གཙོ་ངོས།>> གསར་འགྱུར།>>བོད་འབྲེལ་ས་ཁུལ།

རྩོམ་སྒྲིག་པ།ཚེ་དཔལ། ཡོང་ཁུངས།ཀྲུང་དབྱང་རླུང་འཕྲིན་བརྙན་འཕྲིན་སྤྱི་ཁྱབ་ལས་ཁུངས། སྤེལ་དུས། ༢༠༢༡ལོའི་ཟླ་བ་༡༡ཚེས་༢༥ཉིན།

གེ་སར་སྒྲུང་གྱི་དཔེ་ཁག་ཅིག་པར་བསྐྲུན་འགྲེམ་སྤེལ་བྱས་འདུག


 
       ཉེ་ཆར། མཚོ་སྔོན་ཞིང་ཆེན་གེ་སར་སྒྲུང་སྲུང་སྐྱོབ་ཞིབ་འཇུག་ལྟེ་གནས་ཀྱིས་ལེགས་སྒྲིག་བྱས་པའི་སྒྲུང་དཔེ་རྙིང་པ་དང་སྒྲུང་པའི་སྒྲུང་ཡིག་ལས་སྒྲུང་དེབ་ལྔ་དག་སྒྲིག་བྱས་པ་བརྒྱུད་མཚོ་སྔོན་མི་རིགས་དཔེ་སྐྲུན་ཁང་གིས་པར་བསྐྲུན་འགྲེམས་སྤེལ་བྱས་པ་རེད། དཔེ་ཚོགས་འདི་ནི་རྒྱལ་ཁབ་ཀྱི་དངོས་མིན་རིག་གནས་ཤུལ་བཞག་སྲུང་སྐྱོང་གི་ཆེད་དོན་མ་དངུལ་གྱི་རོགས་སྒྲུབ་ལས་གཞི་ཞིག་ཡིན་པ་རེད། 

       དཔེ་ཚོགས་དེ་《ཧོར་འདུལ་གནམ་ལྕགས་རལ་གྲི》དང་། 《བྱང་ཨ་བསེ་སྲིན་མོའི་འདྲེ་རྫོང་》《འབྲུ་སྲས་བྱང་རོང་བཙན་པོ》 《སྲིན་གླིང་གཡུལ་འགྱེད》《དམུ་གླིང་གཡུལ་འཁྲུག་ཆེན་མོ》 བཅས་སྒྲུང་དེབ་ལྔ་ལས་གྲུབ་པ་དང་། ཁྱོམ་བསྡོམས་ཡིག་འབྲུ་ཁྲི་114ཡོད་ལ། དེ་དག་ནི་དེ་སྔའི་གེ་སར་སྒྲུང་དཔེའི་ཡིག་ཚགས་ཁྲོད་མེད་པའི་རྒྱུ་ཆ་ཡིན་པ་དང་། དེས་གེ་སར་སྒྲུང་གི་ནང་དོན་ཐད་ལ་ཕན་ནུས་ལྡན་པའི་ཁ་གསབ་བྱས་ཡོད་པ་རེད། 
       མཚོ་སྔོན་ཞིང་ཆེན་གེ་སར་སྒྲུང་སྲུང་སྐྱོབ་ཞིབ་འཇུག་ལྟེ་གནས་ཀྱིས་དུས་རབས་གོང་མའི་ལོ་རབས་དགུ་བཅུ་པའི་ལོ་འགོ་ནས་བཟུང་འཆར་གཞི་ཡོད་པ་དང་མ་ལག་ལྡན་པའི་སྒོ་ནས་གེ་སར་སྒྲུང་ཡིག་མྱུར་སྐྱོབ་དང་སྔོག་འདོན། ཟིན་བྲིས་དང་དག་སྒྲིག ཡིག་སྒྱུར་དང་དཔེ་སྐྲུན་སོགས་ཀྱི་ལས་དོན་ལེགས་པོ་བསྒྲུབས་ཤིང་། མིག་སྔའི་བར་སྒྲུང་དཔེ་ལག་བྲིས་མ་དང་ཤིང་དཔར་མ། སྒྲུང་པའི་སྒྲུང་ཡིག་སོགས་དེབ་80ལྷག་འཚོལ་སྡུད་བྱས་ཤིང་། མཚོ་སྔོན་ཞིང་ཆེན་ནང་ཁུལ་གྱི་ཕུལ་བྱུང་སྒྲུང་པའི་སྒྲུང་དེབ་60ལྷག་ལེགས་སྒྲིག་དཔེ་སྐྲུན་བྱས་པ་ཕུད། གེ་སར་སྒྲུང་གི་བྱིས་པའི་རྩོམ་རིག་དཔེ་ཚོགས་ཀྱི་དེབ་10རྩོམ་སྒྲིག་དཔེ་སྐྲུན་དང་། སྒྲུང་དཔེ་18ཡིག་སྒྱུར་དཔེ་སྐྲུན་བཅས་བྱས་ཏེ་གཡུར་ཟའི་གྲུབ་འབྲས་བླངས་ཡོད།

       དཔེ་ཚོགས་འདི་དཔེ་སྐྲུན་བྱས་པ་བརྒྱུད་དམངས་ཁྲོད་ཀྱི་གེ་སར་སྒྲུང་པ་དང་སྒྲུང་ཡིག་སྲུང་སྐྱོབ། རྣམ་པ་གསོན་པོའི་ཚུལ་དུ་གནས་པའི་སྒྲུང་རབས་ཆེན་མོར་མྱུར་སྐྱོབ་རང་བཞིན་གྱི་སྔོག་འདོན་དང་། ལེགས་སྒྲིག དཔེ་སྐྲུན། ཞིབ་འཇུག་བཅས་དང་། དེ་བཞིན་གེ་སར་སྒྲུང་གི་ནང་དོན་ཕུན་སུམ་ཇེ་ཚོགས་སུ་གཏོང་བ་སོགས་ཀྱི་ཐད་ལ་དངོས་ཡོད་ཀྱི་དོན་སྙིང་གལ་ཆེན་ལྡན་ཡོད་པ་རེད།

39.7K

ཐག་རག་ཡིག་བསྒྱུར་མ་ལག

དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1