་ལས་འཇིག་རྟེན་སྲིད་ལུགས་ལ་དེ་ཙམ་སྣང་འཇོག་མི་བྱེད་པ་ལྟར། གཡའ་བཟང་ཆོས་འབྱུང་གི་རྩོམ་པ་པོས་ཀྱང་སྤྱིའི་ཆ་ནས་ཚུལ་དེ་ལས་བརྒལ་ཐུབ་མེད། འོན་ཀྱང་ཆོས་འབྱུང་འདིའི་ནང་འཁོད་ལོ་རྒྱུས་ཀྱི་ཆ་འཕྲིན་ཁག་གཅིག་ནི་གཡའ་བཟང་ཁྲི་སྐོར་གྱི་ཆོས་སྲིད་ཟུང་འབྲེལ་གྱི་གནས་བབས་ལ་རྟོག་ཞིབ་དང་རྒྱུས་ལོན་བྱ་རྒྱུར་ཤིན་ཏུ་མཁོ་བའི་རྩ་ཆེའི་དཔྱད་ཡིག་ཏུ་ངེས་ཏེ། དེ་ཡང་གཡའ་བཟང་ཆོས་འབྱུང་འདི་ལས། གཡའ་བཟང་ཆོས་རྗེ་བཞུགས་པའི་དུས་སུ་ཙུ་པ་ཚུལ་འབར་འོད་(རླངས་ཀྱི་པོ་ཏི་བསེ་རུའི་ནང་དུ་རྩྭ་པ་ཚུལ་འབར་འོད་ཅེས་གསལ་) ཀྱིས་གསུང་རབ་སྟོབས་ཆེ་ཕུལ་ཏེ་ཡོན་མཆོད་དུ་འབྲེལ། ཕེར་ཡོང་བྱུང་བ་ལ་བརྟེན་ནས་ཕྱིའི་ཁ་ལོ་བསྒྱུར་བའི་མདུན་དཔོན་མཛད། དེ་དུས་གོང་དུ་ཞུ་བ་གསེར་ཡིག་གནང་བས། བྱི་ལའི་ཐམ་ཁ་དང་།  ལས་ཁ་གནང་།   ར་གཙང་གཅུང་༣ལ་ལུང་གཏོང་བ་མཛད། དེའི་རྗེས་ལ་སྨྱོན་འབུམ་ཁྲི་འོད་ཀྱིས་མཛད། དེའི་རྗེས་སུ་སྤྱན་སྔ་དབོན་དགེ་མཛེས་འོད་པའི་དུས་སུ རྒྱལ་ཆེན་ཆོས་གྲགས་འོད་པས་གོང་དུ་བྱོན། སྟག་མགོའི་ཐམ་ཁ་དང་།  ལས་སྣ་བླངས། གཡའ་བཟང་ཁྲི་སྐོར་དུ་གྲགས་པ་བྱུང་།  ཕག་མོ་གྲུ་པའི་ཁྲི་དཔོན་རྡོ་རྗེ་དཔལ་བ་དང་དུས་མཚུངས་སུ་འདུག་ཅིང་།  གཡའ་ཕག་གི་ཁྲི་དཔོན་ལ་འདི་གཉིས་སྔ་བ་ཡིན་ཞེས་གླེང་བ་འདུག དེའི་རྗེས་ལ་ཁྲི་དཔོན་འབུམ་སང་འོད། དེའི་རྗེས་ལ་ཁྲི་དཔོན་འབུམ་ཁྲི་འོད། དེའི་རྗེས་ལ་ཁྲི་དཔོན་འབུམ་དཔལ་འོད་ཀྱིས། ཁྲི་དཔོན་གཉལ་ལ་བསྡུས། སྤྱན་སྔའི་གོ་ས་བུག་པ་ཅན་ལ་གཏད་དེ། འདི་དུས་ནས་བཙད་པོ་སྐྱ་སེར་གྱི་སྡེ་དཔོན་དུ་སྦྲེལ་བ་ལགས། དེའི་རྗེས་ལ་ཁྲི་དཔོན་ཚུལ་འབུམ་འོད། ཁྲི་དཔོན་འབུམ་གྲགས་འོད། ཁྲི་དཔོན་ཤཱཀྱ་རིན་ཆེན། སྲས་དགེ་ཤེས་པ་རྣམས་བྱུང་བ་ཡིན་པར་འདུག་གོ་”ཞེས་རྩྭ་པ་ཚུལ་འབར་འོད་དང་གཡའ་བཟང་ཆོས་ཀྱི་སྨོན་ལམ་དབར་ཆོས་ཡོན་སྦྱིན་བདག་གི་འབྲེལ་ལམ་ཆགས་ཚུལ་སོགས་ཀྱི་སྐོར་བསྟན་པ་དེས། ལོ་རྒྱུས་ཐོག་གཡའ་བཟང་ཁུལ་གྱི་མཐོ་རིམ་སྐྱ་སེར་མི་སྣའི་དབར་ཐོག་མའི་མཐུན་འགྲིག་ཇི་ལྟར་བྱུང་བའི་རྣམ་པ་ཇི་མ་ཇི་བཞིན་རྟོགས་ཐུབ་ཅིང་།  དེ་ལས་རྩྭ་པ་ཚུལ་འབར་འོད་ནི་གཡའ་བཟང་ཁུལ་གྱི་ཁ་ཆེ་དབང་ཐང་བཙན་པའི་མཐོ་རིམ་མི་སྣ་ཞིག་ཡིན་པ་དང་།  གཡའ་བཟང་ཆོས་ཀྱི་སྨོན་ལམ་དང་གཉེན་གྱི་འབྲེལ་བ་མེད་པ་མཐོང་ཐུབ་པས། དེས་ན་གཡའ་བཟང་གི་ཐོག་མའི་ཆབ་སྲིད་ཀྱི་སྲོལ་ལུགས་ནི་ཁྱིམ་རྒྱུད་གཅིག་གི་རྨང་གཞིའི་ཐོག་ཆགས་པ་ཞིག་མ་ཡིན་པམ མ་མཐར་ཡང་ལྷ་བུག་པ་ཅན་གྱི་ཁྱིམ་རྒྱུད་ཀྱིས་གཡའ་བཟང་གི་སྲིད་དབང་མ་བཟུང་བའི་གོང་རོལ་ན་རྣམ་པ་དེ་འདྲ་ཞིག་གེ་ཐོག་ཏུ་གནས་ཡོད་པ་རྟོགས་ཐུབ་པས་ཡིན་ལ། ལྷག་པར་དུ་རྩྭ་པ་ཚུལ་འབར་འོད་ཀྱིས་རང་གི་ཁྱིམ་གཞིས་ཀྱི་གཟི་བརྗིད་དང་སྟོབས་འབྱོར་ལ་བརྟེན་ནས་གཡའ་བཟང་དགོན་པའི་དགེ་འདུན་གྱི་སྡེ་དང་གཅིག་ལ་གཅིག་བརྟེན་གྱི་འབྲེལ་ལམ་བཟང་པོ་བཙུགས་པས། རིམ་བཞིན་ཆོས་སྲིད་ཟུང་འབྲེལ་གྱི་ངོ་བོ་ལྡན་པའི་སྟོབས་ཤུགས་ཤིག་ཆགས་པ་དང་། སྟོབས་ཤུགས་དེ་འདྲ་ཞིག་ལ་བརྟེན་ནས་རང་གི་མངའ་འོག་ཏུ་གནས་པའི་ས་ཆ་ཁག་བཅད་བཟུང་བྱས་ཡོད་པའི་ལོ་རྒྱུས་ལས་རྟོགས་ཐུབ། དེས་ན་བོད་ཡུལ་དུ་སོག་པོའི་སྟོབས་ཤུགས་དར་ཁྱབ་བྱུང་རྗེས། གཡའ་བཟང་པར་སྔ་རྗེས་སུ་སྟོང་སྐོར་དང་ཁྲི་སྐོར་གྱི་གོ་བབ་ཐོབ་པའི་སྐོར་གཡའ་བཟང་ཆོས་འབྱུང་འདིའི་ནང་ཞིབ་པར་འཁོད་མེད་རུང་། རླངས་ཀྱི་པོ་ཏི་བསེ་རུ་སོགས་འབྲེལ་ཡོད་ལོ་རྒྱུས་ཡིག་ཚང་ལ་གཞིགས་ན། རྩྭ་པ་ཚུལ་འབར་འོད་ཀྱིས་སྐབས་དེའི་སོག་པོའི་དབང་སྒྱུར་བ་མོང་གོལ་ཧན་དང་ཐོག་མའི་འབྲེལ་བ་བཙུགས་པ་དང་། དེ་རྗེས་མོང་གོལ་ཧན་ལས་གསེར་ཡིག་དང་བྱི་ལའི་ཐམ་ག  གོ་ས་བཅས་ཐོབ་པ་མ་ཟད། ར་གཙང་གཅུང་གསུམ་གྱི་ས་ཆ་དང་དེ་དག་གེ་མི་སེར་རྣམས་སྔར་རྒྱུན་ལྟར་གཡའ་བཟང་པར་འཇགས་སུ་བཅུག་པའི་འཇའ་ས་ཐོབ་ཡོད། སྤྱི་ལོ་༡༢༧༡ལོར་ཡོན་རྒྱལ་རབས་དངོས་སུ་བཙུགས་པ་དེས་བོད་དབུས་གཙང་ཁུལ་གྱི་སྤྱི་ཚོགས་གནས་བབས་ལ་ཐད་ཀར་ཤུགས་རྐྱེན་ཐེབས་ཡོད་ཅིང་། ལྷག་པར་དུ་སྐབས་དེའི་ཡར་ལུང་ཁུལ་གྱི་གཡའ་བཟང་དང་ཕག་གྲུའི་གནས་སྟངས་ལ་འགྱུར་ལྡོག་བྱུང་སྟེ། གཡའ་བཟང་དེ་བཞིན་ཕག་གྲུ་ལས་ལོགས་སུ་གྱེས་ཏེ་ཁྲི་སྐོར་གཅིག་ཏུ་གྱུར་ཡོད། གཡའ་བཟང་དེ་བཞིན་ཁྲི་སྐོར་གཅིག་ཏུ་གྱུར་ཐུབ་པ་བྱུང་བ་དེར་རང་ངོས་ཀྱི་སྟོབས་འབྱོར་འཕེལ་རྒྱས་བཟང་བའི་རྒྱུ་རྐྱེན་ཡོད་པ་ཕུད། ཡོན་གོང་མས་དབུས་གཙང་ཁུལ་གྱི་ས་ཁོངས་བཅད་བཟུང་དང་འབྲེལ་ཕག་གྲུ་ཁྲི་སྐོར་གྱི་སྟོབས་ཤུགས་ཇེ་ཆེར་འཕེལ་བར་ཚོད་འཛིན་བྱས་པའི་འཐབ་ཇུས་དང་འབྲེལ་བ་ཆེན་པོ་ཡོད། གཞན་ཡང་གཡའ་བཟང་ཆོས་འབྱུང་ནང་བཙན་པོའི་གདུང་རྒྱུད་ལྷ་བུག་པ་ཅན་གྱི་ཁྱིམ་རྒྱུད་ཀྱིས་གཡའ་བཟང་དགོན་པའི་གདན་ས་འཛིན་པའི་སྐོར་བསྟན་ཡོད་པའི་ཁྲོད་གདུང་རྒྱུད་པ་ཞེས་པ་ཞིག་བྱུང་བ་དེ་ནི་གཡའ་བཟང་དགོན་པའི་མཁན་ཐོག་དྲུག་པ་ཚུལ་ཤེར་འོད་ཡིན་ཞིང་། དེ་ལ་འགོས་ལོའི་དེབ་ཐེར་སྔོན་པོ་ཡི་ནང་གདུང་རྒྱུད་པ་བཀྲ་ཤིས་འོད་ཅེས་འཁོད་པས། མཚན་གྱི་འབོད་སྟངས་ཐད་མི་འདྲ་བ་བྱུང་ཡོད། དེབ་ཐེར་སྔོན་པོ་ལྟར་ན། ཁོང་གིས་སྤྱི་ལོ་༡༣༢༣ལོ་ནས་སྤྱི་ལོ་༡༣༥༠ལོའི་བར་གཡའ་བཟང་དགོན་པའི་གདན་ས་མཛད་པ་དང་། དེ་རྗེས་ལྷ་བུག་པ་ཅན་གྱི་མི་རྒྱུད་ཡིན་པ་ལྷ་གྲགས་པ་འོད་(སྤྱི་ལོ་༡༣༥༡ལོ་ནས་སྤྱི་ལོ་༡༤9༤ལོའི་བར་གདན་ས་མཛད་)ལ་གདན་ས་གཏད་ནས་རང་ཉིད་བྱ་བཏང་གི་ཚུལ་དུ་བཞུགས་པ་ཡིན། ཕལ་ཆེར་སྤྱི་ལོ་༡༣༥༠ལོར་གདན་རབས་དྲུག་པ་ཚུལ་ཤེར་འོད་ཀྱིས་གདན་རབས་བདུན་པ་ལྷ་གྲགས་པ་འོད་ལ་གདན་ས་གཏད་པའི་སྐབས་དེ་ཙམ་ལ་གཡའ་བཟང་ནང་ཞིག་གི་དོན་རྐྱེན་ཏེ། གཡའ་བཟང་ཁྲི་སྐོར་གྱི་ཁྲི་ཁང་གནས་སྤོས་བྱས་པའི་དོན་རྐྱེན་དེ་བྱུང་བ་ཡིན་ནམ་སྙམ། སྐབས་དེར་ཁ་ཆེ་དབང་ཐང་བཙན་པའི་གཡའ་བཟང་པའི་མཐོ་རིམ་མི་སྣ་དྲུང་ཆེན་རིན་པོ་ཆེ་ཟེར་བ་སོགས་ཀྱི་ཐེ་ཇུས་ལས་གཡའ་བཟང་པའི་མཐོ་རིམ་སེར་སྐྱ་དབང་སྒྱུར་བའི་དབར་འགལ་ཟླ་བྱུང་སྟེ། མཐར་གཡའ་བཟང་ཁྲི་སྐོར་གྱི་ཁྲི་ཁང་ཡང་གཉལ་ཡུལ་དུ་གནས་སྤོས་བྱ་དགོས་བྱུང་ཡོད། དོན་རྐྱེན་དེ་ནི་གཡའ་ཕག་དབར་གྱི་རྣོ་ངར་ཅན་གྱི་འགལ་བ་དང་ཐད་ཀར་འབྲེལ་བ་ཡོད་པར་གདོན་མི་ཟ།  

ལྔ། བཙན་པོའི་གདུང་རྒྱུད་ལྷ་བུག་པ་ཅན་གྱི་གདུང་རབས་དང་གདུང་རྒྱུད་འགའ་རེའི་མཛད་པའི་སྐོར། 

 ས་བཅད་འདི་ནི་གོང་དུ་བསྟན་པའི་ལྷ་བུག་པ་ཅན་གྱི་ཁྱིམ་རྒྱུད་ཀྱི་ལོ་རྒྱུས་ཁ་སྣོན་ནམ་གསབ་འབྲི་ལྟ་བུར་མཐོང་། ལྷ་བུག་པ་ཅན་ཞེས་པའི་ཁྱིམ་རྒྱུད་དེ་ནི་བཙན་པོའི་གདུང་རྒྱུད་འཁྲུལ་མེད་ཅིག་ཡིན་པས། སྐབས་དེའི་སྤྱི་ཚོགས་ཐོག་ཏུ་གུས་བཀུར་ཚད་མེད་ཐོབ་ཡོད། དེར་བརྟེན་གཡའ་བཟང་ཆོས་འབྱུང་འདིའི་ནང་དུ་ཡང་ལྷ་བུག་པ་ཅན་གྱི་ཁྱིམ་རྒྱུད་དང་གཡའ་བཟང་དབར་གྱི་འབྲེལ་བ། དེ་བཞིན་གཡའ་བཟང་གི་ལོ་རྒྱུས་ཐོག་ཏུ་ཁྱིམ་རྒྱུད་དེའི་གཟི་བརྗིད་དང་སྙན་གྲགས་ཇི་ལྟར་ཡོད་སྐོར་བསྟན་ཡོད། དེ་ཡང་ལྷ་བུག་པ་ཅན་གྱི་ཁྱིམ་རྒྱུད་ཀྱི་ཐོག་མའི་མཆེད་ཁུངས་སྐོར་ལ་ཆོས་འབྱུང་འདི་ལས། ད་ནི་འོད་གསལ་ལྷའི་གདུང་རྒྱུད་དྲི་མ་མེད་པ་རིམ་པར་བྱོན་པ་ལས་འཁྲུངས་ཤིང་།  རིང་ལུགས་གཉིས་ཀྱི་སྒོ་ནས་འགྲོ་བ་རྣམས་ཕན་བདེ་ལ་བཀོད་པར་མཛད་པ། ལྷ་བུག་པ་ཅན་པའི་གདུང་རབས་བྱོན་ཚུལ་བཤད་པར་བྱ་སྟེ། རྗེ་གཉའ་ཁྲི་བཙན་པོའི་གདུང་བརྒྱུད་རིམ་པར་བརྒྱུད་པ་ལས། འོད་སྲུང་དང་ཡུམ་བསྟན་(བརྟན་) ཞེས་གྲགས་པ་འུ་ཞང་རྡོར་བྱོན་པའི་འོད་སྲུང་གི་སྲས་རྗེ་དཔལ་འཁོར་བཙན། དེའི་སྲས་མགོན་སྐྱབས། དེའི་སྲས་རིག་པ་མགོན། དེའི་སྲས་ཁྲི་ལྡེ་མགོན། དེའི་སྲས་ལྡེ་བཙན་མགོན།  དེའི་སྲས་ཡོན་བདག་མགོན། དེའི་སྲས་ཁྲི་ཐོག དེའི་སྲས་ལྷུན་པོ། དེའི་སྲས་ཁྲི་དར། དེའི་སྲས་སོརྣ་བ་ཛ་ཞེས་པ་དེ་ཉིད་བུག་པ་ཅན་དུ་ཕེབས་པ་ཡིན་” ཞེས་ལྷ་བུག་པ་ཅན་གྱི་མི་རྒྱུད་ནི་སྤུ་རྒྱལ་བཙན་པོའི་གདུང་རྒྱུད་ལས་མཆེད་པ་གང་ཞིག བྱེ་བྲག་སྤུ་རྒྱལ་བཙན་པོའི་མཐའ་མ་ཨུ་དུམ་བརྟན་གྱི་སྲས་འོད་སྲུང་ལ་གཏུགས་ཡོད། འོན་ཀྱང་།  ལྡེའུ་ཆོས་འབྱུང་རྒྱས་པ་དང་།  ཉང་ཆོས་འབྱུང་ རྒྱལ་རབས་གསལ་བའི་མེ་ལོང་སོགས་བོད་ཀྱི་ཆོས་འབྱུང་ལོ་རྒྱུས་ཕལ་མོ་ཆེའི་ནང་དུ་དཔལ་འཁོར་བཙན་གྱི་སྲས་ནི་ཁྲི་བཀྲ་ཤིས་བརྩེགས་པ་དང་སྐྱིད་ལྡེ་ཉི་མ་མགོན་གཉིས་ཡིན་པ་ཡོངས་གྲགས་གཅིག་མཐུན་ཡིན་ལ། དེང་སྐབས་རིག་གཞུང་ཞིབ་འཇུག་གི་ཁྱབ་ཁོངས་ཁྲོད་དུའང་གཏན་ཆགས་རང་བཞིན་གྱི་ལྟ་བ་ཞིག་ཏུ་གྱུར་ཡོད། ཁྱད་པར་ལྡེའུ་ཆོས་འབྱུང་རྒྱས་པ་སོགས་ལོ་རྒྱུས་དེབ་ཐེར་གྲགས་ཆེ་བའི་ནང་དུ་ཁྲི་དར་དང་སོརྣ་བཛྲ་ཕ་བུ་རྣམ་གཉིས་ལས་ཡར་ལུང་ཁུལ་གྱི་བཙན་པོའི་གདུང་རྣམས་འཕེལ་ཞེས་བྱུང་བས། དེས་ན་ལྷ་བུག་པ་ཅན་གྱི་གདུང་རྒྱུད་ནི་ཡུམ་བརྟན་གྱི་རྒྱུད་པ་ཡིན་པ་ལས་འོད་སྲུང་གི་རྒྱུད་པ་མིན་པ་གསལ་པོ་ཡིན། གཡའ་བཟང་ཆོས་འབྱུང་ལས་གོང་གི་བཤད་མཚམས་དེར་མཐུད་དེ་སོརྣ་བཛྲ་ཡར་ལུང་བུག་པ་ཅན་དུ་ཕེབས་པའི་སྐོར་ལ། ཁུ་ལྕེ་ནེ་དང་། སྙགས་རྡོག་གེ  ཚེས་སྤོང་རིག་པའི་འབྱུང་གནས་བཅས་གསུམ་གྲོས་བསྡུར་གྱིས་ཡར་ལུང་བུག་པ་ཅན་དུ་རྒྱལ་པོ་ཞིག་གདན་འདྲེན་པར་འཆམ་ཞིང་།  གྲོས་གཞི་དེ་ལ་ཁུ་དང་། སྙགས། མགར། མགོན། སྦ་ལ་སོགས་པའི་རུས་ཚན་ནམ་ཁྱིམ་རྒྱུད་ཆེན་པོ་བཅུ་གསུམ་གྱི་རྒྱབ་སྐྱོར་ཐོབ་སྟེ། མཐར་འུ་ཞང་རྡོ་ནས་སོརྣ་བཛྲ་གདན་དྲངས་ནས་རྒྱལ་པོར་མངའ་གསོལ་ཞེས་བྱུང་། ཆོས་འབྱུང་འདིའི་ནང་འཁོད་པའི་ཁུ་དང་སྙགས་ལ་སོགས་པའི་རུས་ཚན་དེ་དག་ནི་སྤུ་རྒྱལ་དུས་ཀྱི་གཟི་བརྗིད་སྟོབས་ལྡན་གྱི་ཁྱིམ་རྒྱུད་ཤ་སྟག་ཡིན་པར་གོར་མ་ཆག་ཅིང་། བོད་སིལ་བུའི་དུས་སུའང་རང་རང་གི་གནས་ཡུལ་དུ་དབང་གྲགས་ཅན་ཤ་སྟག་ཡིན་གཤིས། དེ་དག་གིས་བཙན་པོའི་གདུང་རྒྱུད་ཅིག་ཡར་ལུང་གི་རྒྱལ་པོར་བཀུར་དོན་ཡང་སྔར་གྱི་བཙན་པོའི་གདུང་རྒྱུད་ཀྱི་གཟི་བརྗིད་དང་སྙན་གྲགས་ལ་བརྟེན་ནས་ཡར་ལུང་ཁུལ་གྱི་སྤྱི་ཚོགས་ལྷིང་འཇགས་དང་སྟོབས་ཤུགས་ཁག་དབར་སྙོམས་སྒྲིག་ཡོང་བའི་དམིགས་ཡུལ་བསྒྲུབ་རྒྱུ་དེ་ཡིན་པར་སྙམ། ལོ་རྒྱུས་དེབ་ཐེར་ཁག་ཏུ་སོརྣ་བཛྲ་ལས་བརྒྱུད་པའི་གདུང་རྒྱུད་ལ་ཡར་སྟོད་བུག་པ་ཅན་ནམ་ཡར་ལུང་བུག་པ་ཅན་ཞེས་གྲགས་ཤིང་། དེ་ཡང་ཡར་ལུང་གི་ཡར་སྟོད་དུ་གཞིས་ཆགས་པས་གནས་ཡུལ་གྱི་མིང་ཁྱིམ་རྒྱུད་ལ་ཐོགས་པ་དང་། བཙན་པོའི་གདུང་རྒྱུད་ཡིན་པའི་ཆ་ནས་མཚན་གྱི་མགོར་ལྷ་ཞེས་ཆེ་བསྟོད་ཀྱི་ཚུལ་དུ་བསྒྲོན་ནས་ལྷ་བུག་པ་ཅན་ཞེས་ཀྱང་འབོད། གཡའ་བཟང་ཆོས་འབྱུང་འདིའི་ནང་ལྷ་བུག་པ་ཅན་གྱི་མི་རབས་རིམ་པར་བྱོན་ཚུལ་གསལ་བ་འདི་ལྟ་སྟེ ༡ སོརྣ་བཛྲ ༢ འབུམ་སྡེ་དཔལ། ༣ གྲ་ལྔ་བསམ་གྲུབ། ༤ གནོད་སྦྱིན་སྐྱབས། ༥ མངའ་བདག་མགོན་ནེ། ༦ མངའ་བདག་མགོན་བརྩོན། ༧ ལྷ་འབུམ་སྡེ་འོད་དང་། ལྷ་ཉི་མ་འོད་། ཤཱཀྱ་དཔལ། ༨ ལྷ་བསོད་ནམས་གྲགས་པ་དང་། བྱམས་པ་འོད། ༩ ཤཱཀྱ་དོན་གྲུབ། ༡༠ རྗེ་སངས་རྒྱས། ༡༡ ཇོ་བོ་ཀུན་དགའ་དང་། སེང་གེ ༡༢ ཇོ་བོ་རིན་ཆེན་དང་། ལྷ་གྲགས་པ་འོད། ལྷ་བཙུན་དཔའ་ཤི། ༡༣ རྒྱལ་ལུ་སྨྱོན་པ་དང་། བསོད་ནམས་བསམ་གྲུབ། ལྷ་གྲགས་པ་བཤེས་གཉེན། ༡༤ དཔལ་གྲགས་པ་མཐའ་ཡས་དང་། རྡོ་རྗེ་རྒྱལ་མཚན་འོད་བཅས་སྔ་རྗེས་སུ་མི་རབས་བཅུ་བཞི་ཙམ་བྱོན་ཡོད། དེའི་ཁྲོད་ཀྱི་ལྷ་འབུམ་སྡེ་འོད་ནི་ཁྱིམ་རྒྱུད་དེ་ལས་བྱུང་བའི་ལྷ་བཙུན་ཐོག་མ་དེ་ཡིན་པ་དང་། ཆོས་མིང་ལ་གོ་ར་གདོང་པ་སངས་རྒྱས་ལྷ་སྒོམ་ཟེར་ཞིང་། གཡའ་བཟང་ཆོས་ཀྱི་སྨོན་ལམ་གྱི་ཐུགས་སྲས་བཞི་ཡི་གྲས་སུ་གཏོགས། ཁོང་གིས་རང་གི་རྩ་བའི་བླ་མ་གཡའ་བཟང་ཆོས་ཀྱི་སྨོན་ལམ་གྱི་ལུང་བསྟན་ལྟར་ཨེ་ཡུལ་དང་གྲུ་ཤུལ་སོགས་སུ་སྒོམ་སྒྲུབ་དང་བཀའ་ཆོས་གནང་བར་ཕེབས་པས། ཡུལ་ལུང་དེ་དག་ནས་དད་བཀུར་བླ་མེད་ཐོབ་སྟེ།  ཕན་ཚུན་དབར་མཆོད་ཡོན་སྦྱིན་བདག་གི་འབྲེལ་ལམ་བཟང་པོ་ཆགས།  དེ་རྗེས་ཁོང་གིས་དེ་གར་གོ་ར་གདོང་བྱ་བའི་དགོན་པ་ཞིག་ཕྱག་བཏབ་པས། དེས་གཡའ་བཟང་བཀའ་བརྒྱུད་པའི་བསྟན་པ་ཡར་ལུང་མཐའ་ཁུལ་གྱི་ས་ཆ་རྣམས་སུའང་དར་སྤེལ་གཏོང་རྒྱུར་ཕན་ནུས་ཆེན་པོ་ཐོན་ཡོད། ལྷ་འབུམ་ལྡེ་འོད་དང་གཡའ་བཟང་ཆོས་ཀྱི་སྨོན་ལམ་ནི་དུས་རབས་བཅུ་གསུམ་པའི་དུས་འགོའི་ནང་དུ་བྱོན་པ་ཞིག་ཡིན་པས། ལྷ་བུག་པ་ཅན་པའི་ཁྱིམ་རྒྱུད་དང་གཡའ་བཟང་དགོན་དབར་དུས་དེ་ཤེད་ནས་འབྲེལ་འདྲིས་བྱུང་ཡོད་པ་རྟོགས་ཐུབ། ཆོས་འབྱུང་འདིར་ལྷ་བཙུན་དཔའ་ཤིའི་སྲས་རྒྱལ་ལུ་སྨྱོན་པ་དང་གྲགས་པ་བཤེས་གཤེན། དེའི་སྲས་གྲགས་པ་མཐའ་ཡས་བཅས་མེས་དབོན་གསུམ་གྱི་ལོ་རྒྱུས་རགས་བསྡུས་ཙམ་ཞིག་བྱུང་བ་ལས་དེ་མིན་གདུང་རྒྱུད་རྣམས་ཀྱི་མཚན་ཙམ་ལས་བགྲངས་མེད་པ་ནི་ཡིད་ཕངས་པའི་གནས་སོ།  

གསུམ་པ། ཆོས་འབྱུང་འདིའི་རིན་ཐང་། 

 དཔེ་རྙིང་བྲིས་མ་འདིའི་དཔྱད་གཞིའི་རིན་ཐང་སྐོར་མདོར་དྲིལ་ན་གཤམ་གསལ་གྱི་ནང་དོན་ཁག་བཞིར་བསྡུ་ཆོག་པར་ཡ་སྟེ། 

 གཅིག་ནི། དཔེ་རྙིང་འདི་ནི་ད་ཕན་བོད་ལྗོངས་ནང་ཁུལ་ནས་རྙེད་སོན་བྱུང་བའི་གཡའ་བཟང་བཀའ་བརྒྱུད་ཀྱི་ལོ་རྒྱུས་འཕེལ་རིམ་འཁོད་པའི་དཔེ་རྙིང་དང་པོ་དེ་ཡིན་པ་དང་། ཆོས་བརྒྱུད་རྐྱང་པའི་ཆོས་འབྱུང་ཞིག་ཡིན་པའི་ཆ་ནས་གཡའ་བཟང་བཀའ་བརྒྱུད་ཀྱི་སྲོལ་གཏོད་པ་པོའི་འཁྲུངས་རབས་ལོ་རྒྱུས་དང་། བསླབ་པ་སློབ་གཉེར་གནང་ཚུལ། གཡའ་བཟང་དགོན་བཞེངས་ཚུལ། གཡའ་བཟང་དགོན་པའི་མཁན་ཐོག་རིམ་བྱོན་གྱི་ཁྲི་བཞུགས་ལོ་ཚིགས་དང་དེ་དག་གི་གལ་ཆེའི་མཛད་རྣམ། གཡའ་བཟང་དགོན་པའི་འཕེལ་འགྱུར་གྱི་གནས་ཚུལ། དེ་བཞིན་བསྟན་པའི་སྙིང་པོ་ཕྱག་རྒྱ་ཆེན་མོའི་བླ་བརྒྱུད་སོགས་ཀྱི་སྐོར་ཅུང་ཟད་གོ་རིམ་དང་ལྡན་པའི་སྔོ་ནས་བཀོད་ཡོད་པས། དེས་མི་རྣམས་ཀྱི་མིག་ལམ་དུ་གཡའ་བཟང་བཀའ་བརྒྱུད་ཀྱི་ལོ་རྒྱུས་འཕེལ་རིམ་ཞིག་གསལ་ལེར་མངོན་ཡོད་པ་མ་ཟད། དུས་རབས་བཅུ་གསུམ་པ་ནས་བཅོ་ལྔ་པའི་བར་གྱི་བོད་ཀྱི་ཆོས་ལུགས་ལོ་རྒྱུས་སྤྱི་དང་། བྱེ་བྲག་གཡའ་བཟང་བཀའ་བརྒྱུད་ཀྱི་གྲུབ་མཐའི་འཕེལ་རིམ་དང་། གཡའ་བཟང་དགོན་པའི་བཞེངས་སྐྲུན་གྱི་ལོ་རྒྱུས།  གདན་རབས་འཕོ་འགྱུར། གདན་ས་རྒྱུན་འཛིན་གྱི་ཁྱད་ཆོས་སོགས་ལ་ཞིབ་འཇུག་བྱ་རྒྱུར་དཔྱད་ཡིག་རིན་ཐང་ཅན་ཞིག་མཁོ་འདོན་བྱས་ཡོད།  

གཉིས་ནི། གཡའ་བཟང་ཆོས་འབྱུང་ཞེས་གཙོ་བོ་གཡའ་བཟང་པའི་ཆོས་ཕྱོགས་ཀྱི་ལོ་རྒྱུས་འཕེལ་རིམ་འཁོད་པའི་ཆོས་འབྱུང་དེབ་ཐེར་ཞིག་ཡིན་མོད། ཆོས་འབྱུང་འདིར་གཡའ་བཟང་ཁུལ་གྱི་སེར་མོ་བ་དང་ཁ་ཆེ་དབང་ཐང་བཙན་པའི་མི་སྣའི་དབར་མཆོད་ཡོན་སྦྱིན་བདག་གི་འབྲེལ་ལམ་བརྒྱུད་ནས་གཡའ་བཟང་པའི་ཆོས་སྲིད་ཟུང་འབྲེལ་གྱི་ཐོག་མའི་རྣམ་པ་ཇི་ལྟར་གྲུབ་ཚུལ་དང་།  ལོ་རྒྱུས་ཐོག་ཏུ་སྔ་རྗེས་སུ་བྱུང་བའི་གཡའ་བཟང་སྟོང་སྐོར་དང་།  གཡའ་བཟང་ཁྲི་སྐོར། དེ་བཞིན་གཡའ་བཟང་པའི་ཆོས་སྲིད་ཟུང་འབྲེལ་གྱི་སྟོབས་ཤུགས་དང་འབྲེལ་འདྲིས་ཟབ་པའི་ལྷ་བུག་པ་ཅན་པའི་ཁྱིམ་རྒྱུད་ཀྱི་སྐོར་སོགས་འཇིག་རྟེན་སྲིད་ལུགས་དང་འབྲེལ་བའི་ལོ་རྒྱུས་ཀྱང་རྒྱས་བཤད་གང་འཚམ་བྱས་ཡོད་པ་དེ་དག་ནི་ལོ་རྒྱུས་ཡིག་ཚང་གཞན་དུ་ཧ་ལམ་མཇལ་དཀོན་པའི་དཔྱད་ཡིག་འབའ་ཞིག་ཏུ་སྣང་བས། ཆོས་འབྱུང་འདི་ཉིད་ནི་གཡའ་བཟང་པའི་ཆོས་སྲིད་ཟུང་འབྲེལ་གྱི་སྟོབས་ཤུགས་འཕེལ་རིམ་དང་ཆོས་སྲིད་དབར་གྱི་འབྲེལ་བ་སོགས་ཀྱི་ཐད་རྟོག་དཔྱོད་བྱ་རྒྱུར་ཤིན་ཏུ་མཁོ་བའི་དཔྱད་གཞི་རིན་ཐང་ལྡན་པ་ཞིག་ཡིན།  

གསུམ་ནི། ལྷ་བུག་པ་ཅན་གྱི་གདུང་རབས་སྐོར་ལ་གཡའ་བཟང་ཆོས་འབྱུང་འདིའི་ནང་སོརྣ་བཛའི་གོང་གི་གདུང་རྒྱུད་འདྲེན་སྟངས་ཐད་ཟང་ཟིང་འཁྲུལ་གཞི་ཅུང་ཟད་བྱུང་བ་ཕུད། སོརྣ་བཛྲ་ནས་བརྒྱུད་པའི་ཡར་སྟོད་ལྷ་བུག་པ་ཅན་གྱི་ཁྱིམ་རྒྱུད་ཀྱི་མི་རབས་རིམ་པར་བྱོན་པ་རྣམས་ནི་ཆ་ཚང་བར་བཀོད་ཡོད་པ་མ་ཟད། ཁྱིམ་རྒྱུད་དེའི་གལ་ཆེའི་མི་སྣ་འགའ་ཞིག་གི་མཛད་འཕྲིན་གཙོ་བོ་ཁག་ཀྱང་བསྟན་ཡོད་པ་དེ་ནི་ད་ཕན་རྙེད་སོན་བྱུང་བའི་ལྷ་བུག་པ་ཅན་གྱི་ཁྱིམ་རྒྱུད་ཀྱི་ལོ་རྒྱུས་ཆ་ཚང་ཤོས་ཤིག་ཏུ་འཁུམས་པས། ང་ཚོས་བཙན་པོ་ཨུ་དུམ་བརྟན་གྱི་གདུང་སྲས་ཡུམ་བརྟན་ནས་བརྒྱུད་པའི་གདུང་རབས་དང་།  ཁྱད་པར་བོད་སིལ་བུའི་དུས་སུ་ཡར་ལུང་ཁུལ་དུ་བཙན་པོའི་མི་རྒྱུད་ཀྱིས་ཁྱིམ་རྒྱུད་རང་བཞིན་གྱི་སྟོབས་ཤུགས་བཙུགས་པའི་སྐོར་སོགས་ལ་ཞིབ་འཇུག་བྱ་རྒྱུར་དཔྱད་གཞི་གལ་ཆེན་ཞིག་མཁོ་འདོན་བྱས་ཡོད། 

 བཞི་ནི། སློབ་དཔོན་པདྨ་འབྱུང་གནས་ཀྱིས་ཡར་ལྷ་ཤམ་པོ་དམ་ལ་བཏགས་པའི་ལྷ་སྒྲུང་དང་། ཕ་སྤྲེལ་རྒན་བྱང་སེམས་དང་མ་བྲག་སྲིན་གཉིས་འདུས་པ་ལས་བོད་མི་བྱུང་ཚུལ་གྱི་ལྷ་སྒྲུང་ནི་གཡའ་བཟང་ཆོས་འབྱུང་འདིར་བཞུགས་པའི་ཆེས་ངོ་མཚར་ཞིང་ཀུན་རྟོག་གི་བསམ་འཁྱེར་ཕུན་སུམ་ཚོགས་པའི་ལྷ་སྒྲུང་གཉིས་ཡིན་ཞིང་།  དེ་གཉིས་གནའ་བོའི་བོད་ཀྱི་ལོ་རྒྱུས་དང་། ལྷག་པར་དུ་ཡར་ལུང་ཤེས་རིག་དང་འབྲེལ་བ་ཤིན་ཏུ་ཟབ་པར་བརྟེན། གཡའ་བཟང་ཆོས་འབྱུང་འདིའི་ནང་དུའང་ལྷ་སྒྲུང་དེ་གཉིས་ཁྱབ་རྒྱ་ཆེ་བའི་ཡར་ལུང་ཤེས་རིག་དང་འབྲེལ་ནས་རྒྱས་གླེང་བྱས་ཡོད་ཅིང་།  དེ་ལས་རྩོམ་པ་པོའི་ས་གནས་བྱེ་བྲག་པའི་ཆོས་འབྱུང་ལོ་རྒྱུས་རྩོམ་འབྲི་བྱེད་པའི་ཐུན་མོང་མ་ཡིན་པའི་ལོ་རྒྱུས་རིག་པའི་འདུ་ཤེས་དང་ལྟ་བ་མངོན་གྱི་ཡོད། དེ་མིན་ལྷ་སྒྲུང་སྔ་མས་ལོ་རྒྱུས་ཀྱི་དུས་སྐབས་མི་འདྲ་བའི་ནང་གཡའ་བཟང་ཁུལ་གྱི་ཡར་ལྷ་ཤམ་པོ་ལས་མངོན་པའི་ལོ་རྒྱུས་རིག་གནས་ཀྱི་མཚོན་དོན་དང་དེའི་གནས་བབས་ཀྱི་འཕེལ་འགྱུར་སོགས་རྟོགས་ཐུབ་ལ། ལྷ་སྒྲུང་ཕྱི་མས་བོད་ཀྱི་འགྲོ་བ་མིའི་རིགས་བྱུང་ཚུལ་ལ་ལྷ་སྒྲུང་དང་དམངས་སྒྲུང་གི་ཤོད་སྟངས་ཁག་གཤིབ་བསྡུར་གྱིས་ཚན་རིག་དང་མཐུན་པའི་སྒོ་ནས་དཔྱད་པ་ཞིབ་འཇུག་བྱ་རྒྱུར་དཔྱད་གཞི་ངེས་ཅན་ཞིག་བསྐྲུན་ཡོད་སྙམ། །

མཆན་འགྲེལ་དང་ལུང་འདྲེན་དཔྱད་ཡིག

①②④⑦⑧⑨⑩⑫⑬མདྒལ། གཡའ་བཟང་ཆོས་འབྱུང་བསྟན་པ་གསལབྱེད་ དཔེ་རྙིང་བྲིས་མ།

འགོས་ལོ་གཞོན་ནུ་དཔལ། དེབ་ཐེར་སྔོན་པོ་  སི་ཁྲོན་མི་རིགས་དཔེ་སྐྲུན་ཁང་།  ༡༩༨༤ལོའི་དཔར་མ། ཤོག་གྲངས། ༧༧༢ནས་༧༧༣བར་ན་གསལ།

གཉའ་གོང་དཀོན་མཆོག་ཚེ་བརྟན། བོད་ཀྱི་བརྡ་རྙིང་ཡིག་ཆ་བདམས་བསྒྲིགས་  ཀྲུང་དབྱང་མི་རིགས་སློབ་ཆེན་དཔེ་སྐྲུན་ཁང་།༡༩༩༥ལོའི་དཔར་མ། ཤོག་གྲངས་༨ནས་༩བར་དུ་གསལ།

ས་སྐྱ་བསོད་ནམས་རྒྱལ་མཚན། རྒྱལ་རབ་གསལ་བའི་མེ་ལོང་ མི་རིགས་དཔེ་སྐྲུན་ཁང་། ༢༠༠༥ལོའི་དཔར་མ། ༥༥ནས་༥༧བར་དུ་གསལ།

ར་གཙང་གཅུང་གསུམ་ནི། ར་མོ་ནང་དང་།  གཙང་ཞལ། གཅུང་ཚོ་བཅས་ས་ཆ་གསུམ་གྱི་བསྡུས་མིང་ཡིན།

39.7K

ཐག་རག་ཡིག་བསྒྱུར་མ་ལག

དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1